བདེ་སྐྱིད་འཚོ་བར་རོལ། འབྱོར་འབྲིང་ཕྱོགས་སུ་བསྐྱོད།

—— བོད་ཀྱིས་དམངས་འཚོའི་བདེ་རྩ་མུ་མཐུད་ཆེ་རུ་བཏང་བའི་སྐོར་གྱི་དངོས་བྲིས།    

“བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ”སྟེ། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་སྡེ་ཁུལ་དུ་སྐྱོད་སྐབས་རྒྱ་ལྕང་གི་ཡལ་འདབ་རྒྱས་ཤིང་། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་བོད་བཟོའི་སྡོད་ཁང་གི་ཐོག་སྟེང་དུ་ལྷབ་ལྷུབ་ཏུ་གཡོ་བ་དང་། གཙང་སྦྲ་ལྡན་པའི་གྲོང་ཚོའི་ཐང་ཆེན་དུ་ཕྲུ་གུ་ཚོས་རྩེད་མོ་རྩེ་བཞིན་འདུག

“དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། ང་ཚོའི་འཚོ་བ་ཧ་ཅང་སྐྱོ་པོ་ཡོད”ཅེས་ཁེ་གསུམ་སྡེ་ཁུལ་གྱི་ལོ74ལ་སླེབས་པའི་ཡར་ལངས་ཞིང་བྲན་བསོད་ནམས་རྡོ་རྗེས་བཤད།

དམངས་ཕན་སྲིད་ཇུས་ཆད་ལུས་མེད་པར་ལག་བསྟར་བྱས་པ།

རུ་ཐོག་གྲོང་རྫོང་ནས་བར་ཐག་སྤྱི་ལེ70ཙམ་ཡོད་པའི་ལྕགས་སྒང་གྲོང་ཚོ་ནི་བོད་ཀྱི་མཐའ་མཚམས་གྲོང་ཚོ་ཞིག་རེད། ས་ཐག་རིང་ཡང་། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཅེས་སེམས་གྲོང་ཚོ་གཞན་ལྟར་ལག་བསྟར་གཅིག་མཚུངས་བྱུང་ཡོད་ལ། དམངས་ཕན་སྲིད་ཇུས་ཆད་ལུས་མེད་པར་དུད་ཚང་དང་མི་ཚང་མར་དོན་འཁྱོལ་ཐུབ་ཡོད།

རྩྭ་ཐང་གི་སྣོད་བཅུད་ཁ་གསབ་དངུལ་དང་། ནགས་ལས་སྣོད་བཅུད་ཁ་གསབ་དངུལ། མཐའ་མཚམས་ཀྱི་ཁ་གསབ་དངུལ། ལས་སྒྲུབ་ཀྱི་ཁ་གསབ་དངུལ། སྣོད་བཅུད་ལས་གནས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སོགས་རོགས་སྐྱོར་དང་ཁ་གསབ་དངུལ་བཅས་བསྡོམས་ན་ལྕགས་སྒང་གྲོང་ཚོའི་སྐལ་བཟང་སྒྲོལ་མར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་ཡོད་པ་དེས་ཁྱིམ་ཚང་གི་ལོའི་ཡོང་འབབ་ཀྱི་50%ཡས་མས་བཟུང་ཡོད།

“ཏང་དང་རྒྱལ་ཁབ་ཀྱིས་ང་ཚོར་གནང་བའི་དམངས་ཕན་སྲིད་ཇུས་དངོས་འབྲེལ་མང་པོ་དང་ཡག་པོ་འདུག”ཅེས་སྐལ་བཟང་སྒྲོལ་མས་མཐེ་བོང་བསྒྲེངས་ནས་བཤད།

རྣམ་གྲངས་བསྐྲུན་ནས་གཞི་རིམ་ལ་ཞབས་འདེགས་ཞུས་པ།

བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་ཁབ་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་གལ་ཆེན་དག་དོན་འཁྱོལ་ཡག་པོ་བྱས་པ་དང་ཆབས་ཅིག ཞིང་འབྲོག་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རྣམ་གྲངས་དང་མ་དངུལ་གཞི་རིམ་དང་དམངས་འཚོར་བཏང་བ་དང་། རྫོང་དང་ཤང་ལ་དྲོད་རླངས་མཁོ་འདོན་དང་གད་སྙིགས་གཙང་སེལ་དང་བཙོག་ཆུ་གཙང་གསིང་སོགས་དམངས་འཚོའི་རྣམ་གྲངས་ལག་བསྟར་བྱས་ནས། གཞི་རིམ་གྱི་སྤྱི་པའི་ཞབས་ཞུའི་ཆ་སྙོམས་ཀྱི་ཆུ་ཚད་མཐོ་རུ་བཏང་བ་དང་འབྲེལ། ཞིང་ནང་དུ་ཆུ་བེད་སྒྲིག་ཆས་བསྐྲུན་ཏེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་ཡོད།

