དུས་རབས་གསར་པའི་ལས་བྱེད་པ་གྲོང་སྡོད་ལས་དོན་གྱི་ལེའུ་གསར་པ་རྩོམ་དགོས།

དུས་རབས་གསར་པར་ངོ་མཚར་བྱས་རྗེས་འཇོག ལེའུ་གསར་པ་མུ་མཐུད་རྩོམ་པར་འབད། ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་སྡོད་ཁག་བདུན་པའི་ཕྱོགས་སྡོམ་གཟེངས་བསྟོད་དང་ཁག་བརྒྱད་པའི་སྐུལ་སློང་ཚོགས་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ནས་སྔོན་ཐོན་ལ་གཟེངས་བསྟོད་དང་། གྲུབ་འབྲས་ཕྱོགས་སྡོམ། ལས་དོན་བཀོད་སྒྲིག་བཅས་བྱས་ཡོད་པས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པའི་སྤྲོ་སེམས་རབ་ཏུ་འཕེལ་བར་སྔར་བས་སྐུལ་སློང་ཐུབ་པ་དང་། དུས་རབས་གསར་པར་ལས་བྱེད་པ་གྲོང་སྡོད་ལས་དོན་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་ཐོབ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཕྱིར་ལེགས་སྐྱེས་གསར་པ་འབུལ་ཐུབ་ངེས་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་བྱེད་པ་གྲོང་སྡོད་ལས་དོན་ཐད་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གནང་ནས“གྲོང་སྡོད་ལས་བྱེད་པ་མངགས་གཏོང་ཡག་པོ་བྱས་ནས་གཞི་རིམ་གྱི་དབུལ་སྐྱོར་ལས་བྱེད་པ་བལྟོས་བཅས་བརྟན་པོ་མཐའ་འཁྱོངས་དང་། ལས་ཀའི་རྒྱུན་མཐུད་རང་བཞིན་དང་ནུས་ལྡན་རང་བཞིན་མཐའ་འཁྱོངས་བྱེད་དགོས”དང“གྲོང་ཚོ་དབུལ་པོ་ཚང་མར་གྲོང་སྡོད་ལས་དོན་རུ་ཁག་ཡོད་པ་དང་། དུད་ཚང་དབུལ་པོ་ཚང་མར་རོགས་སྐྱོར་འགན་ཁུར་བ་ཡོད་པ་བྱེད་དགོས”ཞེས་བླང་བྱ་ཁ་གསལ་བཏོན་གནང་ཡོད་ལ། “ན་གཞོན་ལས་བྱེད་པ་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ཕྱོགས་དང་པོར་སྦྱོང་བརྡར་བྱེད་པར་བསྐྱོད་རྒྱུར་སྐུལ་ལྕག་བྱེད་དགོས”དང“གྲོང་བསྟུན་མི་མངགས་ཀྱིས་གནད་སྨིན་ཐུབ་པ་བྱེད་དགོས”ཞེས་ནན་བཤད་ཐེངས་མང་གནང་ཡོད།

ང་ཚོས་དུས་རབས་གསར་པར་ལས་བྱེད་པ་གྲོང་སྡོད་ལས་དོན་གྱི་ཧ་ཅང་གལ་འགངས་ཆེ་བའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས་བསམ་བློ་དང་བྱ་སྤྱོད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱར་གཞིགས་པ། དེ་བས་ཆེ་བའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས། དེ་བས་ལེགས་པའི་བསམ་པའི་ཉམས་འགྱུར། དེ་བས་ཏན་ཏིག་གི་ལས་ཀའི་སྤྱོད་ཚུལ་བཅས་ཀྱིས་རྩ་ལག་མཉམ་བཅོས་དང་རྩ་བཅོས་གཙོ་བཟུང་མཐའ་འཁྱོངས་བྱེད་པ་དང་། མི་རྒྱུ་དངོས་གསུམ་གཞི་རིམ་ལ་མང་ཙམ་ཕྱོགས་པ་མཐའ་འཁྱོངས་བྱེད་པ། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་དོན་མང་ཙམ་སྒྲུབ་པ། རིམ་པ་ཟབ་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་མང་ཙམ་བྱེད་པ། རྒྱུན་སྲིང་ལྷོད་མེད་ངང་གྲོང་སྡོད་ལས་དོན་ཏན་ཏིག་དང་ཞིབ་ཚགས་སྒྲུབ་པ་བཅས་བྱས་ཏེ་ཕྱོགས་ཡོངས