བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག

(1992ལོའི་ཟླ་6ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉི་ཤུ་པའི་ཐོག་གྲོས་འཆམ་བྱུང་བ་དང་། 2003ལོའི་ཟླ་7ཚེས་24ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཐོག་བཟོ་བཅོས་ཐེངས་དང་པོ་བྱས། 2011ལོའི་ཟླ11ཚེས24ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་ལྔ་པའི་ཐོག་བཟོ་བཅོས་ཐེངས་གཉིས་པ་བྱས། 2013ལོའི་ཟླ་7ཚེས་25ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཐོག་བཟོ་བཅོས་ཐེངས་གསུམ་པ་བྱས། 2018ལོའི་ཟླ་9ཚེས་29ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པའི་ཐོག་དག་བཅོས་བྱས)

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

[2018]ཡིག་ཨང10པ།

《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག》འདི2018ལོའི་ཟླ9ཚེས29ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པའི་ཐོག་དག་བཅོས་བྱས་ནས་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་ཞིང་། 2018ལོའི་ཟླ12ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་དམིགས་སུ་སྤྱི་བསྒྲགས་སྤེལ་རྒྱུ་ཡིན།

ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། ཁོར་ཡུག་སྲུང་སྐྱོབ་དང་ལེགས་བཅོས་བྱས་ཏེ་སྦགས་བཙོག་དང་དེ་མིན་གྱི་སྤྱི་གནོད་འགོག་བཅོས་བྱས་ནས་སྤྱི་དམངས་བདེ་ཐང་ཡོང་བར་འགན་སྲུང་བྱེད་རྒྱུ་དང་། སྐྱེ་ཁམས་ཤེས་དཔལ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་འཛུགས་སྐྲུན་བྱས་ཐོག དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་གོང་འཕེལ་གཏོང་ཆེད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲོལ་ཡིག་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། སྲོལ་ཡིག་འདི་རང་སྐྱོང་ལྗོངས་ཁོངས་གཏོགས་ཀྱི་སྲིད་འཛིན་ས་ཁོངས་ནང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་རྒྱུ་དང་། སྦགས་བཙོག་དང་དེ་མིན་གྱི་སྤྱི་གནོད་འགོག་བཅོས་བྱེད་རྒྱུ། དེ་བཞིན་ལྟ་སྐུལ་དང་དོ་དམ་བྱེད་རྒྱུ་བཅས་ཀྱི་ཐད་སྤྱད་ན་འཐུས།

དོན་ཚན་གསུམ་པ། ཁོར་ཡུག་སྲུང་སྐྱོབ་བྱེད་སྐབས་སྲུང་སྐྱོབ་སྔོན་འགྲོ་དང་། སྔོན་འགོག་གཙོར་བཟུང་། ཕྱོགས་བསྡུས་བཅོས་སྐྱོང་། སྤྱི་དམངས་ཐེ་ཞུགས། གནོད་འཚེ་ཕོག་པར་འགན་འཁུར་བཅས་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་རྒྱུ།

དོན་ཚན་བཞི་པ། ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱེད་རྒྱུ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྐྱེ་ཁམས་ལ་གནོད་སྐྱོན་མི་ཕོག་པའི་རྨང་གཞིའི་ཐོག་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་། འབྱུང་འཕྲོད་གོང་འཕེལ་ཡོང་བར་སྐུལ་སྤེལ་བཏང་ནས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་ཁོར་ཡུག་སྲུང་སྐྱོབ་གཉིས་ཕན་ཚུན་མཐུན་སྦྱོར་ཡོང་བ་བྱེད་དགོས།

དོན་ཚན་ལྔ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ཁོར་ཡུག་གི་སྤུས་ཚད་ལ་འགན་ཁུར་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ལ་གཅིག་གྱུར་ཐོག་ལྟ་སྐུལ་དང་དོ་དམ་བྱེད་རྒྱུ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་གྱིས་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་ཐོན་ཁུངས་སྲུང་སྐྱོབ་དང་སྦགས་བཙོག་འགོག་བཅོས་སོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ལས་དོན་ལ་ཁྲིམས་བཞིན་ལྟ་སྐུལ་དང་དོ་དམ་བྱེད་རྒྱུ། ཤང་(གྲོང་རྡལ)མི་དམངས་སྲིད་གཞུང་དང་། ཁྲོམ་གཞུང་དོན་གཅོད་ཁང་། ཡུལ(གྲོང་)མི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་རང་སོ་སོའི་ཁུལ་ཁོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཡག་པོ་སྒྲུབ་དགོས། ཡུལ(གྲོང་)མི་ཨུ་ཡོན་ལྷན་ཁང་གིས་ཡུལ་སྲོལ་དམངས་ཆིངས་ནང་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་འབྲེལ་ཡོད་ནང་དོན་གཏན་ལ་འབེབས་དགོས།

དོན་ཚན་དྲུག་པ། རང་སྐྱོང་ལྗོངས་ཀྱིས་ནུས་རྒྱུ་གསར་པ་དང་ནུས་རྒྱུ་གཙང་མ་ཁྱབ་གདལ་དང་བེད་སྤྱོད་བྱེད་པར་སྐུལ་མ་བྱེད་རྒྱུ།ཁེ་ལས་དང་བྱ་གཞག་ཚན་པ་དང་། དེ་མིན་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གྱིས་ངེས་པར་དུ་ཁྲིམས་ལྟར་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་བྱས་ཏེ་ནུས་རྒྱུ་གྲོན་ཆུང་དང་བཙོག་སྐྱོན་ཉུང་གཏོང་བྱེད་པར་ཤུགས་སྣོན་བརྒྱབ་ཐོག ཁོར་ཡུག་སྦགས་བཙོག་བཟོ་བ་དང་སྐྱེ་ཁམས་གཏོར་སྐྱོན་གཏོང་རིགས་སྔོན་འགོག་དང་ཉུང་དུ་བཏང་ཁར། གནོད་སྐྱོན་བཟོས་པའི་རིགས་ལ་ཁྲིམས་བཞིན་འགན་ཁུར་དགོས། སྤྱི་དམངས་ཀྱིས་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་སྟབས་བསྡུས་ལ་ཚད་རན་པོ་དང་། ཐཱན་ཉུང་ཞིང་གྲོན་ཆུང་བྱེད་པ། ཤེས་དཔལ་ལྡན་ཞིང་བདེ་ཐང་ཡིན་པ་བཅས་ཀྱི་འབྱུང་འཕྲོད་འཚོ་བ་སྐྱེལ་སྟངས་ཐོག་ནས་རང་རྟོགས་ངང་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་འོས་འགན་སྒྲུབ་དགོས།

