འཇུན་པ་བ་དང་འཇུན་པའི་ཀོ་གྲུ།

res01_attpic_brief.jpg

res16_attpic_brief.jpg

res07_attpic_brief.jpg

res19_attpic_brief.jpg

res22_attpic_brief.jpg

འཇུན་པ་གྲོང་ཚོ་ནི་ལྷ་ས་སྐྱིད་ཆུ་དང་ཡར་ཀླུང་གཙང་པོ་གཉིས་སྦྲེལ་མཚམས་ཀྱི་བྱང་ངོས་སུ་ཆགས་ཡོད། ཉེ་བའི་ལོ་ཤས་རིང་། གྲོང་མི་ཚོའི་འཚོ་བའི་ཆ་རྐྱེན་ཉིན་བཞིན་ལེགས་སུ་ཕྱིན་ནས་ཉ་བཟུང་སྟེ་འཚོ་ཐབས་བྱེད་པའི་སྲོལ་རྒྱུན་ཡང་རྒན་རྒོན་ཚོའི་ངག་རྒྱུན་དུ་གྱུར་མོད། འོན་ཏེ་ཉ་འཛིན་བྱེད་ཀོ་གྲུར་མི་རྣམས་ཀྱིས་དོན་སྙིང་གསར་པ་ཞིག་བསྣན་ཡོད།

ཀོ་གྲུ་ཆེ་ཤོས་ཤིག་བཟོ་བར་ནོར6གི་པགས་པ་དགོས་པ།

ལྷ་ས་སྐྱིད་ཆུ་དལ་གྱིས་རྒྱུག་ཅིང་། སྲིབ་འོག་ཏུ་ཆུ་ལམ་འགར་འཁྱགས་པ་སྲབ་པོ་ཐེབས་པའི་ཐོག་ཆུ་བྱ་ཁྱུ་དང་ཁྱུ་བྱས་ནས་རྩེད་འཇོར་རོལ་བཞིན་འདུག་ལ། འཇུན་པ་བའི་མི་རབས་ནས་མི་རབས་བར་འཚོ་ཐབས་བྱེད་སའི་ཆུ་བོའི་གཞུང་དེ་ད་ཆ་དུས་བྱ་དགུན་སྒྲོལ་བྱེད་སའི་གནས་མཆོག་ཅིག་ཏུ་གྱུར།

འཇུན་པ་གྲོང་ཚོའི་གཙང་སྦྲ་དོད་པའི་ཨར་འདམ་ལམ་ཆུང་དུ་གྲོང་མི་མང་པོས་ཀོ་བ་སྐམ་བཞིན་ཡོད་པ་དང་། གྲོང་མིའི་སྒོ་རྩར་ཀོ་གྲུ་རེ་རྩིག་པར་བསྙེས་ནས་བཞག་ཡོད་པ་དེ་ཡུལ་དེའི་ཁྱད་འཕགས་ཀྱི་ཡུལ་ལྗོངས་ཞིག་ཏུ་གྱུར།

“ཀོ་གྲུ་ཆེ་ཤོས་ཤིག་བཟོ་བར། ནོར6གི་པགས་པ་དགོས་པ་དང་ཀོ་གྲུ་བཟོས་རྗེས་སྤྱིར་ན་ལོ་གསུམ་བཞི་བེད་སྤྱོད་ཆོག”ཅེས་ཚུན་ཀྲང་བཀྲ་ཤིས་ཟླ་བས་རང་ཁྱིམ་གྱི་སྒོ་རའི་ནང་བསྡད་དེ་ཀོ་བ་བྲེག་བཞིན་དུ་བཤད། གམ་གྱི་ས་སྟོང་དུ་སྐྱེས་པ་འགའ་ས་ཁབ་ལ་སྐུད་པ་བརྒྱུས་ནས་ཀོ་བ་ཚེམ་བཞིན་འདུག “དེ་རིང་ང་ཚོས་བཟོ་བའི་ཀོ་གྲུ་འདིར་ནོར4ཡི་པགས་པ་སྤྱད་པ་ཡིན། ངས་ད་ལྟ་བྲེག་བཞིན་པ་ནི་གྲུ་སྒྲོམ་དང་ཀོ་བའི་གྲུ་ངོས་གཉིས་སྡོམ་བྱེད་ཀྱི་ཀོ་ཐག་ཡིན། ཀོ་གྲུ་བཟོ་རོགས་བྱེད་མཁན་གཞོན་སྐྱེས་དག་ཕུད། འདིར་ད་དུང་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྟེ་འཇུན་པའི་ཀོ་ཆས་བཟོ་རྩལ་གྱི་རྒྱུན་འཛིན་པ་ཚེ་རིང་དང་། ལོ74ལ་སླེབས་པའི་འཇུན་པ་གྲོང་ཚོའི་ལོ་ན་རྒན་ཤོས་ཀྱི་ཀོ་གྲུ་བཟོ་རྩལ་པ་ལྷག་པའང་འདིར་མཛུབ་ཁྲིད་བྱེད་པར་སླེབས་བྱུང”ཞེས་བཀྲ་ཤིས་ཟླ་བས་བཤད།

