བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོཌ་གོང་འཕེལ་གྱི་འཆར་འགོད་རྩ་གནད། ༥

ཆེད་སྒྲོམ་23པ། གནམ་གཤིས་ཀྱི་འགྱུར་བར་ཁ་གཏད་གཅོག་པའི་གལ་ཆེའི་ལས་གཞི།

01ཐཱན་ཉུང་དང་ནུས་རྒྱུ་བསྲི་ཚགས་བྱེད་པའི་ལས་གཞི།

ཐཱན་ཉུང་གི་གྲོང་ཁྱེར་དང་། སྡེ་གླིང་། སྡེ་ཁུལ་བཅས་ཚོད་ལྟ་སྤེལ་ཡུལ་དུ་བྱས་ནས་ཐག་ཉེ་གཙང་འབུད་ཁུལ་གྱི་དཔེ་མཚོན་ལས་གྲྭ་ལག་བསྟར་དང་གནམ་གཤིས་འགྱུར་བར་འཚམ་པའི་ལས་གཞི་ལག་བསྟར་བྱ་རྒྱུ། བཟོ་ལས་དང་། ཨར་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན། སྤྱི་པའི་ལས་ཁུངས། ཚོང་ལས། དམངས་སྤྱོད་སོགས་ཁྱབ་ཁོངས་ཀྱི་གཙོ་གནད་ནུས་རྒྱུ་བསྲི་ཚགས་ལས་གཞི་ལག་བསྟར་བྱ་རྒྱུ། གན་འཇོག་རྣམ་པའི་ནུས་ཁུངས་དོ་དམ་དང་གློག་ཤུགས་དགོས་མཁོ་དོ་དམ་བྱ་རྒྱུ་གང་མགྱོགས་ཁྱབ་སྤེལ་གཏོང་རྒྱུ།

02ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཀྱི་དཔེ་མཚོན་ལས་གྲྭ།

བཟོ་ལས་ཀྱི་གཏན་འཇགས་ཟོག་རོ་དང་། ཨར་སྐྲུན་གྱི་ཟོག་རོ། མཉམ་ཆགས་གཏེར་ཁ་དང་གཏེར་སྙིགས། ཟ་ཁང་དང་ཐབ་ཚང་གི་ཟོག་རོ། ཞིང་ནགས་ཀྱི་ཟོག་རོ་སོགས་ཕྱོགས་བསྡུས་བེད་སྤྱོད་བྱ་རྒྱུ།

03བསྐྱར་སྤྱོད་ཐོན་ཁུངས་བསྡུ་སྤྱོད་དཔེ་མཚོན་ལས་གཞི།

གྲོང་ཁྱེར་དུ་ཚད་ལྡན་ཅན་གྱི་ཕྱིར་བསྡུའི་ས་ཚིགས་བཟོས་ཏེ། ཆེད་ལས་དབྱེ་གསེད་བཙོ་སྦྱང་ལྟེ་གནས་འཛུགས་རྒྱུ།

04ཞིང་ལས་རྒྱུན་འཁོར་དཔལ་འབྱོར་གྱི་དཔེ་མཚོན་ལས་གཞི།

འདེབས་འཛུགས་ལས་རིགས་དང་། གསོ་ཚགས་ལས་རིགས། གྲོང་གསེབ་ཀྱི་ནུས་རྒྱུ། འདེབས་འཛུགས་ལས་རིགས་བཅས་ཞིང་ལས་རྒྱུན་འཁོར་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱ་རྒྱུ།

05རྒྱུན་འཁོར་དཔལ་འབྱོར་གྱི་དཔེ་མཚོན་གྲོང་ཁྱེར་གཏོད་རྒྱུ།

ལྷ་ས་གྲོང་ཁྱེར་དེ་རྒྱལ་ཁབ་རྒྱུན་འཁོར་དཔལ་འབྱོར་གྱི་དཔེ་མཚོན་གྲོང་ཁྱེར་དུ་འཛུགས་སྐྲུན་བྱ་རྒྱུ།

ཆེད་སྒྲོམ་24པ། གནོད་འགོག་གེགས་སེལ་གྱི་གཙོ་གནད་ལས་གཞི། 

01ཞིང་འབྲོག་ལས་ཐད་ཀྱི་གནོད་འགོག་གེགས་སེལ་མ་ལག

གྲང་ངར་ཆེ་བའི་འབྲོག་ཁུལ་དུ་ཕྱུགས་ཟོག་གི་ལྷས་ར་དང་། རྫོང་རིམ་པའི་ཞིང་འབྲོག་ལས་ཀྱི་གནོད་འགོག་དངོས་ཟོག་གྲབས་གསོག གནོད་འཚེ་ཕོག་སླ་བའི་ཤང་གྲོང་རྡལ་གྱི་ཞིང་འབྲོག་ལས་ཀྱི་གནོད་འགོག་དངོས་རིགས་གསོག་མཛོད། དེ་བཞིན་གནོད་འཚེ་ཉེན་ཟོན་སྔོན་བརྡ་གཏོང་རྒྱུ་དང་འཕྲལ་སྡོམ་མ་ལག་བཅས་འཛུགས་སྐྱོང་བྱ་རྒྱུ།

02སྲོག་ཆགས་ཀྱི་རིམས་འགོག་མ་ལག

སྲོག་ཆགས་ཀྱི་ཚབས་ཆེའི་རིམས་ནད་བྱུང་སྐབས་ཀྱི་འཕྲལ་བསྟུན་དངོས་ཟོག་གྲབས་གསོག་དང་འགྲེམས་སྐྱེལ་སྒྲིག་བཀོད་འཛུགས་སྐྲུན་དང་། འབྲོག་ཁུལ་གྱི་ཆེད་སྤྱོད་རིམས་འགོག་སྒྲིག་བཀོད་འཛུགས་སྐྲུན། ན་ནས་ཤི་བའི་སྲོག་ཆགས་རིགས་གནོད་འཚེ་མེད་པའི་ཐོག་ནས་ཐག་གཅོད་བྱེད་པའི་སྒྲིག་བཀོད་འཛུགས་སྐྲུན། མཐའ་མཚམས་སྲོག་ཆགས་ཀྱི་རིམས་འགོག་སྒྲིག་བཀོད་འཛུགས་སྐྲུན། བདག་མེད་སྲོག་ཆགས་ཀྱི་རིམས་ནད་ཡོང་ཁུངས་ལྟ་དཔྱད་ས་ཚིགས་བཅས་ཡིན།

03ཞོད་ཐན་སྔོན་འགོག་ནུས་པ།

ཞོད་ཐན་སྔོན་འགོག་བྱེད་པའི་དངོས་ཟོག་མཛོད་ཁང་དང་། ཞོད་ཐན་སྔོན་འགོག་བྱེད་པའི་ཉེན་སེལ་བཀོད་འདོམས་མ་ལག ཞོད་ཐན་སྔོན་འགོག་བྱེད་པའི་ཉེན་སེལ་འཕྲུལ་ཆས་བཅས་འཛུགས་སྐྲུན་བྱ་རྒྱུ་དང་། ཞོད་ཐན་སྔོན་འགོག་ཉེན་སེལ་སྦྱོང་བརྡར་སྤེལ་རྒྱུ།

04རྒྱུག་ཆུ་འབྲིང་ཆུང་ཁག་གི་ཆུ་དཔྱད་ལྟ་དཔྱད་མ་ལག

ཆུ་དཔྱད་སྐོར་ཞིབ་རྟེན་གཞི་དང་། གྲོང་ཁྱེར་གྱི་ཆུ་དཔྱད་ལྟ་དཔྱད་ས་ཚིགས། ཆུ་མཛོད(མཚེའུ)ལྟ་དཔྱད་ས་ཚིགས་བཅས་འཛུགས་སྐྲུན་བྱ་རྒྱུ་དང་། ཆུ་དཔྱད་ས་ཚིགས་རིམ་སྤོར་བསྒྱུར་བཀོད་བྱ་རྒྱུ། བོད་ཀྱི་རྒྱལ་ཁབ་ཆུའི་ཐོན་ཁུངས་ཀྱི་ལྟ་སྡོམ་ནུས་པ་ཁག་གཉིས་པ་འཛུགས་སྐྲུན་བྱ་རྒྱུ། འཐུང་ཆུའི་ཆུ་རྩ་ཡོད་སར་ལྟ་དཔྱད་བྱ་རྒྱུ།

05གནམ་གཤིས་གནོད་འཚེའི་ཉེན་ཟོན་སྔོན་བརྡའི་ནུས་པ།

གནོད་འཚེའི་རང་བཞིན་གྱི་གནམ་གཤིས་སྔོན་ཚུད་ནས་ཉེན་བརྡ་གཏོང་རྒྱུ་དང་། གནམ་གཤིས་སྔོན་དཔྱད་དང་ཚོད་སྐོར། གནམ་གཤིས་འཕྲིན་གཏོང་དང་དྲ་རྒྱའི་མ་ལག གནམ་གཤིས་གོ་མཚོན་ལག་རྩལ་འགན་སྲུང་མ་ལག སྲུང་སྐར་རྒྱང་ཚོར་དང་མི་ཐབས་ཀྱི་གནམ་གཤིས་སྟངས་འཛིན་བྱེད་ནུས་འཛུགས་རྒྱུ་བཅས་ཡིན།

06ཡོམ་འགོག་གེགས་སེལ་མ་ལག

ས་ཡོམ་གྱི་སྔོན་དཔྱད་སྔོན་བརྡའི་རྨང་གཞིའི་འཛུགས་སྐྲུན་དང་། ས་ཡོམ་གནོད་འཚེ་སྔོན་འགོག་བྱེད་པའི་རྨང་གཞིའི་འཛུགས་སྐྲུན། འཕྲལ་བསྟུན་རོགས་སྐྱོབ་རྣམ་གྲངས་བཅས་ཡིན།

07ནགས་ཚལ་མེ་ཟོན་དང་གནོད་ཅན་སྐྱེ་དངོས་འགོག་བཅོས་བྱ་རྒྱུ།

མེ་སྐྱོན་རྒྱང་ལྟའི་ལྟ་དཔྱད་ཉེན་ཟོན་ནུས་པ་ཆེ་རུ་གཏོང་རྒྱུ་དང་ནགས་ལས་གནོད་ཅན་སྐྱེ་དངོས་འགོག་བཅོས་ལས་གཞི།

08ས་གཤིས་གནོད་འཚེ་འགོག་བཅོས་བྱ་རྒྱུ།

ས་གཤིས་གནོད་འཚེ་ཐོན་སླ་ཁུལ་གྱི་ས་གཤིས་གནོད་འཚེ་ལྟ་དཔྱད་ཉེན་ཟོན་དང་མཉམ་དཔྱད་མཉམ་འགོག་ནུས་པ་ཆེ་རུ་གཏོང་རྒྱུ་དང་། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུད་ཀྱི་ས་གཤིས་གནོད་འཚེ་བཅོས་སྐྱོང་བྱ་རྒྱུ་དང་། རི་མཐོ་རོང་ཁུལ་གྱི་ས་གཤིས་གནོད་འཚེ་ཕོག་ཁུལ་རིགས་ཆེད་དམིགས་གནས་སྤོས་བྱ་རྒྱུ།

09དམངས་སྲིད་ཀྱི་གེགས་སེལ་སྒྲིག་བཀོད།

ཁུལ་ཁོངས་རང་བཞིན་དང་། རྫོང(ཆུད)དང་ཤང(གྲོང་རྡལ) གྲོང་ཚོ་བཅས་རིམ་པ་གསུམ་གྱི་གནོད་འགོག་གེགས་སེལ་དངོས་ཟོག་གྲབས་གསོག་མཛོད་ཁང་དང་། ས་གནས(གྲོང་ཁྱེར)དང་རྫོང(ཆུད)གི་ཉེན་གཡོལ་བྱེད་ས། རང་སྐྱོང་ལྗོངས་དང་ས་གནས(གྲོང་ཁྱེར)རྫོང(ཆུད)བཅས་རིམ་པའི་གནོད་འགོག་འཕྲལ་སྡོམ་བཀོད་འདོམས་ལས་སྟེགས་བཅས་སྐྲུན་རྒྱུ།

ས་བཅད་གསུམ་པ། ཁོར་ཡུག་བཅོས་སྐྱོང་གི་རྨང་གཞིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ།