དོན་ཚན་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ལས་དོན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་འཆར་འགོད་ནང་བཅུག་སྟེ་ཁོར་ཡུག་སྲུང་སྐྱོབ་ཐད་ནོར་སྲིད་ཀྱི་གཏོང་སྒོ་མང་དུ་བཏང་ནས་ནོར་སྲིད་མ་དངུལ་གྱི་ཕན་འབྲས་ཆེ་རུ་འགྲོ་བ་བྱེད་དགོས། རང་སྐྱོང་ལྗོངས་ཀྱིས་སྲིད་གཞུང་དང་། ཁེ་ལས། སྤྱི་ཚོགས་བཅས་སྣ་མང་ཅན་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་མ་དངུལ་བསྡུ་གཏོང་ལམ་སྲོལ་བཙུགས་ནས་རིགས་འདྲ་མིན་གྱི་མ་དངུལ་རྣམས་ཁོར་ཡུག་སྲུང་སྐྱོབ་ཐད་སྤྱོད་རྒྱུར་སྐུལ་མ་དང་། རྒྱབ་སྐྱོར། སྣེ་ཁྲིད་བཅས་བྱེད་རྒྱུ། ནུས་རྒྱུ་གྲོན་ཆུང་དང་། ཐོན་ཁུངས་རྒྱུན་འཁོར་བེད་སྤྱོད། སྐྱེ་ཁམས་ཉམས་གསོ། སྦགས་བཙོག་བཅོས་སྒྲིག་སོགས་བྱེད་ཁོངས་ཀྱི་འགག་རྩའི་ལག་རྩལ་ཞིབ་འཇུག་དང་། གསར་སྤེལ། ཁྱབ་གདལ་བེད་སྤྱོད་བཅས་བྱེད་པར་སྐུལ་མ་གཏོང་རྒྱུ།

དོན་ཚན་བརྒྱད་པ། རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། སྤྱི་ཚོགས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་ལྟ་བ་ཤུགས་ཆེར་བཏང་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་གོམས་སྲོལ་བཟང་པོ་ཞིག་འཇགས་པ་བྱེད་དགོས། སློབ་གསོ་སྲིད་འཛིན་སྡེ་ཚན་དང་སློབ་གྲྭ་ཁག་གིས་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཤེས་བྱ་སློབ་གྲྭའི་སློབ་གསོའི་ནང་དོན་ཁོངས་སུ་བཅུག་ནས་སློབ་མའི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འདུ་ཤེས་འཛུགས་དགོས། གསར་འགྱུར་སྨྱན་སྦྱོར་གྱིས་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ་ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་རིགས་ལ་གླེང་ཕྱོགས་ཐོག་ནས་ལྟ་སྐུལ་བྱེད་དགོས།

དོན་ཚན་དགུ་པ། རང་སྐྱོང་ལྗོངས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་དགའི་ལམ་ལུགས་འཛུགས་པ་དང་ཚགས་ཚུད་དུ་གཏོང་རྒྱུ་མ་ཟད། ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་དགའི་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱེད་རྒྱུ།ཁོར་ཡུག་སྲུང་སྐྱོབ་དང་ལེགས་བཅོས་བྱེད་པའི་ཐད་གྲུབ་འབྲས་གཟེངས་སུ་ཐོན་པའི་ཚན་པ་དང་མི་སྒེར་ལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་བྱ་དགའ་སྤྲོད་རྒྱུ།

ལེའུ་གཉིས་པ། ལྟ་སྐུལ་དང་དོ་དམ།

དོན་ཚན་བཅུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་ལམ་ལུགས་བཟོས་ནས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་། དེ་བཞིན་གྲོང་ཁྱེར(ས་གནས)དང་རྫོང་རིམ་མི་དམངས་སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་དང་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་བྱས་ཚུལ་ལ་ལྟ་ཞིབ་བྱེད་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འགན་འཁྲི་མི་འཁུར་བའམ་ཡང་ན་འགན་འཁྲི་གནད་དུ་མི་འཁེལ་མཁན་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་། དེ་བཞིན་གྲོང་ཁྱེར(ས་གནས)དང་རྫོང་རིམ་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་མི་སྣ་གཙོ་བོར་བསྐོང་འདྲི་བྱེད་དགོས། བསྐོང་འདྲི་བྱེད་རྒྱུ་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་སྒྲིག་འཛུགས་དང་ལག་བསྟར་བྱེད་རྒྱུ་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཚན་མངགས་བཅོལ་གྱིས་ལག་བསྟར་བྱས་ནའང་འགྲིགརྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་ཀར་དཔྱད་ཞིབ་བྱེད་པའི་ལམ་ལུགས་བཟོས་ནས་ལོ་འཁོར་མོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་ཚད་ལེགས་འགྲུབ་བྱས་ཚུལ་དེ་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་དེའི་འགན་འཁུར་མི་སྣ། དེ་བཞིན་འོག་རིམ་མི་དམངས་སྲིད་གཞུང་དང་དེའི་འགན་འཁུར་མི་སྣ་བཅས་ལ་དཔྱད་ཞིབ་བྱེད་པའི་ནང་དོན་ཁོངས་སུ་འཇུག་དགོས། དཔྱད་ཞིབ་བྱས་འབྲས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས། འགོ་ཁྲིད་ལས་བྱེད་པའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་ལས་བྲལ་རྩིས་བཤེར་དང་སྐྱེ་ཁམས་ཁོར་ཡུག་ཉམས་ཆག་གི་འགན་འཁྲི་ཚེ་གང་བདའ་འདེད་གཏོང་བའི་ལམ་ལུགས་ལག་བསྟར་བྱེད་རྒྱུ།

དོན་ཚན་བཅུ་གཅིག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འཆར་འགོད་དང་རང་སྐྱོང་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་འགོད་གཞིར་བཟུང་། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འཆར་འགོད་བཟོས་ཏེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་ཆོག་མཆན་ཐོབ་རྒྱུར་འབུལ་དགོས་པ་མ་ཟད། དེ་ཁྱབ་བསྒྲགས་དང་ལག་བསྟར་བྱེད་དགོས།གྲོང་ཁྱེར(ས་གནས)དང་རྫོང་རིམ་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་རིམ་པ་གོང་མའི་མི་དམངས་སྲིད་གཞུང་གི་ཆོག་མཆན་སྤྲད་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འཆར་འགོད་དང་སྲིད་འཛིན་ས་ཁོངས་དེ་གའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་འགོད་གཞིར་བཟུང་། རིམ་མཚུངས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྲིད་འཛིན་ས་ཁོངས་དེ་གའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འཆར་འགོད་བཟོས་ཏེ་རིམ་མཚུངས་མི་དམངས་སྲིད་གཞུང་ནས་ཆོག་མཆན་ཐོབ་རྒྱུར་འབུལ་དགོས་པ་མ་ཟད། དེ་ཁྱབ་བསྒྲགས་དང་ལག་བསྟར་བྱེད་དགོས།