ཀོ་གྲུ་བཟོ་བར་ཟླ་ཕྱེད་ཙམ་འགོར་གྱི་ཡོད་པ།

“ཀོ་གྲུ་གཅིག་ལ་ཆ་མཚོན་ན། ཆ་ཤས་གཉིས་ལས་གྲུབ་པ་སྟེ། ཀོ་བས་བཏུམས་པའི་གྲུ་ངོས་དང་ཤིང་གིས་བཟོས་པའི་གྲུ་སྒྲོམ་གཉིས་རེད། ཀོ་གྲུ་བཟོ་བའི་བརྒྱུད་རིམ་ལ། གོམ་སྟབས་དང་པོར་ནོར་གྱི་པགས་པ་ཆ་ཚང་འགའ་ཞིག་ཉོ་བ་དང་། གོམ་སྟབས་གཉིས་པར་གཡག་ལྤགས་ཀྱི་སྤུ་སོགས་བྲེགས་ནས་གཙང་མ་བཟོ་བ། གོམ་སྟབས་གསུམ་པར་གཡག་ལྤགས་ཆུའི་ནང་སྦངས་ནས་མཉེན་པོ་བཟོ་དགོས། དེ་འདྲ་བྱུང་ན་གཞི་ནས་རྒན་ལགས་ཀྱི་བླང་བྱ་གཞིར་བཟུང་བྲེག་ཚེམ་བྱེད་ཐུབ”ཅེས་ཚེ་རིང་གིས་ཀོ་གྲུ་གཅིག་བཟོ་བར་སྤྱིར་ན་ཟླ་ཕྱེད་ཙམ་འགོར་བ་དང་དེས་མ་ཚད་ད་དུང་གྲ་སྒྲིག་ཉིན་འགའ་བྱེད་དགོས་ཀྱི་ཡོད་ཅེས་བཤད།

ཚང་མས་ཕྱར་བ་གྲུ་འདེགས་བྱས་པ་བརྒྱུད། ཀོ་བའི་གྲུ་ངོས་ཚེམ་པའི་ལས་ཀ་ཚང་མ་སྔ་དྲོར་བདེ་བླག་ངང་ལེགས་གྲུབ་བྱུང་ནས་ཀོ་ཤུབ་གྲུ་སྒྲོམ་ཐོག་ཏུ་གཡོགས་པ་རེད།

ཆུ་ཚོད་དྲུག་ཙམ་སོང་རྗེས་མཐའ་མའི་ལྷུ་ཚིགས་སུ་སླེབས་ཤིང་། གྲུ་མགོ་དང་གྲུའི་གཡས་གཡོན་གཉིས་སུ་སྐྱ་བ་འཇོག་ས་གཉིས་བཞག་པ་དང་། དེ་ནས་ཀོ་གྲུའི་ནང་ངོས་ཡོངས་སུ་སྣུམ་བྱུགས་རྗེས་ཀོ་གྲུ་གསར་རྐྱང་ཞིག་གྲུབ། ཉིན་གཉིས་གསུམ་ཉི་སྐམ་བཏང་རྗེས་སྦྱིན་བདག་གིས་ཀོ་གྲུ་སྒལ་པར་ཁུར་ནས་ཡུལ་སྐོར་བ་ཚོར་སྲོལ་རྒྱུན་གྱི“ཀོ་རྩེད”འཁྲབ་ཆོག

བགྲེས་སོང་ལྷག་པས་ཀོ་གྲུ་བཟོ་རྩལ་གྱི་རྒྱུན་བསྐྱངས་པ།

འཇུན་པ་གྲོང་ཚོའི་ཕྱོགས་གསུམ་རི་བོས་བསྐོར་བ་དང་། ཕྱོགས་གཅིག་ནས་ཆུ་བོ་དལ་གྱིས་འབབ་བཞིན་མཆིས། ཡུལ་དེར་དར་ཁྱབ་བྱུང་བའི་ཀོ་གྲུ་ནི་སྔོན་མ་འཇུན་པ་གྲོང་ཚོའི་ཉ་པ་ཚོའི་སྐྱེལ་འདྲེན་དང་འཚོ་བའི་ལག་ཆ་རྩ་ཆེན་ཞིག་རེད། སྐབས་དེ་དུས་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་ས་ཐག་རིང་བར་བརྟེན་ཉ་པ་ཚོས་ཚུར་ལོག་ཡོང་སྐབས་ངལ་བ་སེལ་ཆེད། གླུ་ལེན་གར་འཁྲབ་བྱས་པ་ལས་རིམ་བཞིན་ཀོ་རྩེད་ཅེས་པ་འདི་བྱུང་ཞིང་ད་བར་ལོ་བརྒྱ་ཕྲག་གི་ལོ་རྒྱུས་ལྡན་པ་རེད།