གཏེར་ཁ་བསྔོག་འདོན་དང་གསར་སྤེལ་བྱ་རྒྱུའི་རང་སྐྱོང་ལྗོངས་སྲིད་གཞུང་གི“སྨྱུག་གཅིག་མའི”ཆོག་མཆན་སྤྲོད་པའི་ལམ་ལུགས་དང་། ཁོར་ཡུག་སྲུང་སྐྱོང་ཐད་ཀྱི“སྤ་སེ་གཅིག་གིས་ཕྲུ་སློག་གཏོང་བའི”ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་གཏེར་ཁའི་ཐོན་ཁུངས་གསར་སྤེལ་གྱི་བཀག་རྒྱ་གསལ་ཐོའི་དོ་དམ་ལམ་ལུགས་ལག་བསྟར་བྱ་རྒྱུ། འཆར་འགོད་དང་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་ཤུགས་རྐྱེན་ལ་གདེང་འཇོག་བྱེད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱ་རྒྱུ། ལྗོངས་ཡོངས་སུ་གཅིག་གྱུར་གྱི་འབྱུང་ཁམས་ཁོར་ཡུག་ལྟ་དཔྱད་དྲ་རྒྱ་དང་དུས་བསྟུན་དྲ་ཐོག་གི་ཁོར་ཡུག་ལྟ་སྡོམ་མ་ལག་བཙུགས་ནས་ཁོར་ཡུག་ཆ་འཕྲིན་ཡོངས་བསྒྲགས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ལྗོངས་ཡོངས་སུ་ཁོར་ཡུག་གི་ལྟ་དཔྱད་དང་ལྟ་བཤེར་ཁྲིམས་སྒྱུར་བཅས་ཀྱི་ཐད་ཀའི་དོ་དམ་དང་ས་གནས་གྲོང་ཁྱེར་གྱི་ཁོར་ཡུག་སྲུང་སྐྱོང་ལས་ཁུངས་སྒྱུར་བཅོས་བྱ་རྒྱུར་སྐུལ་སྤེལ་གཏོང་རྒྱུ་དང་། དྲ་མིག་ཅན་གྱི་ཁོར་ཡུག་ལྟ་སྡོམ་དང་ཁོར་ཡུག་སྲུང་སྐྱོང་ནན་པོ་བྱེད་པའི་ཁྲིམས་སྒྱུར་ལས་ཁུངས་བཙུགས་ནས་ཁོར་ཡུག་སྲུང་སྐྱོང་ཐད་ཕྱོགས་ཡོངས་ནས་དཔྱད་ཞིབ་བྱ་རྒྱུ་དང་། ཁོར་ཡུག་སྲུང་སྐྱོང་བྱེད་པའི་འགན་འཁྲི་བདའ་འདེད་གཏོང་རྒྱུ།

ལེའུ་སོ་གཉིས་པ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་གཅོག་རྒྱུ།

གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་གཅོག་རྒྱུ་དེ་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་གལ་ཆེའི་ཐབས་ཇུས་ཤིག་ལ་བརྩིས་ནས་གནམ་གཤིས་འཕྲོད་སྦྱོར་བྱ་རྒྱུར་དམིགས་སུ་བཀར་བ་དང་། འབྱུང་འཕྲོད་ངང་གོང་འཕེལ་གཏོང་རྒྱུ། དམངས་ཡོངས་ཞུགས་པ་བཅས་རྒྱུན་འཁྱོངས་བྱས་ཏེ། གནམ་གཤིས་འགྱུར་ལྡོག་གིས་ནུས་ཁུངས་གྲོན་ཆུང་དང་། འབྱུང་ཁམས་འཛུགས་སྐྱོང་། ཁོར་ཡུག་སྲུང་སྐྱོང། གནོད་འགོག་གེགས་སེལ་བཅས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་གནམ་གཤིས་འཚམ་འཕྲོད་རང་བཞིན་གྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ།

ས་བཅད་དང་པོ། གནམ་གཤིས་འགྱུར་ལྡོག་དང་འཕྲོད་པའི་ནུས་པ་ཆེ་རུ་གཏོང་རྒྱུ།

བོད་ལྗོངས་ས་མཐོའི་གནམ་གཤིས་འགྱུར་ལྡོག་ལ་ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། གཞི་རིམ་གནམ་གཤིས་ལས་ཁུངས་དང་ཕྱོགས་བསྡུས་ལྟ་དཔྱད་དྲ་རྒྱ་འཐུས་ཚང་བཙུགས་ནས་གནམ་གཤིས་འགྱུར་ལྡོག་ལ་ལྟ་དཔྱད་བྱ་རྒྱུ་དང་ཁ་གཏད་གཅོག་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ། མི་ཐབས་ལ་བརྟེན་ནས་གནམ་གཤིས་འགྱུར་བ་གཏོང་བའི་རྨང་གཞིའི་ནུས་པ་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པས་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་དང་། ཆུའི་ཐོན་ཁུངས། ནགས་ཚལ་ཁེབས་ཚུལ། མིའི་བདེ་ཐང་སོགས་ཀྱི་ཁྱབ་ཁོངས་སུ་ཐོན་པའི་ཤུགས་རྐྱེན་ལ་ཚོད་སྐོར་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། འཁྱགས་ས་དང་། འཁྱགས་རོམ། དེ་བཞིན་ཡུན་རིང་གི་གངས་གསོག འཁྱགས་མཚོ་སོགས་གལ་ཆེའི་འབྱུང་ཁམས་བརླན་གཤེར་ནུས་ཁུལ་ལ་ལྟ་དཔྱད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཐོན་སྐྱེད་ནུས་ཤུགས་ཁྱབ་ཚུལ་དང་། རྨང་གཞིའི་སྒྲིག་བཀོད། གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་བཅས་ཀྱི་ཁྲོད་གནམ་གཤིས་ཤུགས་རྐྱེན་ལ་བསམ་གཞིགས་གང་ལེགས་དང་འཛུགས་སྐྲུན་འཆར་བཀོད་ཀྱི་ཚད་གཞི་ལེགས་བཅོས་དང་ཞིབ་འཇུག་བྱ་རྒྱུ། དམིགས་བསལ་གནམ་ངན་དང་གནམ་གཤིས་དོན་རྐྱེན་ལ་ལྟ་དཔྱད་དང་། སྔོན་བརྡ། སྔོན་འགོག་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། འཚམ་འཕྲོད་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་དང་། ཞིང་ལས། འབྲོག་ལས། ནགས་ལས། ཆུའི་ཐོན་ཁུངས་སོགས་གཙོ་གནད་ཁྱབ་ཁོངས་དང་འབྱུང་ཁམས་ཉམས་ཞན་ས་ཁུལ་གྱི་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་ནུས་ཆེ་རུ་གཏོང་རྒྱུ།

ས་བཅད་གཉིས་པ། ཐཱན་ཉུང་རྒྱུན་འཁོར་གྱི་གོང་འཕེལ་ལ་སྐུལ་སྤེལ་གཏོང་རྒྱུ།

ནུས་རྒྱུ་བསྲི་ཚགས་ཀྱི་ཐཱན་ཉུང་འཛུགས་སྐྱོང་ལས་གཞི་ཤུགས་ཆེན་སྤེལ་ནས་རྒྱལ་ཁབ་ཀྱི་ཐག་ཉེ་སར་ཐཱན་རྒྱུ་གཙང་འབུད་ཁུལ་གྱི་དཔེ་མཚོན་ལས་གཞི་ལག་བསྟར་བྱ་རྒྱུ། དྲོད་ཁང་གི་རླུང་ཁམས་བཤེར་རྩིས་དང་བསྡོམས་རྩིས་རྒྱག་པའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། འཛུགས་སྐྲུན་རྒྱུ་ཆ་སོགས་ཐཱན་ཟད་ལས་རིགས་དྭངས་གཙང་ཐོན་སྐྱེད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་སྦགས་བཙོག་ཉུང་དུ་འགྲོ་བ་བྱ་རྒྱུ། ནུས་རྒྱུ་བསྲི་ཚགས་ཀྱི་ཁྲིམས་སྲོལ་དང་ཚད་གཞི་ནན་པོ་བཟོས་ཏེ་ནུས་རྒྱུ་བསྲི་ཚགས་ཀྱི་ཚོད་སྐོར་དང་ནུས་རྒྱུ་བསྲི་ཚགས་ཀྱི་ལྟ་བཤེར་ལ་ཤུགས་སྣོན་རྒྱག་རྒྱུ། འབྱུང་འཕྲོད་དང་དྭངས་གཙང་གི་ཐོན་སྐྱེད་བྱ་རྒྱུ་ཕྱོགས་ཡོངས་སུ་ཁྱབ་སྤེལ་བཏང་ནས། ཟད་གྲོན་ཆེ་ཞིང་བཙོག་སྐྱོན་ཆེ་བའི་རྣམ་གྲངས་ནང་འདྲེན་བྱེད་པར་བཀག་འགོག་དང་། རྗེས་ལུས་ཀྱི་ཐོན་ནུས་ཕན་མེད་དུ་བཏང་ནས་ཁེ་ལས་ཀྱི་བཟོ་རྩལ་སྒྲིག་ཆས་རིམ་སྤོར་སྒྱུར་བཀོད་བྱ་རྒྱུར་སྐུལ་མ་གཏོང་རྒྱུ། གློག་ཤུགས་དང་ཨར་སྐྲུན་རྒྱུ་ཆའི་ལས་རིགས་ཁྲོད་ཐཱན་གྱི་བཙོག་སྐྱོན་ཚོད་འཛིན་ནུས་ལྡན་བྱ་རྒྱུ། འབྱུང་འཕྲོད་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་ནས་ཁོར་ཡུག་སྦགས་བཙོག་ཐེབས་རིགས་ཀྱི་བཙན་ཤེད་འགན་བཅོལ་ལམ་ལུགས་འཛུགས་རྒྱུ། རྒྱུན་འཁོར་དཔལ་འབྱོར་གྱི་དཔེ་མཚོན་བྱ་སྤྱོད་ལ་སྐུལ་སྤེལ་བཏང་ནས་ཁེ་ལས་རྒྱུན་འཁོར་ཐོན་སྐྱེད་དང་། ཐོན་ལས་རྒྱུན་འཁོར་སྡེབ་སྒྲིག སྡེ་གླིང་རྒྱུན་འཁོར་གྱི་སྒྱུར་བཀོད་བཅས་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཐོན་སྐྱེད་ཁོངས་གཏོགས་དང་འཚོ་བའི་ཁོངས་གཏོགས་རྒྱུན་འཁོར་སྦྲེལ་མཐུད་ཡོང་བར་སྐུལ་འདེད་གཏོང་རྒྱུ། ཆ་རྐྱེན་འཛོམས་པའི་གྲོང་ཁྱེར་དུ་འཚོ་བའི་གད་སྙིགས་རིགས་དབྱེ་གཙང་སེལ་དང་བསྐྱར་སྐྱེས་ཐོན་ཁུངས་བསྡུ་སྤྱོད་བྱ་རྒྱུ། དམངས་ཡོངས་ཀྱིས་ནུས་རྒྱུ་བསྲི་ཚགས་བྱེད་པའི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་ཏེ་ནུས་རྒྱུ་བསྲི་ཚགས་ལག་རྩལ་དང་ནུས་རྒྱུ་བསྲི་ཚགས་ཀྱི་ཐོན་རྫས་ཁྱབ་གདལ་གཏོང་རྒྱུ། ནུས་རྒྱུ་གསར་པའི་རླངས་འཁོར་ཁྱབ་གདལ་དང་བེད་སྤྱོད་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ། གྲོང་མིས་ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་སྒྲུབ་བྱེད་པར་སྐུལ་མ་གཏོང་རྒྱུ། འབྱུང་འཕྲོད་ཨར་སྐྲུན་བྱ་སྤྱོད་དང་དམངས་ཡོངས་ཀྱིས་གྲོན་ཆུང་བྱེད་པའི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་ནས་ཚང་མ་འབྱུང་འཕྲོད་ལྡན་པའི་འཚོ་བ་སྐྱེལ་རྒྱུར་ཁྲིད་སྟོན་གྱིས་ཐཱན་ཉུང་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུར་སྐུལ་སྤེལ་གཏོང་རྒྱུ་དང་། ཐཱན་ཉོ་འཚོང་བྱ་རྒྱུར་སྐུལ་སྤེལ་བཏང་ནས་ཐཱན་འདུས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ།

ལེའུ་སོ་གསུམ་པ། གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ།

སྲིད་གཞུང་གི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་དང་། ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་ཧུར་ཐག་བྱས་ཏེ་ཕྱོགས་ཡོངས་ནས་ཕྱོགས་བསྡུས་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ནུས་པ་ཆེ་རུ་བཏང་ཐོག་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ།

