བོད་ལྗོངས་ཀྱི་གྲགས་ཅན་ཚོང་རྟགས་བརྒྱད་ལ་གསེར་གྱི་བྱ་དགའ་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། 2019ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཚོང་རྟགས་གྲགས་ཅན་གྱི་དུས་ཆེན་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཡིང་ཁྲོན་གྲོང་ཁྱེར་དུ་གཉེར་བ་དང་། བོད་ལྗོངས་ཀྱི་ཚོང་རྟགས34དང་ཁེ་ལས33བྱེད་སྒོར་ཞུགས་ཡོད། ལྷ་ས་གྲོང་ཁྱེར་ས་གཙང་བདེ་ཐང་ཐོན་རྫས་འགྲེམས་ཚོང་ཀུང་སི་སོགས་བོད་ལྗོངས་ཀྱི་ཚོང་རྟགས་གྲགས་ཅན་བརྒྱད་ལ“2019ལོའི་ཀྲུང་ཧྭའི་ཚོང་རྟགས་གྲགས་ཅན་འགྲེམས་ཚོགས་ཀྱི་གསེར་གྱི་བྱ་དགའ”ཐོབ་པ་དང་། བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་སོགས་ཚན་པ་གསུམ་ལ“2019ལོའི་ཀྲུང་ཧྭའི་ཚོང་རྟགས་གྲགས་ཅན་འགྲེམས་ཚོགས་ཀྱི་ལེགས་སྐྱེས་བྱ་དགའ”ཐོབ་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཚོང་རྟགས་གྲགས་ཅན་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་རྒྱུ་དེ་ས་གནས་ཀྱི་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་བྱེད་ཐབས་གལ་ཆེན་ཞིག་ལ་བརྩིས་པས་ཚོང་རྟགས་ཀྱི་གྲངས་འབོར་ཆེས་ཆེར་འཕར་ནས་སྐད་གྲགས་ཆེ་བ་དང་འགྲན་རྩོད་ནུས་པ་ཆེ་བའི་ས་མཐོའི་ཁྱད་ལྡན་སྤུས་རྟགས་འབོར་ཆེན་ཞིག་ཐོན་པ་མ་ཟད། ཁེ་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་བར་ཁྲིད་སྟོན་དང་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱེད་པའི་ནུས་པའང་རྒྱུན་ཆད་མེད་པར་མངོན་གསལ་དོད་དུ་སོང་ཡོད།

2019ལོའི་དུས་ཚིགས་དང་པོ་བར།  བོད་ལྗོངས་ལ་གོ་ཆོད་ཐོ་འགོད་བྱས་པའི་ཚོང་རྟགས་ཀྱི་བསྡོམས་འབོར23740ཟིན་པ་དེ2013ལོ་ལས19063འཕར་ནས་འཕར་ཚད545.6%ཟིན་ཡོད། དེའི་ནང་ཀྲུང་གོའི་གྲགས་ཅན་ཚོང་རྟགས2013ལོའི11ནས16བར་འཕར་བ་དང་། དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པ་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ས་གཤིས་མཚོན་རྟགས་ཀྱི་ཚོང་རྟགས2013ལོའི9ནས94བར་འཕར་བ།  ཁུལ་ཁོངས་དང་ལས་རིགས་ཀྱི་སྤྱི་སྤྱོད་ཚོང་རྟགས་མེད་པའི་རྣམ་པར་ཚད་བརྒལ་བྱུང་ནས“ལྷ་ས་ས་གཙང་བདེ་ཐང”གི་སྤྱི་སྤྱོད་ཚོང་རྟགས་ཀྱི་གཤམ་འོག་ཐོན་རྫས་ཚོང་རྟགས17ཡོད་པ་ཚང་མར་ཐོ་འགོད་ཀྱི་ཆོག་མཆན་ཐོབ་པ་དང་། “དགུང་སྔོན་ལྷད་མེད”ཚོང་རྟགས་ཐོ་འགོད་བེད་སྤྱོད་བྱས་པ། “བོད་ཀྱི་ཆུ་བཟང་ལས་རིགས་མཐུན་ཚོགས”ཀྱི་ཚོང་རྟགས་ལ་ཐོ་འགོད་ཆོག་མཆན་ཐོབ་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།