དོན་ཚན་བཅུ་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞི་དང་། དེ་བཞིན་ཁུལ་ཁོངས་ཀྱི་བྱེད་ནུས་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ། སྐྱེ་ཁམས་སྲུང་སྐྱོབ་བཅས་ཀྱི་དགོས་མཁོ་མི་འདྲ་བར་གཞིགས་ཏེ། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྲིད་འཛིན་ས་ཁོངས་དེ་གའི་ཁོར་ཡུག་གི་ནུས་པ་ཐོན་ཁུལ་དབྱེ་མཚམས་ཕྱེ་སྟེ་རིམ་མཚུངས་མི་དམངས་སྲིད་གཞུང་ནས་ཆོག་མཆན་ཐོབ་རྒྱུར་འབུལ་དགོས་པ་མ་ཟད། དེ་ཁྱབ་བསྒྲགས་དང་ལག་བསྟར་བྱེད་དགོས། ཁོར་ཡུག་གི་ནུས་པ་ཐོན་ཁུལ་ཁག་གིས་བབ་མཚུངས་ཀྱི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞི་དང་། བཙོག་དངོས་འབུད་གཏོང་གི་ཚད་གཞི། དེ་བཞིན་ལྟ་སྡོམ་གཏན་འབེབས་བཅས་ལག་བསྟར་བྱེད་དགོས། གྲོང་ཁྱེར(ས་གནས)དང་རྫོང་རིམ་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་མ་ཟད། ཁྱབ་བསྒྲགས་དང་ལག་བསྟར་བྱེད་པའི་ཁོར་ཡུག་གི་ནུས་པ་ཐོན་ཁུལ་གྱིས་ངེས་པར་དུ་གོང་རིམ་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་ལ་འཕྲལ་མར་སྙན་ཐོ་དཔོད་དགོས།

དོན་ཚན་བཅུ་གསུམ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཙོ་ནུས་ཐོན་ཁུལ་གྱི་འཆར་འགོད་དང་། ཁོར་ཡུག་གི་ནུས་པ་ཐོན་ཁུལ་དབྱེ་འབྱེད། དེ་བཞིན་ཐོན་ཁུངས་ཁོར་ཡུག་གི་སྐྱེ་ཁམས་དམར་ཐིག་བཅས་ལ་གཞིགས་ཏེ་ཁྱད་པར་ལྡན་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འཇུག་འཁྲོལ་ལམ་ལུགས་ལག་བསྟར་བྱེད་དགོས། ཐོན་ཁུངས་ཟད་གྲོན་ཆེ་བ་དང་། ནུས་རྒྱུ་ཟད་གྲོན་ཆེ་བ། སྦགས་བཙོག་འབུད་གཏོང་ཆེ་བ་བཅས་ཀྱི་ཐོན་ལས་དང་རྣམ་གྲངས། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ཀྱི་གཏན་འབེབས་དང་མི་མཐུན་པའི་ལག་རྩལ་དང་། སྒྲིག་ཆས། བཟོ་རྩལ་བཅས་ནང་འདྲེན་གཏན་ནས་མི་ཆོག

དོན་ཚན་བཅུ་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ནུས་ཤུགས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། སྲུང་སྐར་རྒྱང་ཚོར་དང་། མི་མེད་གནམ་གྲུ། རང་འགུལ་ངང་རྒྱུན་མཐུད་ལྟ་ཞིབ་ཚད་ལེན་བྱེད་པ་སོགས་སྔོན་ཐོན་གྱི་ལྟ་ཞིབ་ཚད་ལེན་བྱ་ཐབས་སྤྱོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རིམ་བཞིན་ཕྱོགས་ཡོངས་ལ་ཁྱབ་པ་དང་རྟག་ཏུ་ལྟ་ཞིབ་ཚད་ལེན་ཐུབ་པ་བྱེད་དགོས།རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གར་ཁོར་ཡུག་གི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་དང་། བཙོག་ཁུངས་ལ་ལྟ་སྐུལ་རང་བཞིན་གྱི་ལྟ་ཞིབ་ཚད་ལེན། གློ་བུར་དུ་ཐོན་པའི་ཁོར་ཡུག་དོན་རྐྱེན་ལ་འཕྲལ་སྡོམ་གྱི་ལྟ་ཞིབ་ཚད་ལེན་སོགས་བྱེད་པའི་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱེད་དགོས།

དོན་ཚན་བཅོ་ལྔ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ལྗོངས་ཡོངས་ཀྱི་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་འཆར་འགོད་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ཚད་གཞི། དེ་བཞིན་ལག་རྩལ་གྱི་ཚད་གཞི་བཅས་ཚད་ལྡན་བཟོ་དགོས་པ་མ་ཟད། ལྟ་སྐུལ་ཡང་བྱེད་དགོས། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་དྲ་རྒྱའི་མ་ལག་དང་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་གཞི་གྲངས་མཉམ་སྤྱོད་བྱེད་རྒྱུ་དང་ཆ་འཕྲིན་གཅིག་གྱུར་ཐོག་ཁྱབ་བསྒྲགས་བྱེད་པའི་ལམ་སྲོལ་འཛུགས་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱེད་པའམ་ཡང་ན་འབྲེལ་ཡོད་ཆེད་ལས་ལས་ཁུངས་མངགས་བཅོལ་བྱས་ཏེ་ཁོར་ཡུག་གི་གནས་ཚུལ་ལ་བརྟག་དཔྱད་དང་གདེང་འཇོག་བྱེད་དགོས་ཁར། སྐྱེ་ཁམས་ཁོར་ཡུག་ཐེག་ནུས་ཀྱི་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡའི་ལམ་སྲོལ་འཛུགས་དགོས།

དོན་ཚན་བཅུ་དྲུག་པ། རིགས་མི་འདྲ་བའི་ཁོར་ཡུག་སྤུས་ཚད་ཀྱི་ལྟ་ཞིབ་ཚད་ལེན་ས་ཚུགས(ཚིགས)དང་བཙོག་ཁུངས་ཀྱི་ལྟ་ཞིབ་ཚད་ལེན་བྱེད་ས་འཛུགས་སྐབས་ངེས་པར་དུ་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འབེབས་དང་ལྟ་ཞིབ་ཚད་ལེན་གྱི་ཚད་ལྡན་བླང་བྱ་དང་མཐུན་པ་བྱེད་དགོས། ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་ས་ཚུགས(ཚིགས)དང་བཙོག་ཁུངས་ཀྱི་ལྟ་ཞིབ་ཚད་ལེན་བྱེད་ས་རང་འཚམ་ངང་མེད་པ་བཟོ་བའམ་ཡང་ན་འགྱུར་བ་གཏོང་རིགས་ནན་འགོག་བྱེད་དགོས། ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་ཚན་པས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ནས་ཁྱབ་བསྒྲགས་བྱས་པའི་འབྲེལ་ཡོད་ཚད་གཞི་ལྟར་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་ཚད་ལེན་ལས་དོན་སྤེལ་དགོས་པ་དང་། སྤུས་ཚད་དོ་དམ་མ་ལག་འཛུགས་པ་དང་ཚགས་ཚུད་དུ་གཏོང་དགོས་པ་མ་ཟད། འབྲེལ་ཡོད་སྡེ་ཚན་གྱི་ལྟ་སྐུལ་ཡང་དང་ལེན་ཞུ་དགོས། ལྟ་ཞིབ་ཚད་ལེན་ཚན་པ་དང་དེའི་འགན་འཁུར་བས་ལྟ་ཞིབ་ཚད་ལེན་གཞི་གྲངས་ཀྱི་དངོས་བདེན་རང་བཞིན་དང་གནད་འཁེལ་རང་བཞིན་ལ་འགན་ཁུར་དགོས།