ས་བཅད་དང་པོ། གནོད་འཚེའི་འགོག་ཟོན་ནུས་ཤུགས་ཆེ་རུ་གཏོང་རྒྱུ།

རང་བྱུང་གནོད་འཚེར་ལྟ་དཔྱད་ཚད་ལེན་དང་སྔོན་བརྡ་གཏོང་བའི་མ་ལག་གང་མགྱོ གས་འཛུགས་རྒྱུ་དང་། རང་བྱུང་གནོད་འཚེར་ལྟ་དཔྱད་ཚད་ལེན་བྱེད་པའི་དྲ་རྒྱ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་གནམ་གཤིས་དང་། ཆུ་དཔྱད་དང་། ས་ཡོམ། ས་གཤིས། ཞིང་འབྲོག་ལས། བདག་མེད་སྲོག་ཆགས་ཀྱི་ནད་ཡམས་འབྱུང་ཁུངས་སོགས་ལ་ལྟ་དཔྱད་བྱ་རྒྱུ་དང་ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ། གནོད་འགོག་གེགས་སེལ་གྱི་ཆ་འཕྲིན་ཐོབ་ལམ་དང་བྱ་ཐབས་རྒྱ་སྐྱེད་བཏང་སྟེ་གནོད་འགོག་གེགས་སེལ་གྱི་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། གནོད་འགོག་གེགས་སེལ་གྱི་ཆ་འཕྲིན་དོ་དམ་དང་ཞབས་ཞུ་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་རྒྱུ། ཞོད་ཐན་འགོག་ཟོན་དང་། ས་ཡོམ་འགོག་ཟོན། གྲང་ངར་འགོག་ཟོན། ནགས་ཚལ་དང་རྩྭ་རའི་མེ་ཟོན། ནད་འབུའི་གནོད་འཚེ་འགོག་བཅོས་སོགས་བྱེད་པའི་གནོད་འགོག་གེགས་སེལ་གྱི་གཙོ་རྐང་ལས་གཞི་ལག་བསྟར་བྱས་ཏེ། རྒྱུག་ཆུ་འབྲིང་ཆུང་བཅོས་སྐྱོང་དང་ཉེན་ཆེའི་ཆུ་མཛོད་ཀྱི་ཉེན་ཁ་སེལ་རྒྱུ། གནོད་འཚེ་ཐོན་སླ་བའི་ས་ཁུལ་གྱི་འབྱུང་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུ་དང་། རང་བྱུང་གནོད་འཚེའི་རྐྱེན་རྩ་ཐོན་ཁུལ་བཅོས་སྐྱོང་དང་ཡུལ་མི་གནས་སྤོས་གཡོལ་ཐབས་གང་མགྱོ གས་ལག་བསྟར་བྱ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཨར་སྐྲུན་དང་སྤྱི་པའི་སྒྲིག་བཀོད་ཀྱི་གནོད་འགོག་གེགས་སེལ་ནུས་པ་ཤུགས་ཆེར་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་བྲོས་འགྲེམ་བྱེད་ས་དང་། ཉེན་གཡོལ་བྱེད་ས། གེགས་སེལ་དངོས་ཟོག་གྲབས་གསོག་བཅས་གང་མགྱོ གས་འཛུགས་སྐྲུན་བྱས་ཏེ་གེགས་སེལ་དངོས་ཟོག་དང་འཕྲལ་བསྟུན་མཁོ་ཆས་ཀྱི་འགན་སྲུང་ཐུབ་ཚད་མཐོ་རུ་གཏོང་རྒྱུ།

ས་བཅད་གཉིས་པ། གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ།

རིམ་ཁག་སྲིད་གཞུང་གིས་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ཕྱོགས་བསྡུས་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། སྡེ་ཚན་གྱིས་མཉམ་སྒྲུབ་དང་གོང་འོག་མཉམ་འགུལ། སྤྱི་ཚོགས་ཐེ་ཞུགས། འགན་བགོས་མཉམ་ལས་བཅས་ཀྱི་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་འཐབ་ཇུས་དང་འཁོར་རྒྱུག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་ཐད་མ་དངུལ་གཏོང་རྒྱུ་དང་། ཆ་འཕྲིན་མཉམ་སྤྱོད། བསྡུ་སྤྱོད་སྐྱོང་གསབ། སྤྱི་ཚོགས་སྐུལ་སློང་སོགས་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་བྱས་འབྲས་ལ་དཔྱད་ཞིབ་ཚོད་སྐོར་དང་འགན་འཁྲི་བདའ་འདེད་གཏོང་བའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཕྱོགས་བསྡུས་ཅན་གྱི་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་སྒྲིག་སྲོལ་དང་ལམ་སྲོལ་ཞིག་ཆགས་པ་བྱ་རྒྱུ། རིམ་རིགས་ཁག་གི་གེགས་འགོག་གེགས་སེལ་གྱི་སྔོན་ཇུས་བཟོ་རྒྱུའི(བཟོ་བཅོས)ལས་ཀར་ཤུགས་སྣོན་བརྒྱབ་སྟེ་གནོད་འཚེའི་འཕྲལ་སྡོམ་དང་ལེན་བྱེད་ནུས་ཆེ་རུ་གཏོང་རྒྱུ། གནོད་འཚེའི་འགན་བཅོལ་ལམ་ལུགས་འཐུས་ཚང་བཟོས་ནས་གནོད་འཚེ་ཚབས་ཆེན་གྱི་འགན་བཅོལ་ཚོད་ལྟ་སྤེལ་རྒྱུ། གནོད་འགོག་གེགས་སེལ་ཐད་ཀྱི་ཆེད་ལས་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་རྒྱུ་དང་། གནོད་འགོག་གེགས་སེལ་ཤེས་བྱ་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རང་བྱུང་གནོད་འཚེའི་འཕྲལ་བསྟུན་ནང་སྦྱོང་བྱས་ནས། སྤྱི་དམངས་ཀྱི་གནོད་འགོག་གེགས་སེལ་བྱེད་སེམས་ཤུགས་ཆེར་གཏོང་རྒྱུ།

ས་བཅད་གསུམ་པ། གནོད་འཚེ་ཕོག་ཁུལ་ཉམས་གསོ་བསྐྱར་སྐྲུན་བྱ་རྒྱུར་སྐུལ་སྤེལ་གཏོང་རྒྱུ།

“4·25”ནེ་པ་ལར་ས་ཡོམ་རྒྱག་སྐབས་ཀྱི་བོད་ཀྱི་གནོད་འཚེ་ཕོག་ཁུལ་ལ་གནོད་འཚེའི་རྗེས་ཀྱི་ཕྱོགས་ཡོངས་ནས་ཉམས་གསོ་བསྐྱར་སྐྲུན་བྱ་རྒྱུར་སྐུལ་སྤེལ་བཏང་སྟེ། གནོད་འཚེ་ཕོག་ཁུལ་ཉམས་གསོ་བསྐྱར་སྐྲུན་བྱ་རྒྱུ་དེ་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་དབྱེ་བའི་གལ་ཆེའི་བགྲོད་ལམ་སྐྲུན་རྒྱུ་དང་། རྣམ་གསར་གྲོང་ཁྱེར་གྲོང་རྡལ་དང་དབུལ་སྒྲོལ་འགག་སྒྲོལ་སོགས་བྱ་རྒྱུར་སྐུལ་སྤེལ་གཏོང་རྒྱུ་སོགས་ཀྱི་དམིགས་ཚད་ལས་འགན་དང་ཟུང་འབྲེལ་བྱས་ཏེ། གནོད་འཚེ་ཕོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་བར་མཐོངས་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བཟོ་རྒྱུ་དང་། གནོད་འཚེ་ཕོག་ཁུལ་གྱི་ཡུལ་མིའི་སྡོད་ཁང་གང་མགྱོགས་སླར་གསོ་བསྐྱར་སྐྲུན་ཐུབ་པ་བྱ་རྒྱུ། འགྲིམ་འགྲུལ་དང་། འཕྲིན་གཏོང་། གློག་ཤུགས། དེ་བཞིན་ཚོང་དོན་སོགས་རྨང་གཞིའི་སྒྲིག་བཀོད་བསྐྱར་སྐྲུན་ལས་གཞི་ལག་བསྟར་བྱས་ཏེ་གནོད་འཚེ་ཕོག་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། གནོད་འཚེས་རྐྱེན་པས་རྨས་སྐྱོན་ཕོག་པ་དང་དབང་སྐྱོན་ཆགས་པའི་མི་སྣ་བཀོད་སྒྲིག་ལུགས་མཐུན་བྱ་རྒྱུ། ཁྱད་ལྡན་ལེགས་ཆའི་ཐོན་ལས་སླར་གསོ་དང་གོང་འཕེལ་བཏང་ཐོག་གནོད་འཚེ་ཕོག་པའི་རང་བྱུང་འབྱུང་ཁམས་ཉམས་གསོ་ཐུབ་པ་བྱས་ནས་ལེགས་ཤིང་མྱུར་བའི་སྒོ་ནས་མཛེས་སྡུག་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་གསར་པ་བསྐྱར་སྐྲུན་བྱ་རྒྱུ།

ལེ་ཚན་དགུ་པ། སེམས་ཤུགས་གཅིག་ཏུ་འགྲིལ་ནས་ཞི་མཐུན་གོང་འཕེལ་གྱི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ།

མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེ་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩིས་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་། ཆོས་ལུགས་འཆམ་མཐུན་ཡོང་བར་སྐུལ་འདེད། སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་སྒྲིག་སྲོལ་གསར་གཏོད། མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་བསྡུས་བཅས་བྱས་ཏེ་ཞི་མཐུན་བོད་ལྗོངས་མཉམ་དུ་བསྐྲུན་རྒྱུ།

ལེའུ་སོ་བཞི་པ། མི་རིགས་ཁག་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ།

མི་རིགས་མཐུན་སྒྲིལ་བྱ་རྒྱུ་དེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་ལེགས་སུ་བཏང་སྟེ་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུ།

ས་བཅད་དང་པོ། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ།

མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་དང་མི་རིགས་ལས་དོན་ལ་ཁྲིམས་བཞིན་དོ་དམ་བྱས་ཏེ་བཅའ་ཁྲིམས་ཚད་བཅད་ནང་དང་ཁྲིམས་སྐྱོང་བགྲོད་ལམ་ཐོག་མི་རིགས་ཀྱི་རྐྱེན་རྩ་དང་འབྲེལ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་དང་། མི་རིགས་ཁག་གི་མི་དམངས་ཀྱི་དམངས་གཙོའི་ཁེ་དབང་འགན་སྲུང་གང་ལེགས་བྱས་ཏེ་མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་ཁར། མི་རིགས་ཀྱི་ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་གོང་འཕེལ་བཅས་ཡོང་རྒྱུར་སྐུལ་སྤེལ་གཏོང་རྒྱུ།

ས་བཅད་གཉིས་པ། ཀྲུང་ཧྭ་མི་རིགས་ནི་ཐུན་མོང་གི་ཚོགས་པ་ཞིག་ཡིན་པའི་འདུ་ཤེས་སྲ་བརྟན་དང་ཟབ་ཏུ་གཏོང་རྒྱུ།

མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དང་འཛུགས་སྐྱོང་བྱེད་སྒོ་རྒྱ་ཁྱབ་སྤེལ་ནས་ལས་ཁུངས་དང་། ཤང་གྲོང་། སྡེ་ཁུལ། སློབ་གྲྭ། ཁེ་ལས། དམག་སྒར། དགོན་སྡེ་བཅས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དང་འཛུགས་སྐྱོང་བྱེད་སྒོ་སྤེལ་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འཛུགས་སྐྱོང་བྱེད་སྒོའི་དཔེ་སྟོན་ཚན་པ་འཛུགས་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཕན་ཚུན་བསྒར་རྒྱན་ལྟ་བུའི་སྤྱི་ཚོགས་ཀྱི་སྒྲིག་གཞི་དང་སྡེ་ཁུལ་གྱི་ཁོར་ཡུག་རྒྱ་ཁྱབ་སྐྲུན་ཏེ་ལས་བྱེད་པ་དང་མང་ཚོགས་ཀྱི“སྐད་གཉིས”སློབ་གསོར་ཤུགས་སྣོན་རྒྱག་རྒྱུ། མི་རིགས་ཁག་གི་མང་ཚོགས་ཚོས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་ཆེ་རུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་སྟོབས་ཤུགས་དང་བློ་རིག་གཅིག་ཏུ་འདུས་ནས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུ།

