ཆེ་དགྲ་ལྷས་ལྷ་ས་གྲོང་ཁྱེར་གྱི་གནད་སྨིན་དབུལ་སྐྱོར་ལས་དོན་ལ་རྟོག་ཞིབ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས26ཉིན་གྱི་སྔ་དྲོར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྷ་ས་གྲོང་ཨུའི་ཧྲུའུ་ཅི་ཆེ་དགྲ་ལྷ་སྟག་རྩེ་དང་ཆུ་ཤུར་རྫོང་གཉིས་སུ་ཕེབས་ཏེ་གནད་སྨིན་དབུལ་སྐྱོར་དང་ཡུལ་གཞན་དུ་གནས་སྤོའི་ལས་དོན་ཐད་རྟོག་ཞིབ་གནང་བ་རེད།

སྟག་རྩེ་རྫོང་བཟོ་ལས་གླིང་དོ་དམ་ཨུ་ལྷན་དུ་ཆེ་དགྲ་ལྷས་གླིང་དེའི་ཁེ་ལས་ཀྱི་འབྲེལ་ཡོད་ཐོན་རྫས་ལ་གཟིགས་པ་དང་ཁེ་ལས་ཀྱིས་ཞིང་འབྲོག་པ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུའི་སྣེ་འཁྲིད་ཚུལ་མཁྱེན་རྟོགས་གནང་བ་རེད། སྟག་རྩེ་རྫོང་དུ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི“ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”ཆ་སྒྲིག་རོགས་སྐྱོར་འགོ་ཁྲིད་ཚོགས་ཆུང་འཕྲལ་མར་བཙུགས་པ་དང་སྟག་རྩེ་རྫོང་བཟོ་ལས་གླིང་གིས་བྱ་ཐབས་སྣ་ཚོགས་སྤྱད་དེ་ཞིང་འབྲོག་པར་ལས་ཞུགས་ཀྱི་གོ་སྐབས་བཏོད་ནས་མིག་སྔར་གནས་སྤོའི་དུད་ཚང་གི་ཞིང་འབྲོག་པ59ལས་ཞུགས་ཐུབ་རོགས་བྱས་པ་མཁྱེན་རྟོགས་བྱུང་རྗེས་ཆེ་དགྲ་ལྷས་ཁས་ལེན་གང་ལེགས་གནང་བ་རེད། 

བོད་ལྗོངས་ཧྲེང་ཤིན་བཟོ་ལས་ཚོང་དོན་ཚད་ཡོད་ཀུང་སིས་གཙོ་བོ་འབྲི་གཡག་གི་ཁུ་ལུའི་བཟོས་རྫས་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཀྱི་ཡོད། ཁེ་ལས་ཀྱི་ཐོན་སྐྱེད་འཁོར་ཁང་ནང་ཆེ་དགྲ་ལྷས་གནད་སྨིན་དབུལ་སྐྱོར་གྱིས་ལས་ཞུགས་གཞན་སྒྱུར་བྱུང་བའི་ཞིང་འབྲོག་པ་ཚོར་བྱམས་བརྩེའི་ངང“ཟླ་བ་གཅིག་ལ་ཡོང་འབབ་ག་ཚོད་ཡོང་གི་འདུག་གམ། དཀའ་ལས་ཁག་པོ་འདུག་གམ། ལས་ཀ་དེར་བློ་ཡིད་ཚིམས་པོ་འདུག་གམ”ཞེས་པ་སོགས་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། བཟོ་པ་ཚོས་བློ་ཡིད་ཚིམས་པོའི་སྒོ་ནས་བཟོ་གྲྭར་གླ་པ་བྱས་པར་ཟླ་རེར་ཡོང་འབབ་སྒོར3000ལྷག་ཙམ་ཡོང་གི་འདུག་ལ་ལོ་ལྟར་ཞིང་བྲེལ་གྱི་དུས་སུ་ཀུང་སིས་ད་དུང་ངལ་གསོ་ཟླ་བ་གཅིག་ཙམ་འཇོག་གི་འདུག་པས་ཞིང་ལས་དང་འབབ་འཕར་གཉིས་ཀར་འཐུས་ཤོར་འགྲོ་གི་མི་འདུག་ཅེས་བརྗོད། ཆེ་དགྲ་ལྷས་གསན་རྗེས་དགྱེས་ཚོར་ཆེན་པོས། ཚང་མར་བློ་བདེ་པོས་ལས་ཀ་བྱས་ཏེ་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཕྱུག་པོ་ཆགས་པ་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད། ཁོང་གིས་ཁེ་ལས་ལ་སྤུས་རྟགས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་ཐོན་སྐྱེད་ཀྱི་གཞི་ཁྱོན་སྔར་བས་རྒྱ་ཆེར་གཏོང་བ་དང་རྒྱལ་ཁབ་ཕྱི་ནང་གི་འཁལ་འཐག་ཐོན་ལས་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་སློབ་སྦྱོང་བྱས་ནས་ལས་སྣོན་ཞིབ་ཚགས་བྱེད་པ་དང་སྤུས་ཚད་མཐོ་རུ་བཏང་ཐོག་ནུས་ཤུགས་ཡོད་རྒུས་ལྗོངས་ཡོངས་ཀྱི་འཁལ་འཐག་ཐོན་རྫས་ཀྱི་སྤུས་རྟགས་རྩེ་གྲ་གཏོད་དགོས་པ་དང་སྟག་རྩེ་རྫོང་གིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ལས་དོན་དང་གླིང་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མང་ཚོགས་དབུལ་པོ་གླིང་ཁུལ་ནང་གླ་པ་བྱེད་པར་ཡོང་རྒྱུར་སྐུལ་མ་བཏང་ནས་ཞིང་འབྲོག་མང་ཚོགས་ཚོར་ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་གཏོད་པ་དང་ཁོང་ཚོར་ལག་གཉིས་ལ་བརྟེན་ནས་རང་མགོ་རང་ཐོན་དང་བསམ་བློའི་ཐོག་རང་འགུལ་ངང་དབུལ་སྒྲོལ་ཡོང་བ་བྱེད་པའི་ནང་གནས་སྒུལ་ཤུགས་འཕེལ་བ་བྱ་རྒྱུའི་སྐུལ་མ་གཏོང་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