དོན་ཚན་བཅུ་བདུན་པ། བཙོག་དངོས་འབུད་གཏོང་བྱེད་མཁན་ཁེ་ལས་དང་བྱ་གཞག་ཚན་པ་དང་། དེ་མིན་གཉེར་སྐྱོང་བྱེད་མཁན་གྱིས་ངེས་པར་དུ་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་ཚན་པས་དེས་འབུད་གཏོང་བྱས་པའི་བཙོག་དངོས་ལ་ལྟ་སྐུལ་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་བྱེད་རིགས་དང་ལེན་ཞུ་དགོས་པ་མ་ཟད། འབྲེལ་ཡོད་ཀྱི་དཔྱད་གཞི་དང་དགོས་ངེས་ཀྱི་ལས་སྒྲུབ་ཆ་རྐྱེན་མཁོ་འདོན་བྱེད་དགོས་པ་ལས་དང་ལེན་མི་ཞུ་བ་དང་། འགོག་རྐྱེན་བཟོ་བ། ནར་འགྱངས་གཏོང་བ་སོགས་བྱེད་མི་ཆོག བཙོག་དངོས་འབུད་གཏོང་བྱེད་མཁན་གཙོ་གནད་ཚན་པས་ངེས་པར་དུ་བཅའ་ཁྲིམས་དང་ཁྲིམས་སྲོལ་བཞིན་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་དགོས་ཤིང་། རང་འགུལ་གྱི་ལྟ་ཞིབ་ཚད་ལེན་སྒྲིག་ཆས་དེ་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱི་ལྟ་སྡོམ་ལས་སྟེགས་དང་དྲ་སྦྲེལ་བྱས་ནས་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་དངོས་བདེན་དང་གོ་ཆོད་པ་དགོས།

དོན་ཚན་བཅོ་བརྒྱད་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། གྲོང་ཁྱེར(ས་གནས)མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་གསར་སྤེལ་བེད་སྤྱོད་ཀྱི་འཆར་འགོད་བཟོ་རྒྱུ་སྒྲིག་འཛུགས་བྱེད་རྒྱུ་དང་། ངེས་པར་དུ་ཁྲིམས་བཞིན་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་དཔྱད་གདེང་བྱེད་དགོས་པ་མ་ཟད། ཁོར་ཡུག་ལ་གནོད་གཞི་ཇི་ཡོང་སྐོར་གྱི་ཡིག་ཆ(གསལ་བཤད)འབྲི་བའམ། ཡང་ན་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་གི་སྙན་ཞུ་འབྲི་དགོས། ཁྲིམས་བཞིན་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་དཔྱད་གདེང་མ་བྱས་པའི་གསར་སྤེལ་བེད་སྤྱོད་ཀྱི་འཆར་འགོད་རིགས་ལག་བསྟར་སྒྲིག་འཛུགས་བྱེད་མི་ཆོག

དོན་ཚན་བཅུ་དགུ་པ། འཛུགས་སྐྲུན་རྣམ་གྲངས་ཀྱིས་ཁོར་ཡུག་སྦགས་བཙོག་བཟོ་སྲིད་པ་དང་གཏོར་སྐྱོན་ཕོག་བཟོ་ཡོད་རིགས། ངེས་པར་དུ་ཁྲིམས་བཞིན་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་དཔྱད་གདེང་བྱེད་དགོས། ཁྲིམས་བཞིན་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་དཔྱད་གདེང་བྱས་མེད་པའམ་ཡང་ན་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་དཔྱད་གདེང་བྱས་ཀྱང་ཆོག་མཆན་མི་ཐོབ་པའི་འཛུགས་སྐྲུན་རྣམ་གྲངས་ཡིན་ཕྱིན་འཛུགས་སྐྲུན་བྱེད་མི་ཆོག འཛུགས་སྐྲུན་ཚན་པ་དང་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་དཔྱད་གདེང་ཚན་པས་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་དཔྱད་གདེང་བྱེད་སྐབས་མི་བདེན་རྫུན་སྒྲིག་བྱེད་མི་ཆོག་ཅིང་། ངེས་པར་དུ་དངོས་ཡོད་ཀྱི་གཞི་གྲངས་སམ་ཡང་ན་དཔྱད་གཞི་མཁོ་འདོན་བྱེད་དགོས།

དོན་ཚན་ཉི་ཤུ་པ། རང་བྱུང་སྲུང་སྐྱོབ་ཁུལ་སོགས་དང་འབྲེལ་བ་ཡོད་པའི་ཁོར་ཡུག་འཁྲུག་སླ་བའི་ཁུལ་དུ་རྣམ་གྲངས་གསར་སྐྲུན་དང་། སྒྱུར་སྐྲུན། རྒྱས་སྐྲུན། དེ་བཞིན་ལག་རྩལ་བསྒྱུར་བཀོད་བཅས་བྱེད་དགོས་རིགས། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་མཐུན་དགོས།

དོན་ཚན་ཉེར་གཅིག་པ། ཁོར་ཡུག་ཐོན་ཁུངས་ཀྱི་ཐེག་ནུས་ལས་བརྒལ་བ་དང་། ཁོར་ཡུག་སྤུས་ཚད་ཀྱི་དམིགས་ཚད་རེ་བར་སླེབས་མེད་པ། མིང་སྦྱར་སྒྲུབ་སྐུལ་ལམ་ཡང་ན་དུས་བཀག་བཅོས་སྒྲིག་བྱེད་དུ་བཅུག་ཀྱང་བྱས་ཚར་མེད་པ་བཅས་ཀྱི་ས་ཁུལ་གྱི་གཙོ་གནད་སྦགས་བཙོག་འབུད་གཏོང་གི་སྤྱི་འབོར་མང་དུ་སོང་བའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་དཔྱད་གདེང་ཡིག་ཆའི་རིགས་ལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་ནས་ངེས་པར་དུ་གནས་སྐབས་ཞིབ་མཆན་འགོད་མཚམས་འཇོག་དགོས།