ད་ཆ་ལོ་ལྟར་གྱི་དབྱར་གཞུང་དུ་ས་གནས་ཁག་གི་ཡུལ་སྐོར་བ་མང་དག་གིས་ཡུལ་དེ་གའི་སྙན་གྲགས་ལ་ཡིད་སྨོན་འཆོར་ནས་ཡོང་སྟབས། ཀོ་རྩེད་འཁྲབ་རྒྱུ་དེའང་གྲོང་མི་ཚོའི་འཚོ་ཐབས་ཤིག་ཏུ་གྱུར་ཡོད། ཉི་མར་སྐམ་རྗེས་ཀོ་གྲུ་གཅིག་ལ་རྒྱ་མ་བརྒྱ་ཙམ་ཡོད་པར་བརྟེན་འཁྲབ་སྟོན་ཐེངས་གཅིག་བྱེད་པར་ཉུང་ཤོས་ལའང་མི4དགོས་ཞིང་། མི་རེས་ཀོ་གྲུ་རེ་སྒལ་པར་ཁུར་ནས་ཞབས་བྲོ་འཁྲབ་པ་དང་། འཁྲིས་ཀྱི་མི་གཉིས་པོས་གླུ་བླངས་ནས། ཞབས་བྲོ་འཁྲབ་ཐེངས་རེར་ཆུ་ཚོད་ཕྱེད་ཙམ་འགོར་གྱི་ཡོད་ལ། ཀོ་རྩེད་འཁྲབ་ཐེངས་རེ་ལ་མི་རེར་ཡོང་འབབ་སྒོར100ལྷག་ཙམ་ཡོང་གི་ཡོད།

ལོ74ལ་སླེབས་པའི་ལྷག་པས་ཀོ་རྩེད་ཞབས་བྲོ་འཁྲབ་མྱོང་མེད། ཡིན་ནའང་ཁོང་ནི་ཀོ་གྲུ་བཟོ་རྩལ་ལ་བྱང་ཆུབ་པ་ཞིག་རེད། “སྔོན་མ་པཱ་ལགས་དང་སྤོ་བོ་ལགས་ཀྱིས་ཀོ་གྲུ་བཟོ་སྐབས་ངས་འཁྲིས་སུ་བལྟས་ནས་སྡོད་ཀྱི་ཡོད། དེ་ནས་ང་རང་ལོ་20ལ་སླེབས་རྗེས་རང་ཉིད་ཀྱང་ཀོ་གྲུ་བཟོ་བའི་ལས་ཀར་ཞུགས་པ་ཡིན། སྐབས་དེར་སྟོབས་ཤུགས་ཆེ་བའི་ན་གཞོན་ཚོས་ཤུགས་ལས་རྣམས་བྱེད་པ་དང་ཉམས་མྱོང་ཕུན་སུམ་ཚོགས་པའི་རྒན་རྒོན་ཚོས་འཁྲིས་སུ་བསྡད་ནས་མཛུབ་ཁྲིད་བྱེད་ཀྱི་ཡོད” རྒན་རབས་ཚོའི་མིག་ལྟོས་ཁྲོད་ལྷག་པས་ལག་རྩལ་དེ་ཁོང་དུ་ཆུད་ཅིང་། ད་བར་ཁོང་གིས་བཟོས་པའི་ཀོ་གྲུ་སྟོང་ལ་ཉེ་བ་ཟིན་གྱི་ཡོད། “ཉེ་བའི་ལོ་ཤས་རིང་། གྲོང་ཚོའི་རྒན་རབས་རྣམས་སྔ་རྗེས་སུ་གྲོངས་པ་དང་ཆབས་ཅིག ‘ཀོ་རྩེད’ཀྱི་གདངས་དང་གཞས་ཚིག་འགའི་རྒྱུན་ཆད་མོད། འོན་ཏེ་དགའ་འོས་པ་ཞིག་ལ་གཞོན་སྐྱེས་ཚོས་མི་རབས་གོང་མའི་རྒྱུན་བསྐྱངས་ནས། ཀོ་གྲུ་བཟོ་བའི་གནའ་བོའི་བཟོ་རྩལ་འདི་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་བཞིན་ཡོད”ཅེས་བགྲེས་སོང་ལྷག་པས་སེམས་འགུལ་ཐེབས་བཞིན་དུ་བཤད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།