དམངས་འཚོའི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཞིང་འབྲོག་པའི་འབབ་འཕར་འདུ་འགོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། 2018ལོར། བོད་ཀྱི་ཞིང་འབྲོག་པའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར11450ཟིན་ཡོད། ད་ལོར། བོད་ཀྱིས་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེར་བརྩིས་པ་དང་། མ་དངུལ་སྒོར་དུང་ཕྱུར2000ལྷག་ཙམ་གཏོང་རྒྱུའི་རྣམ་གྲངས་གལ་ཆེན་ཁག་གཅིག་ལས་འགོ་འཛུགས་པའི་གོ་སྐབས་དམ་འཛིན་བྱས་ཏེ། ཞིང་འབྲོག་པའི་ལས་མི་བསྡུ་ཚད་མང་དུ་གཏོང་བ་དང་འབབ་འཕར་ལ་སྐུལ་འདེད་བཏང་ནས་གལ་ཆེན་རྣམ་གྲངས་འཛུགས་སྐྲུན་ལས་ཡོང་འབབ་དེ་བས་མང་བ་རག་པ་བྱ་རྒྱུ་རེད།

སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་པ།

ལོ71ལ་སླེབས་པའི་བཀྲ་ཤིས་ཚེ་རིང་ནི་བོད་རྙིང་པའི་མུན་ནག་དང་རྗེས་ལུས་བརྒྱུད་མྱོང་བའི་ཡར་ལངས་ཞིང་བྲན་ཞིག་རེད། ད་ཆ། ནང་མི་བདུན་པོ་སྒོ་ར་ཡོད་པའི་སྡོད་ཁང་ནང་བསྡད་ཡོད། བ་ཚང་ནང་སྡོད་པ་ནས་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ས་རྡོ་ལས་གྲུབ་པའི་སྡོད་ཁང་དང་། སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་ཐོག་སོ་གཉིས་ལྡན་གྱི་བདེ་སྡོད་ཁང་པ་ནས་ད་ཆའི་སྒོ་ར་ཅན་གྱི་ཁང་པར་སྡོད་པ་སོགས་བཀྲ་ཤིས་ཚེ་རིང་གི་སྡོད་ཁང་གི་ཆ་རྐྱེན་ཇེ་ལེགས་ནས་ཇེ་ལེགས་སུ་ཕྱིན་ཡོད། གྲོང་ཚོར་ད་དུང་ཐང་ཆེན་དང་། བྱེད་སྒོ་ཁང་། འཕྲོད་བསྟེན་ཁང་། ཞིང་པའི་དཔེ་དེབ་ཁང་བཅས་ཡོད་པ་མ་ཟད། ལོ་ལྟར་བཅའ་ཁྲིམས་དང་། ཚན་རྩལ། རིག་རྩལ་སོགས“གཤམ་སྤེལ་ལྔའི”བྱེད་སྒོ་སྤེལ་གྱི་ཡོད།

སློབ་གསོར་ཆ་བཞག་ན། དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ60ཡི་རིང་། བོད་ཀྱི་སློབ་གསོའི་བྱ་གཞག་དེ་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་གཅིག་ཀྱང་མེད་པ་ནས་“སློབ་གྲྭ་ཡོད་པ”དང་། དེ་ནས“སློབ་གྲྭ་ཡག་པའི”བར་དུ་འཕེལ་རྒྱས་བྱུང་སྟེ། ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད། གྲངས་གཞི་ལས་མངོན་པར། 2001ལོ་ནས2010ལོའི་བར་སློབ་གསོར་ནོར་སྲིད་མ་དངུལ་བསྡོམས་སྒོར་དུང་ཕྱུར346.07བཏང་བ་དང་། 2011ལོ་ནས2015ལོའི་བར་དུ་སློབ་གསོར་ནོར་སྲིད་མ་དངུལ་བསྡོམས་སྒོར་དུང་ཕྱུར633.9བཏང་བ་རེད། སློབ་གསོར་ནོར་སྲིད་མ་དངུལ་གཏོང་ཤུགས་ལྡབ་འགྱུར་གྱིས་འཕར་བ་ལས་བོད་ཀྱི་དེང་རབས་ཅན་གྱི་སློབ་གསོའི་གོམ་སྟབས་མགྱོགས་སུ་ཕྱིན་ཡོད། ད་ཆ། བོད་ལྗོངས་སུ་ལོ15ཡི་རིན་མེད་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་མ་ཟད། འགན་སྲུང་གི་ཁྱབ་ཁོངས་མུ་མཐུད་ཆེ་རུ་འགྲོ་བཞིན་ཡོད་ལ། འགན་སྲུང་གི་ཆུ་ཚད་ཀྱང་རྒྱུན་ཆད་མེད་པར་གོང་མཐོར་འགྲོ་བཞིན་ཡོད།

དམངས་གཙོའི་བཅོས་སྒྱུར་བྱས་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སློབ་གསོ་དང་། ལས་ཞུགས། སྨན་བཅོས། སྤྱི་ཚོགས་འགལ་བཅོལ། ཟས་གོས་སྡོད་གསུམ། རིག་གནས་རོལ་རྩེད་སོགས་བོད་ཀྱི་དམངས་འཚོའི་བྱ་གཞག་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།