ལེའུ་སོ་ལྔ་པ། ཏང་གི་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུ།

ཆོས་ལུགས་ལས་དོན་དང་། དགོན་སྡེའི་ལས་དོན། གྲྭ་བཙུན་ལས་དོན་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ཆོས་ལུགས་ཞི་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་འཆམ་མཐུན་བཅས་ཡོང་རྒྱུར་སྐུལ་སྤེལ་བཏང་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུ།

ས་བཅད་དང་པོ། ཆོས་དད་རང་མོས་ལ་བརྩི་འཇོག་གང་ལེགས་བྱ་རྒྱུ།

ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་དང་རྒྱལ་ཁབ་ཀྱིས་ཆོས་དོན་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཆོས་དད་རང་མོས་ལ་བརྩི་འཇོག་གང་ལེགས། རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོར་ཁྲིམས་བཞིན་སྲུང་སྐྱོང་བཅས་བྱས་ཏེ་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་བྱེད་སྒོ་སྤེལ་གནས། དེ་བཞིན་ཆོས་ཕྱོགས་མི་སྣ་དང་དད་ལྡན་མང་ཚོགས་བཅས་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ།

ས་བཅད་གཉིས་པ། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱ་རྒྱུ།

དགོན་སྡེའི“འཛུགས་སྐྱོང་དྲུག”གི་ཆུ་ཚད་གོང་མཐོར་བཏང་ནས་དགོན་སྡེ་དོ་དམ་ཨུ་ལྷན(ཁུལ་ཁོངས་དོ་དམ་ཨུ་ལྷན)གང་སར་ཁྱབ་ཐུབ་པ་དང་ལས་བྱེད་པ་དགོན་སྡེར་བཅའ་སྡོད་བྱ་རྒྱུ་རྒྱུན་རྣམ་ཅན་དུ་འགྱུར་ཐུབ་པ་བྱས་ཏེ་དགོན་སྡེར་དོ་དམ་བྱེད་པའི་ཕུགས་ཕན་ལམ་སྲོལ་ཞིག་འཛུགས་རྒྱུ། དགོན་སྡེའི་སྤྱི་པའི་ཞབས་ཞུ་འཐུས་སྒོ་ཚང་དུ་བཏང་ནས་དགོན་སྡེའི“ཡོད་པ་དགུའི”ལས་གཞི་ཕྱོགས་ཡོངས་ནས་ལག་བསྟར་དང་རྒྱ་སྐྱེད་བཏང་ནས་ཆ་རྐྱེན་ཡོད་པའི་དགོན་སྡེར་ལམ་དང་། གློག ཆུ། འཕྲིན་གཏོང་བཅས་རིམ་བཞིན་བཟོ་འཁྲིད་བྱེད་པའི་ཁར། རླུང་འཕྲིན་དང་གློག་བརྙན་བརྙན་འཕྲིན་རིམ་བཞིན་ཁྱབ་ཐུབ་པ་བྱ་རྒྱུ། དགོན་སྡེའི་གྲྭ་ཤག་ཉམས་གསོ་བྱ་རྒྱུ་དེ་འགན་སྲུང་སྡོད་ཁང་གི་འཛུགས་སྐྲུན་འཆར་འགོད་ནང་འཇུག་རྒྱུ་དང་། དགོན་སྡེའི་རིག་དངོས་སྲུང་སྐྱོབ་བྱ་རྒྱུ་དེ་རིག་དངོས་སྲུང་སྐྱོབ་བྱེད་པའི་འཆར་འགོད་ནང་འཇུག་རྒྱུ། དགོན་སྡེ་དང་གྲྭ་བཙུན་ལ་ཕན་འདོགས་པའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་སྒྲིག་ཚུད་གྲྭ་བཙུན་རྣམས་སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་ནང་བཅུག་ནས་སྒྲིག་ཚུད་གྲྭ་བཙུན་ཡོངས་ཀྱི་སྨན་བཅོས་འགན་བཅོལ་དང་། རྒན་གསོའི་འགན་བཅོལ། མ་མཐའི་འཚོ་བ་འགན་སྲུང་། བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ་བཅས་ཡོངས་སུ་ཁྱབ་ཐུབ་པ་བྱ་རྒྱུ་དང་སྦྲགས། རིན་མེད་ཐོག་གཟུགས་པོར་བརྟག་དཔྱད་བྱ་རྒྱུ། གྲྭ་བཙུན་གྱི་སློབ་གསོའི་ཞབས་ཞུ་གཏིང་ཟབ་ཏུ་བཏང་སྟེ“གཅིག་བྱས་པ་དྲུག”གི་བྱེད་སྒོ་དང་། ཞི་མཐུན་དཔེ་མཚོན་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་བཀུར་གྱི་སྔོན་ཐོན་གྲྭ་བཙུན་འཛུགས་སྐྱོང་དཔྱད་འདེམས་བྱེད་སྒོ། སྐྱེས་ཆེན་དམ་པ་རིམ་བྱུང་གི“རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བརྩེ་ཁྲིམས་བཀུར། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེ་ཡོང་རེ”བཅས་དར་སྤེལ་གཏོང་རྒྱུ་བརྗོད་བྱ་གཙོ་བར་བྱེད་པའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་དྲིལ་བསྒྲགས་ཞབས་ཞུ་གྲོང་གསེབ་ཏུ་སྤེལ་བའི་བྱེད་སྒོ་བཅས་གཏིང་ཟབ་སྤེལ་རྒྱུ། བོད་ལྗོངས་ནང་བསྟན་སློབ་གླིང་དང་ཡན་ལག་སློབ་གླིང་གི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་དགོན་སྡེའི་ཆོས་སྦྱོང་སྒྲིག་ལམ་ཚད་ལྡན་བཟོས་ནས་སྐྱེས་ཆེན་དམ་པ་བརྒྱ་གསོ་སྐྱོང་བྱེད་པའི་ལས་གཞི་ལག་བསྟར་གྱིས་ཆོས་ཕྱོགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ།

ལེའུ་སོ་དྲུག་པ། སྤྱི་ཚོགས་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་དང་གསར་གཏོད་བྱ་རྒྱུ།

སྤྱི་ཚོགས་བཅོས་སྐྱོང་མ་ལག་དེང་རབས་ཅན་དུ་འགྱུར་རྒྱུ་དང་བྱ་ཐབས་ཞིབ་ཚགས་ཅན་དུ་འགྱུར་རྒྱུར་སྐུལ་སྤེལ་གཏོང་རྒྱུ་དང་། བཅོས་སྐྱོང་གཙོ་རྐང་སྣ་མང་ཐེ་ཞུགས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། སྤྱི་ཚོགས་ཀྱི་ཡིད་རྟོན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྤྱི་པའི་བདེ་འཇགས་ཡག་ཏུ་གཏོང་རྒྱུ། བཅོས་སྐྱོང་གི་ནུས་པ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་བཅས་སོ།

ས་བཅད་དང་པོ། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

དྲ་མིག་ཅན་གྱི་དོ་དམ་རྣམ་པ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། དམངས་བདེ་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་དམངས་བདེའི་ཞབས་ཞུའི་ནུས་པ་ཕུན་སུམ་ཚོགས་སུ་གཏོང་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་དོ་དམ་ཕྱོགས་བསྡུས་གྲངས་མཛོད་འཛུགས་རྒྱུ་དང་སྤྱི་ཚོགས་ཀྱི་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་འཕྲིན་སྟེགས་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཞི་རྩའི་ཆ་འཕྲིན་མཉམ་དུ་སྤྱོད་པའི་མཐུན་འགྲིག་ལམ་སྲོལ་འཛུགས་རྒྱུ། ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱེད་པའི་བྱེད་སྒོ་དང“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”འཛུགས་སྐྱོང་དཔྱད་འདེམས་བྱེད་སྒོ་གཏིང་ཟབ་སྤེལ་བ་དང“ཏང་ཡོན་ལས་བྱེད་པ་གྲོང་ཚོ་དང་ཁྱིམ་དུ་བསྐྱོད་ནས་སྤུན་གྲོགས་སྒྲིག་པའི”བྱེད་སྒོ་གཏིང་ཟབ་སྤེལ་ཏེ་ཤང་གི་ཁོའོ་རིམ་པ་ཡན་གྱི་ཏང་ཡོན་ལས་བྱེད་པས་མང་ཚོགས་ལ་ཐད་ཀར་ཞབས་ཞུ་སྒྲུབ་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྡེ་ཁུལ་ཡོ་བསྲང་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྡེ་ཁུལ་གྱི་དམངས་བདེ་དམངས་ཕན་དང་། འགལ་ཟླ་འདུམ་འགྲིག སློབ་གསོར་རོགས་སྐྱོར། ཞི་མཐུན་ལ་སྐུལ་འདེད་བཅས་བྱེད་པའི་ནུས་པ་འདོན་སྤེལ་བྱ་རྒྱུ། སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་རང་ནུས་སྐྱོང་སྤེལ་བྱས་ཏེ་སྤྱི་ཚོགས་ཀྱི་རྩ་འཛུགས་ཁྲིམས་བཞིན་གོང་འཕེལ་བཏང་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་རྒྱུར་སྐུལ་མ་དང་རྒྱབ་སྐྱོར་བྱས་ཐོག གྲོང་མི་རང་སྐྱོང་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ལས་རིམ་ཅན་བཅས་སུ་འགྱུར་རྒྱུར་སྐུལ་སྤེལ་གཏོང་རྒྱུ། མི་འབོར་གྱི་ཆ་འཕྲིན་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ལྗོངས་ཡོངས་སུ་ཁྱབ་པ་དང་བདེ་འཇགས་བློས་བཀལ་ཆོག་པའི་མི་འབོར་གྱི་ཕྱོགས་བསྡུས་འཕྲིན་མཛོད་དང་ཆ་འཕྲིན་སྤེལ་རེས་བྱེད་པའི་ལས་སྟེགས་བཙུགས་ཏེ་སྡེ་ཚན་དང་ས་ཁུལ་བརྒལ་བའི་ཆ་འཕྲིན་སྒྲིལ་བཅོས་དང་མཉམ་སྤྱོད་བྱ་རྒྱུ། འགལ་ཟླ་དང་རྩོད་རྙོག་འདུམ་འགྲིག་བྱེད་པའི་ཕྱོགས་བསྡུས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཡིག་འབུལ་ཞུ་བཅར་དང་འདུམ་འགྲིག་ལས་དོན་སྤེལ་རྒྱུར་ཤུགས་སྣོན་དང་འཐུས་ལེགས་སུ་བཏང་སྟེ་མང་ཚོགས་ཀྱིས་རེ་ཞུ་དང་གསལ་ཞུ་བྱེད་ལམ་ཤར་གཏོང་དང་རྒྱ་ཆེར་བཏང་ནས་བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་ལུགས་མཐུན་རེ་ཞུ་ཐག་གཅོད་གང་འཚམ་བྱེད་དགོས།

ས་བཅད་གཉིས་པ། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་མགྱོགས་མྱུར་འཛུགས་སྐྲུན་བྱ་རྒྱུ།