དོན་ཚན་ཉེར་གཉིས་པ། རྣམ་གྲངས་འཛུགས་སྐྲུན་དང་ལས་གཉེར་བྱེད་པའི་བརྒྱུད་རིམ་ཁྲོད་ཞིབ་མཆན་བཀོད་པའི་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་གི་དཔྱད་གདེང་ཡིག་ཆ་དང་མི་འཚམ་པའི་གནས་ཚུལ་ཐོན་ཚེ། འཛུགས་སྐྲུན་ཚན་པས་ངེས་པར་དུ་ཁོར་ཡུག་ལ་གནོད་གཞི་བྱུང་རྗེས་ཀྱི་དཔྱད་གདེང་བྱེད་རྒྱུ་སྒྲིག་འཛུགས་བྱས་ནས་ལེགས་བཅོས་བྱ་ཐབས་སྤྱོད་དགོས་པ་མ་ཟད། ཁོར་ཡུག་ལ་གནོད་གཞི་ཇི་ཡོང་གི་དཔྱད་གདེང་ཡིག་ཆར་ཞིབ་མཆན་འགོད་མཁན་གྱི་དེ་སྔའི་སྡེ་ཚན་དང་འཛུགས་སྐྲུན་རྣམ་གྲངས་ལ་ཞིབ་མཆན་འགོད་མཁན་གྱི་དེ་སྔའི་སྡེ་ཚན་ལ་སྙན་ཐོ་དཔོད་དགོས། ཁོར་ཡུག་ལ་གནོད་གཞི་ཇི་ཡོང་གི་དཔྱད་གདེང་ཡིག་ཆར་ཞིབ་མཆན་འགོད་མཁན་དེ་སྔའི་སྡེ་ཚན་གྱིས་འཛུགས་སྐྲུན་ཚན་པར་འགན་དཀྲིས་ཏེ་ཁོར་ཡུག་ལ་གནོད་གཞི་བྱུང་རྗེས་ཀྱི་དཔྱད་གདེང་བྱེད་དུ་འཇུག་རྒྱུ་དང་། ལེགས་བཅོས་བྱ་ཐབས་སྤྱོད་དུ་བཅུག་ནའང་འགྲིག

དོན་ཚན་ཉེར་གསུམ་པ། ཁོར་ཡུག་ལ་གནོད་གཞི་ཇི་ཡོང་གི་སྙན་ཞུ་འབྲི་དགོས་པའི་འཛུགས་སྐྲུན་རྣམ་གྲངས་རིགས་ལ་འཛུགས་སྐྲུན་ཚན་པས་ངེས་པར་དུ་ཁོར་ཡུག་ལ་ལྟ་ཞིབ་དོ་དམ་བྱེད་རྒྱུ་སྒྲིག་འཛུགས་བྱེད་དགོས་པ་དང་། ཁོར་ཡུག་ལ་ལྟ་ཞིབ་དོ་དམ་བྱེད་པའི་འགྲོ་གྲོན་རྣམས་རྣམ་གྲངས་མ་འཇོག་གི་རགས་རྩིས་ནང་འཇུག་དགོས། ཁོར་ཡུག་ལ་ལྟ་ཞིབ་དོ་དམ་བྱེད་འགན་འཁུར་མཁན་ཚན་པས་ངེས་པར་དུ་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་གི་སྙན་ཞུ་དང་དེའི་ཞིབ་མཆན་བསམ་འཆར་གཞིར་བཟུང་། ཨར་སྐྲུན་ཚན་པས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྒྲིག་བཀོད་དང་བྱ་ཐབས་དོན་འཁྱོལ་བྱས་ཡོད་མེད་ལ་ལྟ་སྐུལ་བྱེད་དགོས། ཁོར་ཡུག་ལྟ་ཞིབ་དོ་དམ་ཚན་པས་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་འགོ་མ་བཙུགས་གོང་ངམ་ཡང་ན་བེད་སྤྱོད་མ་བྱས་གོང་ངེས་པར་དུ་ཁོར་ཡུག་ལྟ་ཞིབ་དོ་དམ་གྱི་སྙན་ཞུ་བྲིས་ནས་འཛུགས་སྐྲུན་ཚན་པར་སྤྲོད་དགོས་པ་མ་ཟད། རང་གནས་སའི་རྫོང་རིམ་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་ལ་གསལ་ཞུ་བྱེད་དགོས། ཁོར་ཡུག་ལྟ་ཞིབ་དོ་དམ་ཚན་པས་ཁོར་ཡུག་ལྟ་ཞིབ་དོ་དམ་གྱི་སྙན་ཞུའི་དངོས་བདེན་རང་བཞིན་ལ་འགན་ཁུར་དགོས། ཁོར་ཡུག་ལྟ་ཞིབ་དོ་དམ་ཚན་པས་ངེས་པར་དུ་ཁོར་ཡུག་ལྟ་ཞིབ་དོ་དམ་གྱི་ཡིག་ཚགས་བཟོ་དགོས།

དོན་ཚན་ཉེར་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཙོ་གནད་ཁོར་ཡུག་ལྟ་སྡོམ་བྱ་ཡུལ་གཏན་འཁེལ་བྱེད་པ་དང་། ཁོར་ཡུག་ལྟ་སྡོམ་གྱི་རིམ་པ་དབྱེ་བ། ཁོར་ཡུག་ལྟ་སྡོམ་གྱི་ཡིག་ཚགས་ཆ་ཚང་དུ་གཏོང་བ། ཞིབ་ཕྲའི་ཁོར་ཡུག་ལྟ་སྡོམ་གྱི་བྱ་ཐབས་སྤྱོད་པ་བཅས་བྱེད་དགོས། གྲོང་ཁྱེར(ས་གནས)དང་རྫོང་རིམ་མི་དམངས་གཞུང་ཁག་གིས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ཁོར་ཡུག་ལྟ་སྡོམ་གྱི་དྲ་རྒྱ་དབྱེ་འབྱེད་དང་། ཁོར་ཡུག་ལྟ་སྡོམ་གྱི་འགན་འཁུར་བ་གཏན་འཁེལ། ཁོར་ཡུག་ལྟ་སྡོམ་གྱི་ཇུས་གཞི་དོན་འཁྱོལ་བཅས་བྱེད་དགོས་པ་མ་ཟད། སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ལྟ་སྐུལ་ཚོད་འཛིན་བྱ་ཡུལ་གྱི་ཁེ་ལས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། གྲོང་ཁྱེར(ས་གནས)དང་རྫོང་རིམ་མི་དམངས་སྲིད་གཞུང་གིས་དྲ་མིག་ཅན་གྱི་དོ་དམ་བྱ་ཐབས་དོན་འཁྱོལ་བྱེད་རྒྱུར་མཛུབ་སྟོན་བྱེད་དགོས།

