གཞིས་རྩེས་གནད་སྨིན་དབུལ་སྐྱོར་གྱི“གཤམ་སྤེལ་གསུམ”གྱི་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། གྲོང་ཁྱེར་དེས་སྤེལ་བའི་གནད་སྨིན་དབུལ་སྐྱོར་གྱི“གཤམ་སྤེལ་གསུམ”སྟེ(སྲིད་ཇུས་གཤམ་སྤེལ་དང་། གསོ་སྦྱོང་གཤམ་སྤེལ། འཚམས་འདྲི་གཤམ་སྤེལ)བཅས་ཀྱི་བྱེད་སྒོ་དེ་བསམ་གྲུབ་རྩེ་ཆུས་དང་། ས་སྐྱ་རྫོང་སོགས་རྫོང(ཆུས)9ལ་ཁྱབ་པ་དང་། རིམ་རྩིས་བྱས་ན། ཁྱོན་མང་ཚོགས་དང་གཞི་རིམ་ལས་བྱེད་པ6800ལྷག་ཙམ་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱིས་མང་ཚོགས་ཚོས་སྲིད་ཇུས་ལ་ཤེས་རྟོགས་བྱེད་ཚད་མཐོ་རུ་གཏོང་རྒྱུ་འགོ་འཛུགས་སར་བྱས་ནས། ལས་ཞུགས་ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་དང་དུད་ཚང་དབུལ་པོར་ཡིག་ཚགས་དང་གཱ་བཟོ་བའི་རོགས་སྐྱོར་སྲིད་ཇུས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་སྟེ་གསོ་སྦྱོང་སྲིད་ཇུས་ཁྲོད་ཀྱི་གསོ་སྦྱོང་བྱ་ཡུལ་དང་། གསོ་སྦྱོང་དུས་ཚོད། གསོ་སྦྱོང་རིགས། གསོ་སྦྱོང་ཁ་གསབ་ཚད་གཞི། ལས་ཞུགས་འདུན་ལམ་སོགས་ལ་དམིགས་ནས་རེ་རེ་བཞིན་ངོ་སྤྲོད་བྱས་ནས“སྒུག་རྟེན་སློང་གསུམ”གྱི་མང་ཚོགས་ཀྱི་བསམ་བློར་འགྱུར་ལྡོག་ཧུར་ཐག་བཏང་ཡོད། དེ་དང་ཆབས་ཅིག ལས་ཞུགས་གསོ་སྦྱོང་ཐད་ཀྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་ཐད་ནས་རོགས་སྐྱོར་དང་། མ་དངུལ་ཐད་ནས་རོགས་སྐྱོར་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་བྱེད་སྒོར་ཞུགས་མཁན་མང་ཚོགས་ཚོར་བྱེད་སྒོ་སྤེལ་ཡུལ་དུ་འབྲེལ་གཏུག་དང་མི་ཐོ་འགོད་པའི་ཆ་རྐྱེན་བཏོད་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། དྲིལ་བསྒྲགས་སློབ་གསོ་བཏང་བ་བརྒྱུད་ཞིང་འབྲོག་པ་ཕྱིར་གླ་པར་སྐྱོད་པའི་འཇོན་ཐང་དང་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་ནས་གྲོང་ཁྱེར་དེས2017ལོའི་ལས་ཞུགས་གཞན་སྒྱུར་གྱི་དབུལ་སྒྲོལ་ལས་དོན་ཡག་པོ་སྒྲུབ་ཆེད་རྨང་གཞི་ཡག་པོ་ཞིག་བཏིང་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།