མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱིས་མཚོ་བོད་ས་མཐོའི་རྒྱལ་སྤྱིའི་ཡུལ་སྐོར་དམིགས་ས་མཉམ་དུ་གཏོད་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་དང་མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ《མཚོ་བོད་ས་མཐོའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཉམ་ལས་གྲོས་མཐུན》ལ་མཉམ་དུ་མིང་རྟགས་བཀོད་པ་རེད། མ་འོངས་མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱིས་མཚོ་བོད་ས་མཐོའི་ཡུལ་སྐོར་སྐོར་ལམ་ཆེན་པོ་མཉམ་དུ་བཏོད་དེ་མཚོ་བོད་ས་མཐོའི་རྒྱལ་སྤྱིའི་ཡུལ་སྐོར་དམིགས་ས་གཏོད་རྒྱུ་ཡིན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། གྲོས་མཐུན་གྱི་དམིགས་ཡུལ་ནི་མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱི་ལེགས་ཆ་དང་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ནས་ཐང་བོད་གནའ་ལམ་དང་། མཚོ་བོད་ལམ་ཐིག(མཚོ་བོད་གཞུང་ལམ་དང་མཚོ་བོད་ལྕགས་ལམ)འབྲེལ་ཟམ་དུ་བྱས་ནས“ལམ་གཉིས་དང་གནའ་ལམ་གཅིག”ལམ་རྒྱུད་ཀྱི་ཁྱད་ལྡན་ཡུལ་སྐོར་སྤུས་རྟགས་དང་ཡུལ་སྐོར་གྱི་ཐོན་ཁུངས་གཞན་དག་མཉམ་དུ་བཏོད་དེ་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་གྱི་ལེགས་ཆ་གསབ་རེས་དང་། གཉིས་ཕན་གཉིས་ཁེ། ཐུན་མོང་ཐོག་འཕེལ་རྒྱས་བཅས་ཀྱི་ཡུལ་སྐོར་མཉམ་ལས་ཀྱི་རྣམ་པ་གསར་པ་ཆགས་པར་བྱ་རྒྱུ་ཡིན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་དང་མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས“མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་ལས་དོན་གྲོས་མོལ་ཨུ་ཡོན་ལྷན་ཁང”མཉམ་དུ་འཛུགས་པ་དང་སྦྲགས། ཞིང་ཆེན་དང་རང་སྐྱོང་ལྗོངས་སྒྲོལ་བའི་ཡུལ་སྐོར་སྤྱི་པའི་ཞབས་ཞུའི་མ་ལག་དང་། ཡུལ་སྐོར་ཐོན་རྫས་དང་རྣམ་གྲངས། ཡུལ་སྐོར་ཁྲོམ་རའི་ལྟ་འདོམས་སོགས་ལ་མཉམ་ལས་ཀྱི་གྲོས་མཐུན་བྱུང་ཡོད་པ་རེད།

“འཛམ་གླིང་ཡང་རྩེ”ཞེས་སུ་གྲགས་པའི་མཚོ་བོད་ས་མཐོའི་ཁོངས་སུ་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་གྱི་ས་ཁོངས་ཧྲིལ་པོ་དང་དེ་བཞིན་སི་ཁྲོན་དང་། ཡུན་ནན། ཀན་སུའུ། ཤིན་ཅང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་ས་ཁུལ་ཁག་གཅིག་ཚུད་ཡོད་ཅིང་། གནས་འདིར་བརྗིད་ཉམས་དང་མཛེས་སྡུག་ལྡན་པའི་རང་བྱུང་ཡུལ་ལྗོངས་དང་། ནང་དོན་གཏིང་ཟབ་པའི་རིག་གནས་ཤུལ་བཞག སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་བཅས་ཚུད་ཡོད་པ་རེད། མཚོ་སྔོན་ལམ་ཐིག་ཏུ་མཚོ་སྔོན་པོ་དང་། ཁུ་ཁུ་ཤི་རི། གཙང་གསུམ་ཆུ་འགོ་ཁུལ། གནམ་མཚོ། ལྷ་ལྡན་གཙུག་ལག་ཁང་། ཕོ་བྲང་པོ་ཏ་ལ་སོགས་འཛམ་གླིང་དུ་སྐད་གྲགས་ཆོད་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁྱབ་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།