དོན་ཚན་ཉེར་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་མཉམ་འགུལ་ཁྲིམས་སྒྱུར་དང་སྦྲེལ་མཐུད་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། དུས་བཀག་ལྟར་ཁོར་ཡུག་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱས་ནས་ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་རིགས་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས་པ་མ་ཟད། ཕན་ཚུན་དབར་ཁྲིམས་སྒྱུར་ཆ་འཕྲིན་བརྡ་ཁྱབ་གཏོང་རེས་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་བྱེད་པའི་ཁྲོད་ཁོར་ཡུག་སྦགས་བཙོག་བཟོ་བའམ་ཡང་ན་སྐྱེ་ཁམས་གཏོར་སྐྱོན་གཏོང་བའི་བྱེད་སྤྱོད་ཤེས་རྟོགས་བྱུང་ཚེ། སྡེ་ཚན་དེ་གའི་འགན་འཁྲིའི་ཁྱབ་ཁོངས་སུ་གཏོགས་རིགས་ངེས་པར་དུ་ཁྲིམས་ལྟར་ཐག་གཅོད་བྱེད་དགོས་པ་དང་། སྡེ་ཚན་དེ་གའི་འགན་འཁྲིའི་ཁྱབ་ཁོངས་སུ་མ་གཏོགས་པའི་རིགས་ངེས་པར་དུ་འཕྲལ་མར་ཁྲིམས་སྒྱུར་དབང་ཆ་ཡོད་མཁན་སྡེ་ཚན་ལ་རྩིས་སྤྲོད་བྱེད་དགོས།

དོན་ཚན་ཉེར་དྲུག་པ། ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་དང་དེས་མངགས་བཅོལ་བྱས་པའི་ཁོར་ཡུག་ལྟ་ཞིབ་ཚན་པ་དང་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་ཁེ་ལས་དང་བྱ་གཞག་ཚན་པ་དང་། དེ་མིན་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གྱི་ས་ཡུལ་དངོས་སུ་ཁྲིམས་བཞིན་ཞིབ་བཤེར་བྱེད་སྐབས་ཞིབ་བཤེར་བྱ་ཡུལ་ནས་ངེས་པར་དུ་གནས་ཚུལ་ཇི་མ་ཇི་བཞིན་གསལ་ཞུ་བྱེད་དགོས་པ་དང་། དགོས་ངེས་ཀྱི་དཔྱད་ཡིག་མཁོ་འདོན་བྱེད་དགོས་པ་ལས་ཁ་ཡ་མི་བྱེད་པ་དང་འགོག་རྐྱེན་བཟོ་བའམ་ཡང་ན་ནར་འགྱངས་གཏོང་རིགས་བྱེད་མི་ཆོག ས་ཡུལ་དངོས་སུ་ཞིབ་བཤེར་བྱེད་མཁན་གྱི་སྡེ་ཚན་དང་། ཚན་པ། དེ་བཞིན་དེའི་ལས་བྱ་བཅས་ཀྱིས་ངེས་པར་དུ་ཞིབ་བཤེར་བྱ་ཡུལ་གྱི་ཚོང་ལས་ཀྱི་གསང་བ་སྲུང་དགོས། ས་ཡུལ་དངོས་ཀྱི་ཁྲིམས་སྒྱུར་བས་གཤམ་གསལ་བྱ་ཐབས་སྤྱོད་ཆོག་པ་སྟེ། (གཅིག)ས་ཡུལ་དངོས་སུ་ལྟ་ཞིབ་ཚད་ལེན་བྱེད་པ་དང་། བརྟག་དཔྱད་ཀྱིས་དཔང་རྟགས་ལེན་རྒྱུ་མ་ཟད། ཞིབ་བཤེར་བྱ་ཡུལ་ཚན་པའི་འགན་འཁུར་བས་མིང་རྟགས་བཀོད་དེ་ཞིབ་གཏན་འཁེལ་དགོས་པའི་བླང་བྱ་འདོན་རྒྱུ་དང་། (གཉིས)དགོས་ངེས་ཀྱི་དཔྱད་ཡིག་ལྟ་ཀློག་དང་། པར་སློག གནད་བཤུས་བཅས་བྱེད་རྒྱུ་དང་། དངོས་དཔེ་ལེན་རྒྱུ། (གསུམ)ཞིབ་བཤེར་བྱ་ཡུལ་ཚན་པའི་ཁྲིམས་ཚན་ནམ་ཡང་ན་མངགས་བཅོལ་བྱས་པའི་འཐུས་མི་ས་ཡུལ་དངོས་ལ་ཡོང་ནས་ཁྲིམས་སྒྱུར་ཞིབ་བཤེར་བྱེད་རོགས་བྱེད་དགོས་པའི་བླང་བྱ་འདོན་རྒྱུ་བཅས་སོ།

དོན་ཚན་ཉེར་བདུན་པ། ཁེ་ལས་དང་བྱ་གཞག་ཚན་པ་དང་། དེ་མིན་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གྱིས་བཙོག་དངོས་འབུད་གཏོང་བྱེད་པའི་ཐད་གཤམ་གྱི་གནས་ཚུལ་གྲས་ཤིག་ཡོད་རྐྱེན་ཁོར་ཡུག་སྦགས་བཙོག་བཟོ་བའམ་ཡང་ན་བཟོ་ཉེན་ཡོད་ཚེ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་དང་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཡོད་མཁན་སྡེ་ཚན་གྱིས་བཙོག་དངོས་འབུད་གཏོང་གི་སྒྲིག་བཀོད་དང་སྒྲིག་ཆས་རིགས་སྒོ་ཐེལ་རྒྱག་པ་དང་བཙན་ཉར་བྱེད་ཆོག་པ་སྟེ། (གཅིག)འགོ་ནད་ཡོང་ཁུངས་ཀྱི་ཟོག་རོ་དང་། ཉེན་ཆེའི་ཟོག་རོ། འཕྲོ་འགྱེད་རང་བཞིན་གྱི་ཟོག་རོ། ལྕི་བའི་ལྕགས་རིགས་ཀྱི་བཙོག་དངོས་བཅས་སམ་ཡང་ན་ཡུན་རིང་རང་བཞིན་གྱི་སྐྱེ་ལྡན་བཙོག་དངོས་སོགས་དུག་ཡོད་དངོས་རྫས་སམ་ཡང་ན་དེ་མིན་གྱི་གནོད་ལྡན་དངོས་རྫས་རིགས་ཁྲིམས་འགལ་གྱིས་འབུད་གཏོང་བྱེད་པ་དང་། བསྐྱུར་བའམ་ཡང་ན་ཐག་གཅོད་བྱེད་རིགས་དང་། (གཉིས)རང་བྱུང་སྲུང་སྐྱོབ་ཁུལ་སོགས་ཁོར་ཡུག་འཁྲུག་སླ་བའི་ཁུལ་ཁོངས་སུ་ཁྲིམས་འགལ་གྱིས་བཙོག་དངོས་འབུད་གཏོང་བྱེད་པ་དང་། བསྐྱུར་བའམ་ཡང་ན་ཐག་གཅོད་བྱེད་རིགས། (གསུམ)ས་སྦས་མདོང་ལམ་དང་། ཆུ་སིམ་ཁྲོན་པ། ཆུ་སིམ་ས་དོང་། ཆུ་འདྲེན་གཏོང་བཅས་བྱེད་པའམ་ཡང་ན་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་གཡོ་བཅོས་བྱེད་པ་དང་རྫུན་མ་བཟོ་བ། ཡང་ན་སྦགས་བཙོག་འགོག་བཅོས་ཀྱི་སྒྲིག་བཀོད་སོགས་ཚུལ་མིན་བེད་སྤྱོད་བྱས་ཏེ་ལྟ་སྡོམ་བྱེད་པར་གཡོལ་ཐབས་བྱས་ནས་ཁྲིམས་འགལ་གྱིས་བཙོག་དངོས་འབུད་གཏོང་བྱེད་རིགས། (བཞི)ཁྲིམས་འགལ་གྱིས་བཙོག་དངོས་འབུད་གཏོང་བྱེད་པའི་གནས་ཚུལ་གཞན་དག་རིགས་བཅས་སོ།

