ཆབ་མདོ་གྲོང་ཁྱེར་སྨན་རྩིས་ཁང་གི་མི་རིགས་ཁག་གི་སྨན་དོན་མི་སྣ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆབ་མདོ་གྲོང་ཁྱེར་སྨན་རྩིས་ཁང་ནི་སྨན་བཅོས་དང་། སྔོན་འགོག འཕྲོད་སྦྱོར། སློབ་ཁྲིད། ཚན་ཞིབ། དེ་བཞིན་བོད་སྨན་བཟོ་ཚོང་བཅས་གཞི་གཅིག་ཏུ་འདུས་པའི“ཁ་པ་རིམ་པ་གསུམ་པའི་མི་རིགས་སྨན་ཁང”ཞིག་ཡིན། དེ་གར་ལས་བྱེད་ལས་བཟོ་399ཡོད་པའི་ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་ལས་བཟོ་278ཡོད་པ་དེས་ལས་བཟོ་ཡོངས་ཀྱི་84%ཟིན་ཞིང་། རྒྱ་རིགས་ལས་བྱེད་ལས་བཟོ་52ཡོད་པ་དེས་ལས་བཟོ་ཡོངས་ཀྱི་16%ཟིན་གྱི་ཡོད།

ལོ་མང་པོའི་རིང་། ཆབ་མདོ་གྲོང་ཁྱེར་སྨན་རྩིས་ཁང་གིས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་འགྱུར་མེད་ཀྱི་བརྗོད་དོན་གཙོ་བོར་བརྩིས་ནས་དམ་འཛིན་ལྷོད་མེད་བྱས་པས་མི་རིགས་ཁག་གི་སྨན་དོན་མི་སྣ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་ཅིང་། མི་རིགས་མཐུན་སྒྲིལ་གྱི་རོལ་མོ་དཀྲོལ་བ་དང་། མི་རིགས་མཐུན་སྒྲིལ་གྱི་གླུ་དབྱངས་བླངས་ཏེ་མཐུན་སྒྲིལ་དང་བརྟན་ལྷིང་གི་རྣམ་པ་ཡག་པོ་རྒྱུན་འཁྱོངས་བྱས་པས་ལས་དོན་ཁག་འཕེལ་རྒྱས་མགྱོགས་པོ་ཡོང་བར་སྐུལ་མ་ཐེབས་པ་རེད།

ཆབ་མདོ་གྲོང་ཁྱེར་སྨན་རྩིས་ཁང་གིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་སྨན་རྩིས་ཁང་འཛུགས་སྐྲུན་དང་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་བའི་ལས་འགན་གཙོ་བོར་བཞག་ནས་ཏང་སྲིད་ཀྱི་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་པ་དང་། ཏང་འཛུགས་སྐྱོང་དང་། འདུ་ཤེས་འཛིན་སྟངས། ཕྱོགས་བསྡུས་བཅོས་སྐྱོང་། བསམ་པའི་དཔལ་ཡོན་སྲོལ་གཏོད་སོགས་དམིགས་ཚད་འགན་འཁྲིའི་ལམ་ལུགས་ནང་བཀོད་པ་མ་ཟད། ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོས་དངོས་སུ་དམ་འཛིན་དང་ཁག་བགོས་དོ་དམ་འགོ་ཁྲིད་ཀྱིས་ཞིབ་ཕྲའི་འགན་ཁུར་བ་དང་། སྡེ་ཚན་ཁག་གི་འགན་ཁུར་བ་དང་ཀྲི་པུའུ་ཧྲུའུ་ཅིས་ལས་དོན་ཁག་དོན་འཁྱོལ་ལ་དམ་འཛིན་བྱས་པར་བརྟེན། སྨན་རྩིས་ཁང་ཡོངས་ཀྱི་འགན་འཁྲི་རིམ་བཞིན་དོན་འཁྱོལ་དང་དོན་སྤྱི་སྒྲུབ་དང་ཁུར་མཉམ་ལེན་གྱི་ལས་ཀའི་རྣམ་པ་ཡག་པོ་ཞིག་ཆགས་པ་རེད།

གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད་ཆབ་མདོ་གྲོང་ཁྱེར་སྨན་རྩིས་ཁང་གིས་ད་དུང་ཕྱི་ལུགས་གསོ་རིག་གི་རྨང་གཞི་དང་། བོད་ཀྱི་གསོ་རིག་གི་རྨང་གཞི། བོད་རྒྱ་སྐད་གཉིས་བཅས་ཀྱི་མཚན་མོའི་སློབ་གྲྭའི་སློབ་སྦྱོང་འཛིན་གྲྭ་གཉེར་ཞིང་། གཟའ་འཁོར་རེར་ལས་སྒོའི་སློབ་སྦྱོང་འཆད་ཁྲིད་ཐེངས་རེ་བྱེད་པ་དང་། ཆེད་དོན་རེ་སྦྱངས་ནས་ཚོད་རྒྱུགས་རེ་ལེན་པ། ལོ་ཕྱེད་རིང་སློབ་སྦྱོང་གི་རྒྱུགས་རེ་ལེན་པ་བཅས་བྱས་ནས་སྨན་རྩིས་ཁང་གི་སྨན་དོན་མི་སྣའི་ལས་སྒོའི་བྱང་ཚད་མཐོ་རུ་ཧུར་ཐག་བཏང་སྟེ་ཆབ་སྲིད་ཚད་ལོན་དང་ལས་སྒོ་བྱང་ཆུབ་པའི་ལས་བྱེད་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་པ་རེད།

2018ལོའི་ཟླ་7པར་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས་ཆོག་མཆན་སྤྲད་པ་བརྒྱུད་ཆབ་མདོ་གྲོང་ཁྱེར་སྨན་རྩིས་ཁང་དེ་ཉིད་བོད་ཤར་ས་ཁོངས་ཀྱི་མི་རིགས་སྨན་བཅོས་ལྟེ་གནས་སུ་གྱུར་ཡོད། 2018ལོ་ནས་བཟུང་། རང་སྐྱོང་ལྗོངས་བོད་ཀྱི་གསོ་རིག་དོ་དམ་ཅུས་ཀྱིས་ཚན་ཞིབ་རྣམ་གྲངས་18རེ་ཞུ་བྱས་པར་6ལ་ཆོག་མཆན་རག་ནས་གོང་རིམ་གྱི་ཚན་ཞིབ་གྲོན་དངུལ་གྱི་རྒྱབ་སྐྱོར་སྒོར་ཁྲི་110རག་པ་དང་། “གཙང་གསུམ”བོད་ཀྱི་གསོ་རིག་རིག་གཞུང་བགྲོ་གླེང་ཚོཌ་འདུ་སྐབས་གཉིས་བདེ་བླག་ངང་གཉེར་ཡོད་པ་རེད།

ཆབ་མདོ་གྲོང་ཁྱེར་སྨན་རྩིས་ཁང་གི་འགན་འཁུར་བས“གོམ་སྟབས་རྗེས་མར་ང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཤུགས་ཆེན་སྤེལ་ནས་སྨན་རྩིས་ཁང་གི་ལས་བྱེད་ལས་བཟོའི་དབར་གྱི་མཐུན་སྒྲིལ་མཛའ་བརྩེ་ཟབ་ཏུ་གཏོང་བ་དང་། སྨན་དོན་མི་སྣ་ཡོངས་དང་མི་རིགས་ཁག་གི་ནད་པ་དང་། དེ་བཞིན་མང་ཚོགས་བཅས་དབར་གྱི་མཛའ་མཐུན་སྤེལ་རེས་ལ་སྐུལ་མ་ནུས་ལྡན་གཏོང་བ། སྨན་ཁང་གི་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མིག་དཔེ་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་རྒྱུར་གཞོལ་བ་བཅས་བྱས་ཏེ་ཆབ་མདོ་གྲོང་ཁྱེར་གྱི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་ཧུར་ཐག་གཏོད་རྒྱུར་མཉམ་དུ་སྐུལ་མ་གཏོང་རྒྱུ་ཡིན”ཞེས་བརྗོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།