“ཡིད་རྟོན་བོད་ལྗོངས”གཏོད་རྒྱུར་ཤུགས་བརྒྱབ་སྟེ་སྲིད་དོན་ཡིད་རྟོན་དང་། ཚོང་དོན་ཡིད་རྟོན། སྤྱི་ཚོགས་ཡིད་རྟོན། སྲིད་འཛིན་སྤྱི་མོས་བཅས་འཛུགས་སྐྱོང་བྱ་རྒྱུ་གཙོ་བོར་བཟུང་བའི་ཡིད་རྟོན་མ་ལག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་པ་དང་སྤྱི་ཚོགས་ཡོངས་ལ་ཁྱབ་པའི་ཡིད་རྟོན་ཉམས་ཞིབ་མ་ལག་བཙུགས་ཐོག ཡིད་རྟོན་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་སྟེགས་བསྐྲུན་རྒྱུ་དང་། ཡིད་རྟོན་ཆ་འཕྲིན་བསྡུ་སྒྲིལ་དང་། འདེང་འཇོག ཁྱབ་བསྒྲགས་བཅས་ཀྱི་ཡིད་རྟོན་ཆ་འཕྲིན་གྱི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་སྡེ་ཚན་མང་པོ་དང་། ས་གནས་བརྒལ་བ། ཁྱབ་ཁོངས་བརྒལ་བའི་ཆ་འཕྲིན་མཉམ་སྤྱོད། ཡིད་རྟོན་མཉམ་དཔྱད། དེ་བཞིན་ཐུན་མོང་ཐོག་ཡིད་རྟོན་རུང་བར་བྱ་དགའ་སྤྲོད་པ་དང་། དམ་བཅའ་ཤོར་བར་ཆད་པ་གཅོད་པའི་སྤྱི་ཚོགས་ཀྱི་ཡིད་རྟོན་ལྟ་འདོམས་མ་ལག་ཞིག་རིམ་བཞིན་འཛུགས་རྒྱུ། སྲིད་དོན་ཆ་འཕྲིན་ཁྱབ་བསྒྲགས་དང་། ཞིང་འབྲོག་ཁུལ་གྱི་ཡིད་རྟོན། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཡིད་རྟོན་ཁྱབ་ཁོངས་བཅས་ལ་གཙོ་བོར་དམིགས་ནས་འགག་རྩའི་ལྷུ་ཚིགས་ཀྱི་ཡིད་རྟོན་འཛུགས་སྐྱོང་དཔེ་སྟོན་དུ་བྱས་ནས་ཉམས་མྱོང་བཟང་པོར་ཕྱོགས་སྡོམ་དང་ཁྱབ་སྤེལ་གཏོང་རྒྱུ། ཡིད་རྟོན་རུང་བར་སྐུལ་ལྕག་གཏོང་བ་དང་དམ་བཅའ་ཤོར་བར་ཆད་པ་གཅོད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཡིད་རྟོན་ཐོ་འགོད་ལེགས་པའི་ཁེ་ལས་དང་། ཚན་པ། མི་སྒེར་བཅས་ལ་སྲིད་ཇུས་ཐད་ཀྱི་གཟིགས་སྐྱོང་དང་ཞབས་ཞུའི་ཐད་སྟབས་བདེ་སྐྲུན་ནས་དམ་བཅའ་ཤོར་བའི་བྱ་སྤྱོད་ཡོངས་བསྒྲགས་དང་མཉམ་འབྲེལ་ཆད་པ་གཅོད་ཤུགས་ཆེ་རུ་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཡིད་རྟོན་ཁོར་ཡུག་བཟང་པོ་ཞིག་སྐྲུན་རྒྱུ། ཡིད་རྟོན་ཞབས་ཞུའི་ཁྲོམ་ར་འཛུགས་སྐྱོང་དང་ཚད་ལྡན་བཟོས་ཏེ་ཡིད་རྟོན་ཞབས་ཞུའི་ཕྱོགས་གསུམ་པའི་ལས་ཁུངས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་ཡིད་རྟོན་ཞབས་ཞུའི་ལས་རིགས་ཀྱི་རང་བཅུན་དང་ལས་གཉེར་བྱ་སྤྱོད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཡིད་རྟོན་ཐོན་རྫས་སྤྱི་ཚོགས་ཅན་དུ་བཀོལ་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ།

ས་བཅད་གསུམ་པ། སྤྱི་པའི་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

བདེ་འཇགས་གོང་འཕེལ་གྱི་ལྟ་བ་དང་དམར་ཐིག་འདུ་ཤེས་བརྟན་པོ་བཙུགས་ཏེ་དམངས་ཡོངས་ཀྱི་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་བའི་སློབ་གསོ་ཤུགས་ཆེ་སྤེལ་རྒྱུ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དང་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་མ་ཟད་དོན་འཁྱོལ་གང་ལེགས་བྱས་ཏེ་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་གཙོ་རྐང་འགན་འཁྲི་ཤུགས་ཆེར་བཏང་སྟེ་ཏང་སྲིད་ཀྱིས་འགན་མཉམ་འཁུར་དང་གནས་གཅིག་འགན་གཉིས་ལག་བསྟར་བྱས་ཐོག དམིགས་ཚད་དཔྱད་ཞིབ་དང་འགན་འཁྲི་བདའ་འདེད་ནན་པོ་བཏང་ནས་བདེ་འཇགས་ལ་གནོད་པའི་རྐྱེན་རྩ་ཆེ་རིགས་ལ་རིམ་པ་སྟར་ཆགས་ཀྱིས་མིང་སྦྱར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བདེ་འཇགས་ཐོན་སྐྱེད་ཀྱི་རྨང་གཞིའི་ནུས་པ་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། གཞུང་ལམ་འགྲིམ་འགྲུལ་དང་། མེ་ཟོན་བདེ་འཇགས། ནགས་ཚལ་མེ་ཟོན། བཟོ་སྐྲུན་ཨར་ལས། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས། རྡོ་སོལ་གཏེར་རི་མ་ཡིན་པ། དམིགས་བསལ་སྒྲིག་ཆས། ཉེན་ཆེའི་དངོས་རྫས་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་མངོན་ཆེར་བཟུང་ནས་ཉེན་མེད་ཐོན་སྐྱེད་ཀྱི་རྒྱུན་ལྡན་འཚོ་བར་ལྟ་འདོམས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བདེ་འཇགས་མེད་པའི་བྱུར་རྐྱེན་ཚབས་ཆེན་མི་ཐོན་བཀག་འགོག་མཐའ་གཅིག་ཏུ་བྱ་རྒྱུ། སྒོར་དུང་ཕྱུར་ལོན་པའི་GDPཐོན་སྐྱེད་བདེ་འཇགས་ཀྱི་བྱུར་རྐྱེན་གྱི་ཤི་རྨས་བྱུང་ཚད་40%ཆག་ཐུབ་པ་བྱ་རྒྱུ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དོ་དམ་ཁྲིམས་བཞིན་ཚད་ལྡན་བཟོས་ཏེ་ལྟ་འདོམས་བྱེད་སྟངས་ལེགས་འགྱུར་དང་། ལྟ་འདོམས་ཞབས་ཞུའི་ལས་ཕྱོད་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ། འཕྲལ་སྡོམ་དོ་དམ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་པའི་བདེ་འཇགས་དང་ཉེན་མེད་ཐོན་སྐྱེད་ཀྱི་འཕྲལ་སྡོམ་རོགས་སྐྱོབ་དང་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། སྤྱི་ཚོགས་ཀྱི་སྤྱི་པའི་བདེ་འཇགས་ལ་གནོད་གཞི་བཟོ་བའི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་རྒྱུ།

ལེ་ཚན་བཅུ་པ། བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་རྒྱལ་ཁབ་བདེ་འཇགས་དང་བོད་ལྗོངས་ཡུན་རིང་བདེ་འཁོད་ཡོང་བ་བྱ་རྒྱུ།

ཁྲིམས་བཞིན་བོད་ལྗོངས་འཛུགས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཁྲིམས་སྐྱོང་བསམ་པ་དང་ཁྲིམས་སྐྱོང་བྱ་ཐབས་སྤྱད་དེ་གོང་འཕེལ་ལ་སྐུལ་སྤེལ་བཏང་ནས་སྤྱི་ཚོགས་ཡོངས་བརྟན་ལྷིང་ཡོང་བའི་མཐའ་ཚད་བརྟན་པོར་བསྲུངས་ཏེ་མཐའ་སྲུང་འགན་འཁྲི་ལག་བསྟར་བྱེད་པའི་ཁར། ཡུན་རིང་བདེ་འཁོད་ཡོང་བར་སྐུལ་སྤེལ་ཤུགས་ཆེ་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་བརྟན་པོ་བཟོ་རྒྱུ།

ལེའུ་སོ་བདུན་པ། ཁྲིམས་སྐྱོང་འཛུགས་སྐྲུན་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ།

ཁྲིམས་སྐྱོང་ལྟ་བ་བརྟན་པོ་བཙུགས་ཏེ་ཁྲིམས་སྐྱོང་སྲིད་གཞུང་དང་། ཁྲིམས་སྐྱོང་བོད་ལྗོངས། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐུན་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཁྲིམས་བཞིན་སྲིད་འཛིན་སྐྱོང་རྒྱུར་སྐུལ་སྤེལ་དང་། ཁྲིམས་འཛིན་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ་ཁྲིམས་སྐྱོང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་ཏེ་ཁྲིམས་སྐྱོང་ལམ་བུའི་ཐོག་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་སྤེལ་གཏོང་རྒྱུ།

ས་བཅད་དང་པོ། ཁྲིམས་བཞིན་སྲིད་འཛིན་རྒྱུར་སྐུལ་སྤེལ་གཏིང་ཟབ་གཏོང་རྒྱུ།

ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་ཁྲིམས་བཞིན་སྲིད་གཞུང་གི་འགན་ནུས་བསྒྲུབས་ཏེ་ལས་ཁུངས་དང་། འགན་ནུས། དབང་ཚད། ལས་རིམ། འགན་འཁྲི་བཅས་ཁྲིམས་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་སྤེལ་གཏོང་རྒྱུ། ཁྲིམས་བཞིན་ཇུས་ཐག་གཅོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྲིད་གཞུང་གི་ཁྲིམས་ལུགས་བློ་འདྲིའི་ལམ་ལུགས་བཙུགས་ནས་ཚབས་ཆེའི་གནད་དོན་མཉམ་སྡེབ་ཐོག་ཇུས་ཐག་གཅོད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། རིམ་ཁག་ལས་བྱེད་པས་ཁྲིམས་བཞིན་སྲིད་སྐྱོང་དང་ཁྲིམས་བཞིན་ལས་དོན་སྒྲུབ་པའི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་རྒྱུ། བཟོ་འཛུགས་བྱེད་པ་དང་། བསྒྱུར་བཅོས་བྱེད་པ། མེད་པ་བཟོ་བ་བཅས་མཉམ་དུ་སྤེལ་རྒྱུ་རྒྱུན་འཁྱོངས་ཀྱིས་ཁྲིམས་བཟོའི་ལས་དོན་ནང་སྤྱི་ཚོགས་ཕྱོགས་ཁག་གིས་ཐེ་ཞུགས་བྱེད་པའི་ཐབས་ལམ་དང་བྱ་ཐབས་གསར་གཏོད་བྱས་ཏེ་སྲིད་གཞུང་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་གང་མགྱོགས་བཟོ་རྒྱུ། ནན་པོ་དང་། ཚད་ལྡན། དྲང་གཞག ཤེས་དཔལ་བཅས་ཀྱི་ཁྲིམས་སྐྱོང་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྐྱོང་བྱ་རྒྱུར་སྐུལ་སྤེལ་བཏང་ནས་སྲིད་འཛིན་ཁྲིམས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཁྲིམས་སྐྱོང་གི་ལྟ་འདོམས་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྲིད་འཛིན་བསྐྱར་གྲོས་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་སྲིད་འཛིན་བསྐྱར་གྲོས་གྱོད་གཞི་བདག་སྤྲོད་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་སྲིད་འཛིན་བསྐྱར་གྲོས་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ།

ས་བཅད་གཉིས་པ། ཁྲིམས་འཛིན་དྲང་གཞག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