དོན་ཚན་ཉེར་བརྒྱད་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། གྲོང་ཁྱེར(ས་གནས)མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་དང་དེ་མིན་འབྲེལ་ཡོད་སྡེ་ཚན་གྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་བའི་གཤམ་གསལ་བྱེད་སྤྱོད་རིགས་ལ་ཐད་ཀར་ཞིབ་བཤེར་ཐག་གཅོད་བྱེད་ཆོག་པ་སྟེ། (གཅིག)སྲིད་འཛིན་ས་ཁོངས་དེ་གའི་ཁོར་ཡུག་སྦགས་བཙོག་ཚབས་ཆེན་བཟོ་བའམ་ཡང་ན་སྐྱེ་ཁམས་གཏོར་སྐྱོན་གཏོང་རིགས་དང་། (གཉིས)སྲིད་འཛིན་ས་ཁོངས་བརྒལ་བའི་ཁོར་ཡུག་སྦགས་བཙོག་བཟོ་བའམ་ཡང་ན་སྐྱེ་ཁམས་གཏོར་སྐྱོན་གཏོང་རིགས། (གསུམ)འོག་རིམ་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་དང་དེ་མིན་འབྲེལ་ཡོད་སྡེ་ཚན་གྱིས་དོན་ཚན་འདིའི་ནང་གསེས་དང་པོ་དང་གཉིས་པའི་བྱེད་སྤྱོད་ཡོད་རིགས་ཐག་གཅོད་མི་བྱེད་པའམ་ཡང་ན་ཐག་གཅོད་ཡག་པོ་མ་བྱུང་བའི་རིགས་བཅས་སོ།

དོན་ཚན་ཉེར་དགུ་པ། ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་འཛིན་ཁྲིམས་སྒྱུར་དང་ཉེས་དོན་ཁྲིམས་འཛིན་མཉམ་འགུལ་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། རིམ་ཁག་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་དང་། སྤྱི་བདེ་ལས་ཁུངས། ཞིབ་དཔྱོད་ལས་ཁུངས། འདྲི་གཅོད་ལས་ཁུངས་བཅས་ཀྱིས་ངེས་པར་དུ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ཁུངས་སྣེ་བརྡ་ཁྱབ་དང་། གྱོད་གཞི་རྩིས་སྤྲོད། གྱོད་གཞི་འདྲི་རྩད། ཐོན་ཁུངས་མཉམ་སྤྱོད། ཆ་འཕྲིན་འགྲེམས་བསྒྲགས་སོགས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཁོར་ཡུག་སྦགས་བཙོག་གི་དོན་རྐྱེན་ཅུང་ཆེ་རིགས་སོགས་ཀྱི་ཛ་དྲག་གནས་ཚུལ་ཐོན་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་དང་སྤྱི་བདེ་ལས་ཁུངས་ཀྱིས་ངེས་པར་དུ་འཕྲལ་མར་མཉམ་འབྲེལ་ཐོག་བརྟག་དཔྱད་བྱེད་པའི་ལས་རིམ་འགོ་འཛུགས་དགོས། ཞིབ་དཔྱོད་ལས་ཁུངས་ཀྱིས་ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་གཏོར་སྐྱོན་གཏོང་བའི་བྱེད་སྤྱོད་རིགས་ལ་སྤྱི་ཕན་གཏུག་བཤེར་བྱེད་པའི་འགན་འཁྲི་ཁྲིམས་བཞིན་བསྒྲུབས་ནས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་དགོས། སྤྱི་བདེ་ལས་ཁུངས་དང་། ཞིབ་དཔྱོད་ལས་ཁུངས། འདྲི་གཅོད་ལས་ཁུངས་བཅས་ཀྱིས་ཁོར་ཡུག་སྦགས་བཙོག་གི་གྱོད་གཞི་གཉེར་སྒྲུབ་བྱེད་སྐབས་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་དེར་རྒྱབ་སྐྱོར་བྱེད་དགོས།

དོན་ཚན་སུམ་ཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་། ཁེ་ལས་དང་བྱ་གཞག་ཚན་པ། དེ་མིན་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་བཅས་ཀྱིས་འོས་སྐུལ་འོས་དཔོད་ཀྱི་བྱ་ཐབས་སྤྱད་ནས་བབ་མཚུངས་ཀྱི་འོས་ཐོབ་ཡོད་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་མཚམས་སྦྱོར་ཞབས་ཞུའི་ཚན་པ་མངགས་ཏེ་ཁོར་ཡུག་ལ་གནོད་འཚེ་ཇི་ཡོང་དཔྱད་གདེང་དང་། ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན། ཁོར་ཡུག་ལ་ལྟ་ཞིབ་དོ་དམ། ཁོར་ཡུག་གི་ལས་གྲྭའི་ཇུས་འགོད། གཙང་ལྡན་ཐོན་སྐྱེད། སྦགས་བཙོག་འགོག་བཅོས་ཀྱི་སྒྲིག་བཀོད་ལས་གཉེར་དང་བདག་སྐྱོང་སོགས་བྱེད་པའི་འབྲེལ་ཡོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་སྒོ་སྤེལ་དགོས། ཁོར་ཡུག་སྲུང་སྐྱོབ་ཀྱི་མཚམས་སྦྱོར་ཞབས་ཞུའི་ཚན་པ་དང་ཆེད་ལས་ལག་རྩལ་མི་སྣར་ངེས་པར་དུ་བབ་མཚུངས་ཀྱི་འོས་ཐོབ་ཡོད་དགོས། འོས་ཐོབ་ཀྱི་རིམ་པ་དང་ཁྱབ་ཁོངས་གཞིར་བཟུང་ལས་སྒོ་འཁུར་ལེན་བྱེད་དགོས་ལ། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་། ཚད་གཞི། ཚད་ལྡན་ལག་རྩལ་བཅས་གཞིར་བཟུང་ལས་དོན་སྤེལ་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་དུས་བཀག་ལྟར་ཁོར་ཡུག་སྲུང་སྐྱོབ་ཀྱི་མཚམས་སྦྱོར་ཞབས་ཞུ་ཚན་པར་དཔྱད་ཞིབ་བྱེད་དགོས་པ་དང་དཔྱད་ཞིབ་བྱས་འབྲས་སྤྱི་ཚོགས་ཐོག་ཁྱབ་བསྒྲགས་བྱེད་དགོས།

