ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།“‘ནན་གསུམ་དྲང་གསུམ’ལག་ལེན་བྱེད་པའི་ཐད་ངེས་གནས་གནད་འཁེལ་དང་། ཚད་ཤིང་མཐོ་བ། བྱ་སྤྱོད་མྱུར་བ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་ཀྱི་མངག་བཅོལ་ཟབ་མོ་ཆུད་ཟོས་སུ་གཏོང་རྒྱུ་མེད” ཉེ་ཆར། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་མཐོ་ཚད་ཐོག་ནས“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོར་ཐོབ་པའི་གྲུབ་འབྲས་ལ་ཕྱོགས་སྡོམ་གནང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་དུས་བབ་ལ་དབྱེ་ཞིབ་གནང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་སྔར་བས་ཡག་པོ་སྒྲུབ་རྒྱུའི་ཐད་རྒྱས་བཤད་གཏིང་ཟབ་གནང་བ་བཅས་བྱས་པ་དེས་ཐོག་མཐའ་བར་གསུམ་དུ“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་དམ་འཛིན་ཡག་པོ་བྱ་རྒྱུ་དང་རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད།

“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་ནས་ད་བར་ཏང་ནན་སྐྱོང་ལ་གྲུབ་འབྲས་གསར་པ་རབ་དང་རིམ་པ་ཐོབ་ཡོད་མོད། འོན་ཀྱང་། སྤྱོད་ཚུལ་འཛུགས་སྐྱོང་ལ་བསྐྱར་ཟློས་རང་བཞིན་དང་མཁྲེགས་བཟུང་རང་བཞིན་ལྡན་པས་དེ་བས་རིགས་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་པ་བྱེད་དགོས། གྱོད་གཞི་ཆེ་གྲས་ཁ་ཤས་ཀྱི་ཐོག་ནས། ཏང་ཡོན་གཅིག་གི་ཏང་གཤིས་དེ་ཏང་ལོ་མཐོ་རུ་འགྲོ་བ་དང་གོ་གནས་འཕར་བ་དང་བསྟུན་ནས་རང་ཤུགས་ཀྱིས་ཟབ་ཏུ་འགྲོ་བ་ཞིག་མིན་པས་གལ་ཏེ་བློ་སྦྱོང་དང་སྦྱོང་བརྡར་ལ་ཤུགས་སྣོན་མ་བརྒྱབ་ཚེ། དེ་ཉིད་ཞན་དུ་འགྲོ་བ་དང་ཐ་ན་རྦད་དེ་ཉམས་རྒུད་དུ་འགྲོ་སྲིད། “སྤྱོད་ཚུལ་བཞིར”ངོ་རྒོལ་དང་། ཏང་སྲོལ་ཡོ་བསྲང་། རུལ་སུངས་ལ་ངོ་རྒོལ། སྤྱོད་གཙང་དར་སྤེལ་བཅས་ཀྱི་འཐབ་ཇུས་ངེས་ཤུགས་རྒྱུན་འཁྱོངས་དང་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་བྱས་ཚེ། གཞི་ནས་ཏང་གི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་ནམ་ཡང་གནས་ཐུབ་རྒྱུ་མ་ཟད། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་ཐུབ།

ངེས་གནས་གནད་ལ་འཁེལ་ཐུབ་པ་བྱེད་དགོས་ན། གནད་དོན་གཅིག་སྡུད་བྱས་ཏེ་སྣང་བ་གཡེང་རྒྱུ་འགོག་དགོས། ནན་མིན་དྲང་མིན་གྱི་གནད་དོན་བཙལ་འཚོལ་དང་སྤྱོད་ཚུལ་མི་ལེགས་པའི་གནད་དོན་མཐོང་དགོས་ན། གཡོལ་བ་དང་། ཡིབས་པ། ཕྱི་ཚུལ་ཙམ་བཅས་ཀྱི་གནད་དོན་འགོག་ཐུབ་པ་བྱས་ཏེ། གནད་འགག་ཆེ་ས་དམ་འཛིན་དང་། སྐྱོན་ཆ་འཚོལ་བ། ཞན་ཆར་དམིགས་པ། འབེན་ཡོད་སར་མདའ་འཕེན་པ་བཅས་བྱེད་དགོས། འོལ་ཚོད་དང་ཧ་རེ་ཧུ་རེ་བྱས་ན་མི་འགྲིག་ལ། ཆེ་སྐུང་ཆུང་གླེང་དང་ལྗིད་གཡོལ་ཡང་ལེན་བྱས་ན་མི་འགྲིག་པར་ཁ་གསལ་གཏིང་གསལ་དང་ཕྱོགས་མང་གི་བསམ་འཆར་ཉན་པའི་རྣམ་འགྱུར་དང་། ལེགས་ཆ་མྱུར་ལེན་གྱི་རྣམ་འགྱུར། རང་ཉིད་གཅུན་འདོམས་ནན་པོ་བྱེད་པའི་སྙིང་སྟོབས་བཅས་ཀྱི་སྒོ་ནས་དོན་རེ་རེ་བཞིན་གསེད་དཀྲོལ་དང་དབྱེ་ཞིབ་བྱས་ཚེ། གཞི་ནས་གནད་དོན་གྱི་ངོ་བོ་གསལ་རྟོགས་དང་དཀའ་གནད་འཚོལ་ཐུབ་ལ། བསམ་བློར་གཡོ་འགུལ་དང་ཏང་གཤིས་ཟབ་ཏུ་འགྲོ་ཐུབ།