དམ་ནན་དྲང་གཞག་གིས་ཁྲིམས་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་འགན་དབང་ཁ་གསལ་དང་། འཁོར་སྐྱོད་ཚད་ལྡན། སྒོ་དབྱེ་གསལ་པོ། དབང་འགན་གཅིག་གྱུར་བཅས་ཀྱི་འདྲི་གཅོད་ལྟ་སྐུལ་ལམ་སྲོལ་དང་སྲིད་གཙང་ལྟ་སྐུལ་ལམ་སྲོལ་བཙུགས་ཏེ་རང་ཚུགས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ཚང་སྒྲིག་གི་སྒྲིག་སྲོལ་ལམ་ལུགས་བཟོས་ནས་འདྲི་གཅོད་སྤུས་ཚད་དང་ཕན་ནུས་འགན་ལེན་དང་དྲང་པོ་དྲང་གཞག་ཡོང་ཐུབ་པ་བྱ་རྒྱུ། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱ་རྒྱུར་སྔར་བས་སྣང་ཆེན་བྱས་ཏེ་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་འཐུས་ལེགས་སུ་བཏང་ཁར། བཅའ་ཁྲིམས་ཀྱི་རོགས་སྐྱོར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་བཅའ་ཁྲིམས་ཀྱི་རོགས་སྐྱོར་ཁྱབ་ཁོངས་ཆེ་རུ་བཏང་ནས་ཞིང་འབྲོག་མང་ཚོགས་སོགས་ལ་ཁྲིམས་ལུགས་ཀྱིས་རོགས་སྐྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག བཅའ་ཁྲིམས་ཀྱི་རོགས་སྐྱོར་སྤུས་ཚད་ལེགས་སུ་གཏོང་རྒྱུ་མ་ཟད། འགན་སྲུང་ནུས་པ་ཆེ་རུ་གཏོང་རྒྱུ། རྫོང་ཁོངས་ཀྱི་བཅའ་ཁྲིམས་ཞབས་ཞུའི་ཐོན་ཁུངས་ཁྱོན་ཡོངས་ནས་ཁྱབ་པ་བྱ་རྒྱུ། ཁྲིམས་འཛིན་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ་ཁྲིམས་འཛིན་གྱི་དོ་དམ་དང་ཁེ་དབང་འཁོར་སྐྱོད་བྱེད་པའི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཁྲིམས་བཞིན་རང་ཚུགས་དྲང་གཞག་གིས་འདྲི་གཅོད་བྱེད་དབང་དང་ཞིབ་དཔྱོད་བྱེད་དབང་སྤྱོད་རྒྱུ། ཁྲིམས་འཛིན་དཔུང་ཁག་ཚད་ལྡན་ཅན་དང་། ཆེད་ལས་ཅན། ལས་རིགས་ཅན་བཅས་སུ་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་སྐྱོང་དང་ལས་གཉེར་བྱེད་སྤྱོད་ཚད་ལྡན་བཟོས་ནས་གཞི་རིམ་དཔུང་ཁག་གི་ལས་སྒོའི་བྱང་ཚད་དང་ཁྲིམས་འཛིན་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ།

ས་བཅད་གསུམ་པ། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ།

རྩ་ལག་མཉམ་བཅོས་དང་། ཕྱོགས་བསྡུས་བཅོས་སྐྱོང་། ཆད་འགོག་ཟུང་འབྲེལ། སྔོན་འགོག་གཙོར་བཟུང་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སྲིད་གཙང་འཛུགས་སྐྱོང་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ། སྤྱོད་གཙང་རང་འདོམས་སློབ་གསོ་ཤུགས་ཆེ་སྤེལ་ནས་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཕན་འབྲས་སྲ་བརྟན་དང་ཆེ་རུ་བཏང་ཐོག རང་རྟོགས་ངང“ནན་གསུམ་དྲང་གསུམ”ལག་བསྟར་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་ཀྱི་དགོངས་དོན་དང་། ལྗོངས་ཏང་ཨུད་ཀྱི“སྲུང་བྱ་རྣམ་བཅུ” “བླང་བྱ་ཁག་དགུ”བཅས་ལག་བསྟར་ནན་པོ་བྱས་ཏེ་རྒྱུན་འཁྱོངས་ལྷོད་མེད་ཀྱིས“སྤྱོད་ཚུལ་བཞིའི”གནད་དོན་ཡོ་བསྲང་བྱས་ནས་སྤྱོད་གཙང་རང་འདོམས་ཀྱི་ཚད་འཛིན་ས་དམ་པོར་བསྲུངས་ཏེ་སྤྱོད་གཙང་གི་འདུ་ཤེས་ཟབ་ཏུ་བཏང་ནས་རུལ་སུངས་བཀག་འགོག་དང་ངོ་འགྱུར་སྔོན་འགོག་བྱེད་པའི་བསམ་བློ་ཀུན་སྤྱོད་ཀྱི་ཉེན་ཟོན་བསམ་པ་བརྟན་པོ་འཛུགས་རྒྱུ། སྒྲིག་ཁྲིམས་དང་སྒྲིག་སྲོལ་གཙོ་བོར་བཟུང་ནས་སྤྱོད་གཙང་སྲིད་སྐྱོང་གི་གཏན་འབེབས་ཁག་ཁ་གསལ་བཟོས་ཏེ་ཐོག་མཐའ་བར་གསུམ་དུ་རུལ་སུངས་ལ་ཆད་པ་གཅོད་པའི་དམ་བསྒྲགས་རྣམ་པ་བརྟན་སྲུང་གིས་ཁྲིམས་འགལ་སྒྲིག་དཀྲུག་གི་གྱོད་དོན་ཞིབ་བཤེར་ཐག་གཅོད་བྱ་རྒྱུ། ལམ་ལུགས་ལ་བརྟེན་ནས་མི་དང་། དབང་ཆ། ལས་དོན་བཅས་ལ་དོ་དམ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་རུལ་སུངས་བྱེད་མི་ཕོད་པ་དང་། མི་བྱེད་པ། བྱེད་མི་འདོད་པའི་ནུས་ལྡན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཐོག དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་སྲིད་དོན་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ།

ས་བཅད་བཞི་པ། ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་རྒྱུ།

རྩ་ཁྲིམས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་རང་བཞིན་གྱི་ཁྲིམས་སྐྱོང་རིག་གནས་བྱེད་སྒོ་རྒྱ་ཁྱབ་སྤེལ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དགོངས་པ་དར་སྤེལ་གཏོང་རྒྱུ། བང་རིམ་མང་བ་དང་ཐབས་ལམ་མང་བའི་སྒོ་ནས་ཁྲིམས་སྐྱོང་འཛུགས་སྐྱོང་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་མི་རིགས་ཁག་གི་མང་ཚོགས་ཚོས་རང་རྟོགས་ངང་ཁྲིམས་ལུགས་ལ་བརྩི་འཇོག་དང་། སློབ་སྦྱོང་། བརྩེ་སྲུང་། བེད་སྤྱོད་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ནས་ཁྲིམས་སྲུང་བྱས་ན་གཟི་བརྗིད་དང་ཁྲིམས་དང་འགལ་ན་ཞེ་ཁྲེལ་དགོས་པའི་ཁྲིམས་སྐྱོང་རྣམ་པ་ཞིག་ཆགས་པ་བྱ་རྒྱུ། ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་དྲིལ་བསྒྲགས་སློབ་གསོའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དྲིལ་བསྒྲགས་ཀྱི་གཞི་རྟེན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་དམངས་སློབ་གསོའི་མ་ལག་དང་བསམ་པའི་དཔལ་ཡོན་གཏོད་པའི་ནང་དོན་ནང་ཁྲིམས་སྐྱོང་སློབ་གསོ་བཅུག་ནས་ཁྲིམས་ལུགས་བདུན་སྤེལ་བྱེད་སྒོ་གཏིང་ཟབ་ཏུ་གཏོང་རྒྱུ། “ལོ་ལྔ་ཚན་བདུན་པའི”ཁྲིམས་ལུགས་ཤེས་བྱ་ཁྱབ་གདལ་བྱེད་སྒོ་ཏན་ཏིག་སྤེལ་ནས་ཁྲིམས་ལུགས་ཁྱབ་གདལ་ཁྲོད་སྨྱན་སྦྱོར་གསར་པའི་ནུས་པ་་ཆེ་རུ་བཏང་སྟེ་ཁྲིམས་ལུགས་ཁྱབ་གདལ་གྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ།

ལེའུ་སོ་བརྒྱད་པ། ཁྱོན་ཡོངས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ།

ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རང་འགུལ་དབང་ཆ་རང་ལག་ཏུ་དམ་པོར་བཟུང་ཐོག སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་ཐབས་གཏིང་ཟབ་ཏུ་སྤེལ་བ་དང་། སྤྱི་ཚོགས་ཀྱི་བདེ་འཇགས་འགོག་ཟོན་བྱེད་ཤུགས་ཆེ་རུ་གཏོང་བ། དམག་དམངས་མཉམ་འདྲེས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་བརྟན་ལྷིང་བཅས་ཡོང་བ་བྱ་རྒྱུ།

ས་བཅད་དང་པོ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུ།

ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་གལ་ཆེའི་རྩ་དོན་གྱི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། ངོས་འཛིན་གཅིག་མཐུན། ཁ་ཞེ་གཉིས་མེད། རྣམ་འགྱུར་བརྟན་པོ། གོམ་སྟབས་གཅིག་མཐུན་བཅས་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་བདག་དབང་བརྟན་པོར་འཛིན་རྒྱུ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བརྟེན་ནས་ཁ་ཕྲལ་དང་གཏོར་བཤིག་གཏོང་བའི་བྱ་སྤྱོད་ཅི་རིགས་ལ་འགོག་ཟོན་དམ་ནན་དང་རྒོལ་རྡུང་དྲག་པོ་གཏོང་རྒྱུ། འཐབ་ཕྱོགས་གཅིག་གྱུར་གྱིས་མི་སེམས་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པའི་དགེ་མཚན་འདོན་སྤེལ་བྱས་ཏེ་བོད་དང་འབྲེལ་བ་ཡོད་པའི་ཕྱི་ཕྱོགས་དྲིལ་བསྒྲགས་རྒྱ་ཁྱབ་སྤེལ་བ། ཁ་ཕྲལ་ལ་ངོ་རྒོལ་འཐབ་རྩོད་བྱེད་པའི་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་གཅིག་གྱུར་སྲུང་སྐྱོང་བྱེད་པའི་འགྲིལ་ཤུགས་ཆེན་པོ་ཆགས་པ་བྱ་རྒྱུ། མཐའ་མཚམས་ལྟ་སྡོམ་བྱེད་པའི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་ཁྲིམས་འགལ་གྱིས་རྒྱལ་ཁབ་ནས་འཛུལ་ཐོན་བྱེད་པའི་རིགས་ལ་ཁྲིམས་ལྟར་རྒོལ་རྡུང་ནན་པོ་གཏོང་རྒྱུ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ཁྲིམས་འཛིན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་འབེབས་དང་འཐུས་ཚང་དུ་གཏོང་རྒྱུ་བཅས་ཡིན།

ས་བཅད་གཉིས་པ། སྤྱི་ཚོགས་བདེ་འཇགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་རྒྱུ།

གནས་རྒྱུད་ཁུལ་གསུམ་ཟུང་འབྲེལ་དང་། དྲ་ཐོག་དྲ་འོག་ཟུང་འབྲེལ། མི་རྒྱུ་རྩལ་གསུམ་ཟུང་འབྲེལ། འགོག་རྡུང་ལྟ་སྡོམ་ཟུང་འབྲེལ་བཅས་མཐའ་འཁྱོངས་བྱ་རྒྱུ་དང་། ཕྱོགས་ཡོངས་རང་བཞིན་གྱི་སྤྱི་ཚོགས་བདེ་འཇགས་འགོག་སྲུང་ལྟ་སྡོམ་མ་ལག་འཐུས་ཚང་དུ་གཏོང་རྒྱུ། གཏུམ་སྤྱོད་ཀྱིས་བྱས་ཉེས་བསགས་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་འགོག་ཟོན་དམ་ནན་དང་རྡུང་རྡེག་དྲག་པོ་གཏོང་རྒྱུ། སྤྱི་ཚོགས་ཀྱི་བདེ་འཇགས་སྒྲིག་ལམ་སྲུང་སྐྱོང་བྱ་རྒྱུ། གཞི་རིམ་གྱི་སྲིད་དབང་དང་། སྲིད་ཁྲིམས་ཀྱི་གཞི་རིམ་མངགས་གཏོང་ལས་ཁུངས། ཕྱོགས་བསྡུས་ཞབས་ཞུའི་དོ་དམ་ལས་སྟེགས་བཅས་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུ།

ལེའུ་སོ་དགུ་པ། དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུ།

རྒྱལ་སྲུང་ཀྱི་དགོས་མཁོ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་མ་ལག་ནང་འཇུག་པ་དང་། རྒྱལ་སྲུང་ནང་དམངས་སྤྱོད་ཀྱི་དགོས་མཁོར་ཕྱོགས་ཡོངས་ནས་ལྟ་རྟོག རྒྱལ་སྲུང་དང་དྲག་ཆས་ཉེན་རྟོག་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བཅས་བྱས་ཏེ། རྒྱལ་སྲུང་འཛུགས་སྐྲུན་དང་དཔལ་འབྱོར་འཛུགས་སྐྲུན་གཉིས་ཕན་ཚུན་སྐུལ་འདེད་དང་མཐུན་སྦྱོར་ངང་གོང་འཕེལ་ཡོང་བ་བྱ་རྒྱུ།