རྟོག་ཞིབ་གནང་སྐབས། ཆེ་དགྲ་ལྷས་ལས་རིགས་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་མ་གཏོང་དགོས། ས་གཙང་ལྷད་མེད་ཐོན་མཐོའི་འདེབས་འཛུགས་ལས་རིགས་དང་ཁྱད་ལྡན་གསོ་ཚགས་ལས་རིགས་སོགས་ལེགས་ལྡན་ཐོན་ལས་ལ་དམིགས་ནས“ཁེ་ལས་དང་། རྟེན་གཞི། མཉམ་ལས་ཁང་། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱས་ཏེ་ས་གཙང་ལྷད་མེད་ཐོན་ལས་གཞི་ཁྱོན་ཅན་དང་། ཆེད་ལས་ཅན། སྤུས་རྟགས་ཅན་བཅས་སུ་འཕེལ་རྒྱས་གཏོང་ཐུབ་པ་བྱེད་དགོས། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་གཞིས་འཛུགས་པ་དང་གྲོང་གསེབ་ཀྱི་སྣོད་བཅུད་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་དམིགས་ནས། ས་ཁུལ་དབུལ་པོའི་ཁྱད་ལྡན་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ཧུར་ཐག་བྱས་ཏེ་ཞིང་འབྲོག་པ་དེ་བས་མང་བ་དང་ལྷག་དོན་དུ་མི་འབོར་དབུལ་པོ་རྣམས་ས་གནས་དེ་གར་ཞིང་འབྲོག་པའི་སྤྲོ་སྐྱིད་ཁང་དང་། གྲོང་གསེབ་ཀྱི་འགྲུལ་ཁང་། སྣེ་ལེན་ཞབས་ཞུ། རང་ཁྱིམ་གྱི་ཞིང་ཞོར་ཐོན་རྫས་ཕྱིར་ཚོང་སོགས་ཡུལ་སྐོར་གཉེར་སྐྱོང་ཞབས་ཞུའི་རྣམ་གྲངས་ནང་ཞུགས་ཏེ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱེད་དགོས། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་མང་ཚོགས་རྣམས་ལ་བསམ་བློའི་སློབ་གསོ་དང་སྔོན་ཐོན་རིག་གནས་སློབ་གསོ་རྒྱག་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གནས་སྤོའི་མང་ཚོགས་རྣམས་ས་གནས་དེ་གའི་སྤྱི་ཚོགས་ནང་ཞུགས་ཐུབ་ནས་གནས་སྤོའི་མང་ཚོགས་སེམས་གནས་ཐུབ་པ་མ་ཟད“གཏོགས་སེམས”དེ་བས་ལྡན་པ་བྱེད་དགོས། ཞིང་འབྲོག་པ་སྣེ་འཁྲིད་ཧུར་ཐག་བྱས་ཏེ་ཚོང་རྒྱག་པ་དང་། བྱ་གཞག་གསར་གཏོད། ཡུལ་སྐོར་ཞབས་ཞུ། ནང་ལས། ཐོན་ལས་གླིང་དུ་ལས་ཞུགས་ཡོང་བ་བྱས་ནས་གནས་སྤོའི་མང་ཚོགས་བཀོད་སྒྲིག་བྱས་རྗེས་ཀྱི་ལས་ཞུགས་དང་འབབ་འཕར་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་གནས་སྤོའི་མང་ཚོགས་ཚོར“ཐོབ་སེམས”དང“བདེ་སྐྱིད་ཚོར་སེམས”དེ་བས་ཆེ་བ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།