ཚད་ཤིང་མཐོ་པོ་ཡོང་བ་བྱེད་དགོས་ན། ཚད་གཞི་མཐོ་པོ་མཐའ་འཁྱོངས་བྱས་ནས་ཁྲལ་སེལ་སླ་བཅོས་བྱ་རྒྱུ་འགོག་དགོས། དམིགས་ཚད་ནི་ཁ་ཕྱོགས་ཡིན་པ་དང་ཚད་གཞིས་སྤུས་ཚད་གཏན་འཁེལ་བྱེད་པས། ཚད་ཤིང་མཐོ་པོ་ཡོང་བ་བྱེད་པར། གཅིག་ནས་ངེས་པར་དུ་ཏང་ཀྲུང་དབྱང་ལ་ཁ་ཕྱོགས་པའི་འདུ་ཤེས་ཟབ་མོ་ཡོད་དགོས་ལ། བླང་བྱ་ནན་པོ་དང་ཏན་ཏན་ཏིག་ཏིག་གིས་ཆབ་སྲིད་གསལ་པོ་ཤེས་མཁན་ཞིག་བྱེད་དགོས་པ་དང་། གཉིས་ནས་ནན་མིན་དྲང་མིན་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་ནས་འགོ་བཙུགས་ཏེ་བསམ་བློའི་སྤྱོད་ཚུལ་དང་། སློབ་སྲོལ། ལས་ཀའི་སྤྱོད་ཚུལ། འགོ་ཁྲིད་ཀྱི་སྤྱོད་ཚུལ། ལས་བྱེད་པའི་འཚོ་བའི་སྤྱོད་ཚུལ་བཅས་ལེགས་བཅོས་ཧུར་ཐག་བྱས་ནས་ཏང་གི་སྤྱོད་ཚུལ་ཕྱོགས་ཡོངས་ནས་ལེགས་སུ་འགྲོ་བ་བྱེད་དགོས། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་དུས་མཇུག་ཏུ་སླེབས་ཀྱང་། ཚད་གཞི་དེ་བས་དམའ་རུ་མི་གཏོང་བ་དང་། བླང་བྱ་དམ་འཛིན་ནན་པོ། བྱེད་ཐབས་ལྷུག་ཏུ་མི་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ་ཚད་གཞི་མ་ལོན་བར་རྩིས་མི་སྤྲོད་པ་དང་གྲུབ་འབྲས་མ་ཐོབ་བར་འབད་བརྩོན་བྱས་ཚེ། གཞི་ནས་མགོ་ཡོད་མཇུག་མེད་དང་མཐའ་མི་འཁྱོལ་བའི་སྣང་ཚུལ་འགོག་ཐུབ།

“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་ཕན་འབྲས་དེ། གནད་དོན་ཐག་གཅོད་བྱེད་པའི་ཐད་མངོན་པ་བྱེད་དགོས། སྤྱོད་ཚུལ་བཟང་པོ་ནི་ཁ་ཐོག་དང་ཤོག་ཐོག་ཙམ་དུ་མ་ཡིན་པར་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བ་བྱེད་དགོས་པ་མ་ཟད། གནད་དོན་ཐག་གཅོད་ཀྱི་ལག་ལེན་ཁྲོད་དང་རྒྱུན་སྲིང་ལྷོད་མེད་ཀྱི་བྱ་སྤྱོད་ཁྲོད་མངོན་པ་བྱེད་དགོས། བྱ་སྤྱོད་མྱུར་བའི་ཐད། རང་དཔེ་གཞན་སྟོན་བྱས་ཏེ་གཞུང་དོན་སྒེར་དོན་གང་ཡིན་ཡང་། ཏང་གཤིས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་རང་གཅུན་ཐད་ཤུགས་སྣོན་རྒྱག་དགོས་ལ། དཔུང་ཁག་སྣེ་ཁྲིད་ཀྱི་འདུ་ཤེས་ཟབ་མོ་ཡོད་པ་བྱས་ཏེ་བྱ་བར་དོ་དམ་དང་། བསམ་བློ་དང་སྤྱོད་ཚུལ་ལ་དོ་དམ་བྱེད་ཐུབ་པ་དང་། གཉེན་ཉེ་བུ་ཕྲུག་དང་ཉེ་འགྲམ་གྱི་ལས་དོན་མི་སྣར་སློབ་གསོ་ནན་པོ་དང་། དོ་དམ་ནན་པོ། ལྟ་སྐུལ་ནན་པོ་བཅས་བྱེད་དགོས། གལ་འགངས་ཆེ་ཤོས་ནི་ཁ་བཤད་ལག་བསྟར་ཐུབ་པ་དང་དོན་འཁྱོལ་ཡག་ཤོས་ནི་མཐའ་གཅིག་ཏུ་དམ་འཛིན་བྱ་རྒྱུ་དེ་ཡིན། ཁ་ཞེ་མི་མཐུན་པ་འགོག་པ་དང་གཏམ་སྤྱོད་མི་མཐུན་པ་འགོག་ནས་ནན་ལ་ཏན་ཏིག་གི་བླང་བྱ་རྒྱུན་གཏན་ལས་ཀའི་ནང་བཞག་ཚེ། གཞི་ནས་ཕན་འབྲས་དངོས་ཐོན་ལ་མང་ཚོགས་ཀྱི་ཡིད་ཆེས་ཀྱང་ཐོབ་ཐུབ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།