ས་བཅད་དང་པོ། དམག་དམངས་མཉམ་འདྲེས་ངང་གོང་འཕེལ་གཏོང་རྒྱུ།

དམག་དམངས་མཉམ་འདྲེས་ངང་གོང་འཕེལ་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་མཉམ་འདྲེས་བྱེད་སྟངས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མཉམ་འདྲེས་ཁྱབ་ཁོངས་ཆེ་རུ་གཏོང་བ། མཉམ་འདྲེས་ཀྱི་བང་རིམ་མཐོ་རུ་གཏོང་བ་བཅས་བྱས་ནས་གཙོ་རྒྱུ་ཀུན་འཛོམས་དང་། ཁྱབ་ཁོངས་མང་པོ། ཕན་འབྲས་ཆེ་བ་བཅས་ཀྱི་དམག་དམངས་མཉམ་འདྲེས་ཀྱི་གོང་འཕེལ་འགྲོ་བའི་རྣམ་པ་གསར་པ་ཞིག་ཆགས་པ་བྱ་རྒྱུ། དམག་དམངས་ཀྱི་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་བྱ་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད་དང་། ཆ་འཕྲིན་ཐོན་ཁུངས། སྤྱི་ཚོགས་ཞབས་ཞུ། ཤེས་ལྡན་པ་གསོ་སྐྱོང་། ཐོན་ལས་གོང་འཕེལ་སོགས་ཀྱི་ཁྱབ་ཁོངས་གཙོ་གནད་དུ་བཟུང་སྟེ་མཐའ་སྲུང་གཞུང་ལམ་འཛུགས་སྐྲུན་གང་མགྱོགས་བྱས་ནས་རི་བོ་ཧི་མ་ལ་ཡའི་མཐའ་མཚམས་ཀྱི་འཕྲེད་ཕྱོགས་འགྲོ་ལམ་སྤྱིའི་ཆ་ནས་ཤར་གཏོང་ཐུབ་པ་བྱ་རྒྱུ། དམག་དཔུང་དང་ས་གནས་ཀྱི་ཐོན་ཁུངས་དང་ལག་རྩལ་མཉམ་སྐྱོང་མཉམ་སྤྱོད་བྱ་རྒྱུ་དང་། འགྲིམ་འགྲུལ་དང་། འཕྲིན་གཏོང་། ནུས་ཁུངས་སོགས་གལ་ཆེའི་རྨང་གཞིའི་སྒྲིག་བཀོད་ནང་རྒྱལ་སྲུང་གི་དགོས་མཁོ་དོན་འཁྱོལ་བྱ་རྒྱུ། དམངས་སྤྱོད་ཁྱབ་ཁོངས་ནང་དམག་སྤྱོད་ལག་རྩལ་ཁྱབ་གདལ་གཏོང་རྒྱུ། རྩ་འཛུགས་དོ་དམ་དང་། ལས་ཀ་བྱེད་པ། སྲིད་ཇུས་ཀྱི་ལམ་ལུགས་བཅས་ཚགས་ཚུད་དུ་གཏོང་རྒྱུ་དང་། དམག་དམངས་གཉིས་སྐྱོང་གཉིས་བཀུར་གྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས་དམག་སྲིད་དང་དམག་དམངས་ཀྱི་མཐུན་སྒྲིལ་སྲ་བརྟན་དུ་གཏོང་རྒྱུ།

ས་བཅད་གཉིས་པ། རྒྱལ་སྲུང་སྐུལ་སློང་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

“འཐབ་དུས་གདོང་ལེན་དང་། འཕྲལ་དོན་མྱུར་སྒྲུབ། རྣམ་ཀུན་ཞབས་ཞུ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་རྒྱལ་སྲུང་སྐུལ་སློང་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དང་། རྒྱལ་སྲུང་སྐུལ་སློང་ཁྱབ་གདལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དམག་དཔུང་དང་ས་གནས་ཀྱི་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། ཆ་འཕྲིན་ཅན་དང་། ཁྲིམས་འཛིན་ཅན། གཞི་གཅིག་ཅན་བཅས་ཀྱི་ཕྱོགས་སུ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། རྒྱལ་སྲུང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དོ་དམ་གྱི་ལམ་ལུགས་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། དུས་བཅད་བཟོས་ནས་དངོས་འཐབ་རང་བཞིན་གྱི་སྦྱོང་བརྡར་སྤེལ་ནས་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ། ཆེད་ལས་འགན་སྲུང་རུ་ཁག་གི་ལས་འགན་སྒྲུབ་ནུས་ཆེ་རུ་གཏོང་རྒྱུ། ཁུལ་ཁོངས་ཀྱི་བྱེད་ནུས་མངོན་གསལ་དོད་པའི་རྗེས་གྲབས་སྟོབས་ཤུགས་གཞི་རྩའི་ཆར་ཁྱབ་པ་བྱ་རྒྱུ།

ལེ་ཚན་བཅུ་གཅིག་པ། ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ་གོང་འཕེལ་གྱི་དམིགས་ཚད་མངོན་འགྱུར་ཡག་པོ་ཡོང་བ་བྱ་རྒྱུ།

དམིགས་ཚད་བཟོས་ཟིན་པས་གཙོ་གནད་ནི་ལག་བསྟར་བྱ་རྒྱུ་ཡིན། རིམ་ཁག་སྲིད་གཞུང་གིས་ངེས་པར་དུ་འགན་འཁྲི་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས། སྲིད་ཇུས་ཀྱིས་ཁྲོད་སྟོན་དང་སྒྲིག་འཛུགས་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། འཆར་འགོད་འདི་ཕྱོགས་ཡོངས་ནས་དོན་འཁྱོལ་ཡོང་བར་སྐུལ་སྤེལ་བཏང་སྟེ། དམིགས་ཚད་ལས་འགན་ཁག་བདེ་བླག་ངང་ལེགས་འགྲུབ་ཡོང་བར་འགན་ལེན་བྱ་རྒྱུ།

ལེའུ་བཞི་བཅུ་པ། ཏང་གི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་བྱ་རྒྱུ།

ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་འགོ་ཁྲིད་བྱེད་པའི་ལྟེ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འཆར་འགོད་བདེ་བླག་ངང་ལག་བསྟར་ཡོང་ཆེད་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྩ་འཛུགས་ཀྱི་འགན་སྲུང་མཁོ་འདོན་བྱ་རྒྱུ། རིམ་ཁག་ཏང་རྩ་འཛུགས་ཀྱི་འཐབ་འཛིང་ནུས་པ་དང་ཏང་ཡོན་གྱི་སྔོན་ཐོན་མིག་དཔེའི་ནུས་པ་འདོན་སྤེལ་བྱས་ཏེ། རྒྱ་ཆེའི་ལས་བྱེད་ཀྱི་གསར་གཏོད་ཡར་བརྩོན་དང་། དཀའ་སེལ་འགག་སྒྲོལ་བྱ་རྒྱུར་སྐུལ་སློང་བཏང་ཐོག མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ། བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱི་ཚོགས་པའི་རྩ་འཛུགས་ནུས་པ་འདོན་སྤེལ་བྱ་རྒྱུར་སྣང་ཆེན་བྱས་ཐོག ཆེས་རྒྱ་ཆེའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་གོང་འཕེལ་གཏོང་རྒྱུ་དང་། དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ། སྤྱི་ཚོགས་ཡོངས་ཀྱིས་གོང་འཕེལ་དང་བསྒྱུར་བཅོས་བྱ་རྒྱུ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུར་སྐུལ་སྤེལ་གཏོང་བའི་གཅིག་མཐུན་ངོས་འཛིན་དང་གཅིག་འགྲིལ་སྟོབས་ཤུགས་ཆགས་གང་ཐུབ་བྱས་ནས། གོང་འཕེལ་ཆེན་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་རྒྱུ།

ལེའུ་ཞེ་གཅིག་པ། འཆར་འགོད་ལག་བསྟར་བྱེད་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ།

འཆར་འགོད་མ་ལག་གསར་གཏོད་དང་འཐུས་སྒོ་ཚང་དུ་བཏང་སྟེ། འཆར་འགོད་ལག་བསྟར་བྱེད་པའི་ཚང་སྒྲིག་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ནས། སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་སྐུལ་སྤེལ་གཏོང་བའི་ནུས་ཐོན་ལམ་སྲོལ་ནུས་ལྡན་ཞིག་ཆགས་པ་བྱ་རྒྱུ།

ས་བཅད་དང་པོ། འཆར་འགོད་མ་ལག་ཚགས་ཚུད་དུ་གཏོང་རྒྱུ།

རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་སྤྱིའི་འཆར་འགོད་བཟོ་རྒྱུ་སྤྱི་འདོམས་སུ་བྱེད་པ་དང་། གཙོ་ནུས་ཐོན་ཁུལ་གྱི་འཆར་འགོད་བཟོ་རྒྱུ་རྨང་གཞིར་བྱེད་པ། ཆེད་དམིགས་འཆར་འགོད་འདེགས་སྐྱོར་དུ་བྱེད་པ་བཅས་བྱས་སྟེ། གནས་ཁ་གསལ་དང་ནུས་པ་གསབ་རེས། གཅིག་གྱུར་འབྲེལ་མཐུད་བཅས་འཆར་འགོད་མ་ལག་འཛུགས་རྒྱུ། ས་གནས(གྲོང་ཁྱེར)དང་སྡེ་ཚན་ཁག་གིས་འཆར་འགོད་འདིའི་ནང་གཏན་འཁེལ་བྱས་པའི་གོང་འཕེལ་གཏོང་ཕྱོགས་དང་སྤྱིའི་བླང་བྱ་གཞིར་བཟུང་། ཚན་རིག་ལུགས་མཐུན་གྱི་སྒོ་ནས་ཆེད་དམིགས་འཆར་འགོད་དང་། ཁུལ་ཁོངས་འཆར་འགོད། ས་གནས(གྲོང་ཁྱེར)ཀྱི་འཆར་འགོད་བཅས་བཟོ་སྒྲིག་བྱས་སྟེ། ཆེད་དམིགས་འཆར་འགོད་དང་ས་གནས(གྲོང་ཁྱེར)ཀྱི་འཆར་འགོད་དེ་འཆར་འགོད་འདི་དང་སྦྲེལ་མཐུད་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འཆར་འགོད་འདིའི་ནང་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་ཕྱོགས་བགོས་ལག་བསྟར་བྱ་རྒྱུ། རྫོང(ཆུད)ཁག་ཏུ་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་དང་། གྲོང་ཁྱེར་གྲོང་གསེབ་འཆར་འགོད། ས་ཆ་བེད་སྤྱོད་འཆར་འགོད། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་འཆར་འགོད་བཅས“གཞི་གཅིག་ཅན”ཆགས་པ་བྱ་རྒྱུ།

ས་བཅད་གཉིས་པ། སྲིད་ཇུས་ཀྱི་འགན་སྲུང་ལ་ཤུགས་སྣོན་རྒྱག་རྒྱུ།

ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གཏན་འཁེལ་བྱས་པའི་གཙོ་གནད་ལས་འགན་དང་གལ་ཆེའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཀྲུང་དབྱང་ནས་རང་ལྗོངས་ལ་གཏན་འཁེལ་བྱས་པའི་ནོར་ཁྲལ་དང་། དངུལ་རྩ། མ་འཇོག ཤེས་ལྡན་པ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་དང་རོགས་སྐྱོར་བྱ་ཐབས་ཁག་བེད་སྤྱོད་གང་ལེགས་བྱ་རྒྱུ་དང་། རང་འགུལ་ངང་རྒྱལ་ཁབ་པུའུ་ཨུད་ཁག་དང་བོད་སྐྱོར་ཞིང་ཆེན་(གྲོང་ཁྱེར) ཀྲུང་དབྱང་ཁེ་ལས་བཅས་དང་སྦྲེལ་མཐུད་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག སྲིད་ཇུས་དང་རྣམ་གྲངས་ཁག་རེ་རེ་བཞིན་རིམ་བཞིན་དོན་འཁྱོལ་ཐུབ་པ་བྱ་རྒྱུ། འཆར་འགོད་འདིའི་ནང་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལ་གཞིགས་ཏེ་འཆར་འགོད་ལག་བསྟར་བྱེད་པའི་འབྲེལ་ཡོད་ཚང་སྒྲིག་སྲིད་ཇུས་ཞིབ་འཇུག་བཟོ་འབེབས་བྱས་ནས། སྤྱི་པའི་ཐོན་ཁུངས་ལུགས་མཐུན་བགོ་སྒྲིག་དང་། སྤྱི་ཚོགས་ཐོན་ཁུངས་ཁྲིད་སྟོན་ནུས་ལྡན་བྱ་རྒྱུ། སྤྱི་ཁོག་སྙོམས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་ཚན་རིག་དང་མཐུན་པའི་ལོ་འཁོར་འཆར་གཞི་བཟོ་རྒྱུ་དང་། དུས་ཐུང་སྙོམས་སྒྲིག་བྱ་ཐབས་དང་དུས་ཡུན་རིང་འབྲིང་གི་གོང་འཕེལ་འཆར་འགོད་ཟུང་འབྲེལ་ནུས་ལྡན་བྱས་ཏེ། སྲིད་ཇུས་ཁག་གིས་མཐུན་སྦྱོར་ངང་འཆར་འགོད་དོན་འཁྱོལ་བྱེད་པར་སྐུལ་སྤེལ་གཏོང་བའི་མཉམ་ཤུགས་ཤིག་ཆགས་པ་བྱ་རྒྱུ།