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་མགྱོགས་མྱུར་བྱེད་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གཞི་རིམ་གྱི་བཅོས་སྐྱོང་འཇོན་ཐང་ཆེ་རུ་གཏོང་བའི་དེང་རབས་ཅན་ལ་དམིགས་ནས་ཐོག་མཐའ་བར་གསུམ་དུ་ལས་བྱེད་པ་གྲོང་སྡོད་བྱེད་པ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་ནན་ཏན་བསྟར་ཏེ་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་དང་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཏུ་བརྩིས་ཡོད། ལྷག་དོན་དུ་ཧྲུའུ་ཅི་ཝུའུ་དབྱིང་ཅེས་རང་ལྗོངས་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་འགལ་ཟླའི“འགྱུར”དང“མི་འགྱུར”ལ་གཞིགས་ནས་དུས་རབས་གསར་པར་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་དངོས་ཡོད་དགོས་མཁོར་གཞིགས་པ། གཙོ་གནད་ལ་དོ་ཁུར་དང་། གནད་སྨིན་ཤུགས་འདོན། སྲ་བརྟན་མཐོར་གཏོང་གི་བླང་བྱར་གཞིགས་པ། གྲོང་སྡོད་བཀོད་ཇུས་གནད་སྨིན་ལེགས་སྒྲིག་བྱེད་པ། ལས་དོན་རུ་མི་གནད་སྨིན་འདེམས་གཏོང་བྱེད་པ། དཔྱད་ཞིབ་དོ་དམ་གནད་སྨིན་བྱེད་པ། གྲོན་དངུལ་བེད་སྤྱོད་གནད་སྨིན་སྤྱི་འདོམས་བྱེད་པ། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་བསམ་བློའི་ཐུན་མོང་ངོས་འཛིན་སྔར་བས་གཅིག་ཏུ་སྒྲིལ་བ་བཅས་བྱས་པས“བརྟན་ལྷིང་ཐད་རང་འགུལ་དུ་འགྱུར་བའི”རྣམ་པ་བཟང་པོ་ཆགས་པར་སྐུལ་འདེད་ཐུབ་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དངོས་པོའི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་པ། ཏང་གི་སྲིད་འཛིན་རྨང་གཞི་སྔར་བས་བརྟན་དུ་ཕྱིན་པ། ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་པ། གྲོང་སྡོད་ལས་བྱེད་པའི་འཇོན་ཐང་སྔར་བས་ཆེ་རུ་དང་སྤྱོད་ཚུལ་ལེགས་སུ་ཕྱིན་པ། གྲོང་སྡོད་ལས་བྱེད་པས་ལྗོངས་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སྙིང་དབུས་ནས་བརྩི་བཀུར་དང་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་ཡོད། ལས་བྱེད་པ་གྲོང་སྡོད་ཀྱི་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་ལག་ལེན་ལས་ར་འཕྲོད་གང་ལེགས་ཐུབ་ཡོད།

མིག་སྔར། རང་ལྗོངས་ཀྱི་གཞི་རིམ་གྱི་རྨང་གཞིའི་ལས་དོན་སྤྱིའི་ཆ་ནས་ད་དུང་ཡོངས་ཁྱབ་ཏུ་ཤུགས་སྣོན་རྒྱག་དགོས་པའི་དུས་མཚམས་སུ་གནས་ཡོད། དུས་རབས་གསར་པར་ལས་བྱེད་པ་གྲོང་སྡོད་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རྩ་འཛུགས་ཀྱི་བྱེད་ཐབས་ནུས་ལྡན། ལས་བྱེད་པར་སྦྱོང་བརྡར་དང་། སྤྱོད་ཚུལ་ལེགས་གཏོང་། ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་བའི་ལས་སྟེགས་གལ་ཆེན་བཅས་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་ཏན་ཏིག་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་སྔ་བར་ཕྱི་གསུམ་དུ་མཐའ་འཁྱོངས་བྱེད་པ། ལྗོངས་ཏང་ཨུད་ཀྱིས་གསལ་སྟོན་གནང་བའི“གཙོ་གནད་ལས་འགན་བདུན”ལ་དམ་པོར་དམིགས་པ། གཞི་ཚུགས་ས་དང་ཤུགས་རྒྱག་ས། འགོ་འཛུགས་ས། དོན་ལ་བབས་ས་བཅས་ལ་དོ་ཁུར་ཧུར་ཐག་བྱེད་པ། ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་མུ་མཐུད་གཏིང་ཟབ་སྤེལ་བ། དབུལ་སྒྲོལ་འགག་སྒྲོལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། གཞི་རིམ་རྩ་འཛུགས་རྒྱ་སྟོབས་ཆེ་རུ་གཏོང་བ། གོམས་སྲོལ་སྒྱུར་བར་སྐུལ་འདེད་ཤུགས་ཆེན་གཏོང་བ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཧྲུའུ་ཅི་དང་པོ་བརྗེ་རེས་ལས་དོན་ཏན་ཏིག་དང་ལེགས་པར་སྒྲུབ་པ། མང་ཚོགས་ལ་དྲིལ་བསྒྲགས་སློབ་གསོ་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་ཧུར་ཐག་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་ལ་ཚད་བརྒལ་གསར་པ་ཡོང་བ། གྲོང་གསེབ་དར་རྒྱས་ལ་བྱ་སྤྱོད་གསར་པ་མངོན་པ། བརྟན་ལྷིང་སྲུང་སྐྱོང་ལ་རྒྱལ་ཁ་གསར་པ་ལེན་པ། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བར་རྣམ་པ་གསར་པ་གཏོད་པ་བཅས་བྱས་ནས་དུས་རབས་གསར་པར་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

“རླབས་ཆེན་གྱི་ཕུགས་འདུན་ནི་སྒུག་པ་དང་འབོད་ཚིག་སྒྲོག་པ་ཁོ་ན་ཞིག་མིན་པར། དེ་ནི་དཀའ་སྤྱད་འབད་བརྩོན་ལ་བརྟེན་པ་ཞིག་རེད”གྲོང་སྡོད་ལས་དོན་གཏིང་ཟབ་སྤེལ་བ་དང་། གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཏང་གི་སྲིད་འཛིན་རྨང་གཞི་བརྟན་དུ་གཏོང་བ་བཅས་ཀྱི་ལས་འགན་ལྕི་ལ་འགན་འཁྲི་གཟི་བརྗིད་ལྡན་པ་ཞིག་ཡོད་པས་ངེས་པར་དུ་འགོ་ནས་མཇུག་བར་ཚད་མཐོའི་མཐོང་ཆེན་དང་། འགོ་ཁྲིད་ལ་ཤུགས་སྣོན། སྒྲིག་འཛུགས་ཞིབ་ཚགས། དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་གྲོང་སྡོད་ལས་བྱེད་པ་ཚོས་ལྗོངས་ཏང་ཨུད་ཀྱི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་རེ་འདུན་བློ་ལ་བརྟན་པོར་ངེས་པ། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་སྡོད་བཀོད་སྒྲིག་ལེགས་སྒྲིག་བྱེད་པ། གཟུགས་བརྙན་བཟང་པོ་གཏོད་པ། གྲོང་སྡོད་སྒྲིག་ཁྲིམས་ནན་དུ་གཏོང་བ། གླེང་ཕྱོགས་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ། ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་དུ་སྐྱོད་པ། བློ་གཅིག་སེམས་གཅིག་དང་འབད་འབུངས་ཡར་བརྩོན་བྱེད་པ། ལས་བྱེད་པ་གྲོང་སྡོད་ལས་དོན་གྱི་གྲུབ་འབྲས་གསར་པ་དེ་བས་ཆེ་བ་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱས་ནས་ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།