ས་བཅད་གསུམ་པ། འཆར་འགོད་རྣམ་གྲངས་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ།

“ལོ་ལྔ་ཚན་བཅུ་གསུམ་པའི”རྣམ་གྲངས་འཆར་འགོད་ཀྱི་ཇུས་གཞི་ལག་བསྟར་གང་མགྱོགས་བྱས་ནས། རྣམ་གྲངས་ཀྱི་དུས་འགོའི་ལས་ཀར་ཤུགས་སྣོན་རྒྱག་རྒྱུ་དང་། རྣམ་གྲངས་འཛུགས་སྐྲུན་བྱེད་པའི་ཆ་རྐྱེན་དོན་འཁྱོལ་ཧུར་ཐག་བྱས་ཏེ་རྣམ་གྲངས་སྐྲུན་རྗེས་ཕན་ནུས་ཐོན་རྒྱུར་འགན་ལེན་བྱ་རྒྱུ། འཆར་འགོད་ནང་བཅུག་པའི་རྣམ་གྲངས་ཀྱི་ཞིབ་མཆན་འགོད་ལམ་སྟབས་བདེ་རུ་བཏང་སྟེ་ས་ཆ་འདོན་སྤྲོད་དང་མ་དངུལ་བསྡུ་རྒྱུ་བཀོད་སྒྲིག་སོགས་སྔོན་དུ་འགན་སྲུང་བྱ་རྒྱུ། གཞི་རྩའི་འཛུགས་སྐྲུན་ཐད་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། སྲིད་གཞུང་ནས་མ་འཇོག་བྱས་པའི་རྣམ་གྲངས་ཀྱི་ཚབ་འཛུགས་ལམ་ལུགས་ལ་སྐུལ་སྤེལ་ཧུར་ཐག་གཏོང་རྒྱུ། འཆར་འགོད་རྣམ་གྲངས་རྗེས་འདེད་ཚོད་སྐོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འཆར་འགོད་རྣམ་གྲངས་ཀྱི་དུས་དཀྱིལ་ལེགས་སྒྲིག་ལས་དོན་ཡག་པོ་བསྒྲུབ་རྒྱུ། གཙོ་གནད་རྣམ་གྲངས་ཞིབ་བཤེར་དང་རྩིས་བཤེར་ལམ་ལུགས་ནན་པོ་བཟོ་རྒྱུ་དང་། གཙོ་གནད་རྣམ་གྲངས་ལ་དྲ་ཐོག་ནས་ལྟ་འདོམས་བྱ་རྒྱུ་ཚགས་ཚུད་དུ་གཏོང་རྒྱུ། ལས་གྲྭ་འཛུགས་སྐྲུན་གྱི་རིགས་གཅིག་མཁས་ཅན་གྱི་བློ་འདྲི་དང་ཚོད་སྐོར་རིགས་སྒྲུབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། མ་འཇོག་རྣམ་གྲངས་དང་། སྤྱི་ཚོགས་བརྟན་ལྷིང་། ཉེན་ཁའི་དོ་དམ་བཅས་ལ་ཤུགས་སྣོན་རྒྱག་རྒྱུ།

ས་བཅད་བཞི་པ། སྤྱི་ཚོགས་ཡོངས་ཀྱི་ཧུར་སེམས་ལ་སྐུལ་སློང་གཏོང་རྒྱུ།

འཆར་འགོད་འདི་དྲིལ་བསྒྲགས་གསལ་འགྲེལ་ཡག་པོ་བྱས་ཏེ་ཚགས་པ་དང་དུས་དེབ་དང་། རྒྱང་བསྒྲགས། བརྙན་འཕྲིན། དྲ་རྒྱ་སོགས་སྨྱན་སྦྱོར་བརྒྱུད་དེ་དྲིལ་བསྒྲགས་ཤུགས་ཆེ་བྱས་ནས། འཆར་འགོད་འདིའི་བསམ་གཞི་དང་། དམིགས་ཚད། ལས་འགན། བྱ་ཐབས་བཅས་ཁྱིམ་ཚང་ཚང་མས་ཤེས་པ་དང་མི་སེམས་ལ་ཟུག་པ་བྱས་ཐོག མི་རིགས་ཁག་གི་མང་ཚོགས་ཀྱི་བདག་པོའི་འདུ་ཤེས་དང་། མི་རིགས་ཁག་གི་མང་ཚོགས་ཚོས་སྤྲོ་སྣང་ཆེན་པོས་ཞུགས་པ་དང་། སྐུལ་སྤེལ་ཧུར་ཐག རྒྱ་ཁྱབ་ངང་ལྟ་སྐུལ་བཅས་བྱ་རྒྱུར་སྐུལ་སློང་གཏོང་རྒྱུ། ས་གནས(གྲོང་ཁྱེར)ཁག་དང་སྡེ་ཚན་ཁག་གིས་རང་ས་གནས་དང་ལས་རིགས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གསར་གཏོད་རང་བཞིན་གྱི་ལས་དོན་བསྒྲུབ་ཐོག འཆར་འགོད་འདིའི་ནང་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་རྣམས་ཞིབ་ཕྲའི་བྱ་ཐབས་ཁག་ནང་དོན་འཁྱོལ་ཐུབ་པ་བྱ་རྒྱུ། ཁྲོམ་རའི་གསོན་ཤུགས་སྐུལ་སྤེལ་ཤུགས་ཆེ་གཏོང་རྒྱུ་དང་འཆར་འགོད་ལག་བསྟར་བྱེད་པའི་ཁྲོད་ཁྲོམ་ར་གཉེར་མཁན་གྱི་རང་འགུལ་རང་བཞིན་དང་གསར་གཏོད་རང་བཞིན་སྐུལ་སྤེལ་བཏང་སྟེ་སྤྱི་ཚོགས་ཡོངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་ཐོག་འཆར་འགོད་ལག་བསྟར་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱ་རྒྱུ།

ལེའུ་ཞེ་གཉིས་པ། འཆར་འགོད་ཀྱི་ཚོད་སྐོར་དང་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་རྒྱུ།

འཆར་འགོད་ལག་བསྟར་བྱས་ཚུལ་ལ་ཚོད་སྐོར་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དང་། རྗེས་འདེད་ལྟ་ཞིབ་ཚད་ལེན་དང་མཇུག་འབྲས་བེད་སྤྱོད་ཤུགས་ཆེ་བྱས་ནས། འཆར་འགོད་ལག་བསྟར་གྱི་ཕན་འབྲས་ཆེ་རུ་བཏང་ཐོག སྤྱི་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཆེ་རུ་འགྲོ་བ་བྱ་རྒྱུ།

ས་བཅད་དང་པོ། ཚོད་སྐོར་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

གསར་གཏོད་དང་། མཐུན་སྦྱོར། འབྱུང་འཕྲོད། སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་གོང་འཕེལ་བྱས་རྗེས་ལ་གདེང་འཇོག་བྱེད་པའི་མ་ལག་བཙུགས་ཐོག འཆར་འགོད་འདིའི་ནང་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལ་གཞིགས་ཏེ་འགན་འཁྲི་འཁུར་མཁན་དང་ལག་བསྟར་བྱེད་ཚད་ཀྱི་བླང་བྱ་ཁ་གསལ་བཟོ་རྒྱུ་དང་། རིགས་དབྱེ་གདེང་འཇོག་བྱས་ནས་གཙོ་གནད་དུ་དཔལ་འབྱོར་གོང་འཕེལ་དང་། དམངས་ཀྱི་བདེ་རྩ། གསར་གཏོད་ཀྱིས་འདེད་སྒུལ། འབྱུང་ཁམས་ཤེས་དཔལ་ལྡན་པ་བཅས་ཀྱི་ཁྱབ་ཁོངས་ལ་དམིགས་ནས། ས་གནས(གྲོང་ཁྱེར)སྲིད་འཛིན་ཀུང་ཧྲུའུ་(སྲིད་གཞུང)དང་སྡེ་ཚན་ཁག་གིས་འཆར་འགོད་འདིའི་དམིགས་ཚད་ལས་འགན་ལེགས་གྲུབ་བྱས་ཚུལ་ལ་ཕྱོགས་བསྡུས་གདེང་འཇོག་དང་ཞིབ་དཔྱད་བྱ་རྒྱུ། ས་གནས(གྲོང་ཁྱེར)དང་སྡེ་ཚན་ཁག་གིས་འཆར་འགོད་ལག་བསྟར་བྱ་རྒྱུ་སྒྲིག་འཛུགས་དང་། མཐུན་སྦྱོར། ལྟ་སྐུལ་མཛུབ་ཁྲིད་བཅས་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། འཆར་འགོད་ལག་བསྟར་བྱས་ཚུལ་ལ་སྐབས་བསྟུན་ལྟ་ཞིབ་ཚད་ལེན་དང་ཚོད་སྐོར་བྱེད་པའི་ལས་དོན་སྤེལ་ཐོག ལྟ་ཞིབ་ཚད་ལེན་དང་ཚོད་སྐོར་བྱས་འབྲས་དེ་སྲིད་གཞུང་གི་ལས་དོན་ལེགས་བཅོས་དང་ལས་རྗེས་ཞིབ་དཔྱད་ཀྱི་གལ་ཆེའི་གཞི་འཛིན་ས་ཞིག་ཏུ་བརྩི་རྒྱུ།

ས་བཅད་གཉིས་པ། འཆར་འགོད་ཀྱི་རྗེས་འདེད་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་རྒྱུ།

ལྟ་ཞིབ་ཚད་ལེན་དང་ཚོད་སྐོར་བྱེད་པའི་ནུས་པ་འཛུགས་སྐྱོང་དང་སྡོམ་རྩིས་ལས་ཀར་ཤུགས་སྣོན་བརྒྱབ་ནས། འཆར་འགོད་ལག་བསྟར་བྱས་ཚུལ་རྗེས་འདེད་དབྱེ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་ཕྱོགས་གསུམ་པས་ཚོད་སྐོར་བྱེད་དུ་འཇུག་རྒྱུ། སྡེ་ཚན་ཁག་གིས་འཆར་འགོད་ཀྱི་འབྲེལ་ཡོད་ཁྱབ་ཁོངས་སུ་ལག་བསྟར་བྱས་ཚུལ་ལ་ཚོད་སྐོར་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་ཞིབ་བཤེར་དང་ལེན་བྱེད་རྒྱུ། འཆར་འགོད་ལག་བསྟར་བྱེད་པའི་དུས་དཀྱིལ་ཚོད་སྐོར་བྱས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུ། རྩ་གནད་འདིར་བཟོ་སྒྲིག་བྱེད་དགོས་བྱུང་ཚེ་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་ཆོག་མཆན་ཐོབ་རྗེས་ལག་བསྟར་བྱེད་རྒྱུ།

“ལོ་ལྔ་ཚན་བཅུ་གསུམ་པའི”གོང་འཕེལ་དམིགས་ཚད་མངོན་གྱུར་ཡོང་བའི་མདུན་ལྗོངས་ནི་འོད་ཟེར་དང་མཛེས་སྡུག་ལྡན་པ་དང་། ལས་འགན་ནི་ལྕི་ལ་དཀའ་ཚེགས་ཆེ་བ་ཞིག་རེད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། དམངས་སེམས་གཅིག་སྒྲིལ་དང་། གསར་འབྱེད་གསར་གཏོད། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཐོག དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་སྤེལ་ཤུགས་ཆེ་གཏོང་རྒྱུ་དང་། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུར་འབད་འཐབ་ལྷོད་མེད་བྱས་ཐོག ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ལེའུ་གསར་པ་རྩོམ་དགོས།

(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པའི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང་)

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།