དོན་ཚན་སོ་གཅིག་པ། རང་སྐྱོང་ལྗོངས་ནས་ཁེ་ལས་ཀྱི་ཁོར་ཡུག་ཐད་ཀྱི་ཡིད་རྟོན་ཞིབ་དཔྱད་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་དུས་བཀག་ལྟར་བཙོག་དངོས་འབུད་གཏོང་བྱེད་འབོར་མང་བ་དང་། ཁོར་ཡུག་ལ་ཉེན་ཁ་བཟོ་ཆེ་བ། སྐྱེ་ཁམས་ཁོར་ཡུག་ལ་གནོད་གཞི་ཆེ་བ་བཅས་ཀྱི་ཁེ་ལས་ལ་ཁོར་ཡུག་ཐད་ཀྱི་ཡིད་རྟོན་ཞིབ་དཔྱད་བྱེད་དགོས་ལ། སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས་པ་མ་ཟད། འབྲེལ་ཡོད་སྡེ་ཚན་ལ་ཞིབ་དཔྱད་བྱས་འབྲས་བརྡ་ཁྱབ་གཏོང་དགོས་པ་ལས་ཁེ་ལས་ཀྱི་ས་ནས་ཁོར་ཡུག་ཐད་ཀྱི་ཡིད་རྟོན་ཞིབ་དཔྱད་གྲོན་དངུལ་ལེན་མི་ཆོག ཁོར་ཡུག་ཐད་ཀྱི་ཡིད་རྟོན་ཞིབ་དཔྱད་བྱས་འབྲས་དེ་ངེས་པར་དུ་སྲིད་གཞུང་གི་ཉོ་སྒྲུབ་དང་། སྤྱི་པའི་མ་འཇོག་རྣམ་གྲངས་འོས་སྐུལ་འོས་དཔོད། ནོར་སྲིད་ཀྱི་ཆེད་སྤྱོད་མ་དངུལ་བཀོད་སྒྲིག གཞུང་ཁོངས་ས་ཆ་ནང་བཤུག ཕུལ་བྱུང་དཔྱད་གདེང་དང་བྱ་དགའ། དངུལ་རྩའི་རྒྱབ་སྐྱོར་སོགས་ཀྱི་ལས་ཀའི་གལ་ཆེའི་དཔྱད་གཞིའི་གཞི་འཛིན་སར་བྱེད་དགོས། ཁོར་ཡུག་ཐད་ཀྱི་ཡིད་རྟོན་ཞིབ་དཔྱད་བྱས་འབྲས་ཡག་པོ་མེད་པའི་ཁེ་ལས་ལ་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ལྟ་སྐུལ་དང་ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་བཏང་ནས་དེས་ལེགས་བཅོས་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།

དོན་ཚན་སོ་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ཁོར་ཡུག་བསྡོམས་རྩིས་ཀྱི་ལས་དོན་སྒྲུབ་འགན་ཁུར་དགོས། ཁོར་ཡུག་བསྡོམས་རྩིས་ཀྱི་ཁྱབ་ཁོངས་ནང་གི་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་རྩ་འཛུགས། ཁེ་ལས་དང་བྱ་གཞག་ཚན་པ། དེ་མིན་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་བཅས་ཀྱིས་ངེས་པར་དུ་ཁྲིམས་ལྟར་ཁོར་ཡུག་བསྡོམས་རྩིས་ཀྱི་དཔྱད་ཡིག་མཁོ་འདོན་བྱེད་དགོས་པ་ལས་སྙན་སེང་རྫུན་མ་ཞུ་བ་དང་། སྦས་གསང་བྱེད་པ། རྩ་བ་ནས་མི་ཞུ་བ། ནར་འགྱངས་གཏོང་བ་བཅས་བྱེད་མི་ཆོག་ལ། རྫུན་བཟོ་དང་སྒྱུར་བཟོའམ་ཡང་ན་གཡོ་བཅོས་བྱེད་མི་ཆོག

དོན་ཚན་སོ་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ལོ་ལྟར་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ནམ་ཡང་ན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་ཚད་ལེགས་གྲུབ་བྱས་ཚུལ་སྙན་སེང་ཞུ་དགོས། ཁོར་ཡུག་གི་ཚབས་ཆེའི་དོན་རྐྱེན་ཐོན་ཚེ་ངེས་པར་དུ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འཕྲལ་མར་སྙན་སེང་ཞུས་ནས་ཁྲིམས་ལྟར་ལྟ་སྐུལ་དང་ལེན་ཞུ་དགོས། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་དུས་བཀག་གམ་ཡང་ན་དུས་ངེས་མེད་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་པ་མ་ཟད། ཞིབ་བཤེར་བྱས་འབྲས་སྤྱི་ཚོགས་ཐོག་ཁྱབ་བསྒྲགས་བྱེད་དགོས།

ལེའུ་གསུམ་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན།

དོན་ཚན་སོ་བཞི་པ། རང་སྐྱོང་ལྗོངས་ཀྱིས་ངེས་པར་དུ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་འཆར་འགོད་བཟོ་དགོས། རིམ་ཁག་མི་དམངས་སྲིད་གཞུང་གིས་སྐྱེ་ཁམས་ཤེས་དཔལ་གྱི་ཚོད་ལྟ་ཁུལ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་དཔེ་སྟོན་གྲོང་ཁྱེར་སོགས་རིགས་མི་འདྲ་བའི་སྐྱེ་ཁམས་ཤེས་དཔལ་ཁུལ་འཛུགས་གཏོད་བྱེད་རྒྱུར་སྐུལ་མ་གཏོང་རྒྱུ།

དོན་ཚན་སོ་ལྔ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་འཛུགས་རྒྱུའི་གལ་ཆེན་རྨང་གཞིའི་རིགས་གཞུང་ཞིབ་འཇུག་དང་གལ་ཆེའི་འགག་རྩའི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་རྒྱུ་སྒྲིག་འཛུགས་བྱེད་དགོས།

དོན་ཚན་སོ་དྲུག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཁོར་ཡུག་ཐོན་ཁུངས་ཀྱི་ཐེག་ནུས་ལ་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་སྲོལ་བཙུགས་ཏེ་མི་འབོར་གྱི་གཞི་ཁྱོན་དང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་བཅས་གཏོང་རྒྱུ་དེ་ཁོར་ཡུག་ཐོན་ཁུངས་ཀྱི་ཐེག་ནུས་ལས་མི་བརྒལ་བ་བྱེད་དགོས།

དོན་ཚན་སོ་བདུན་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྐྱེ་ཁམས་ཀྱི་མ་ལག་དང་རང་བྱུང་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ངེས་པར་དུ་ཁྲིམས་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་རང་བྱུང་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱེད་འཐུས་དང་འཛུགས་སྐྲུན་བྱེད་པའི་ཚད་གཞི་བཟོ་བ་དང་གཏན་འབེབས་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོབ་བྱེད་ཁོངས་ཀྱི་དམར་ཐིག་ནང་གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱེད་རིགས་ནན་འགོག་བྱེད་རྒྱུ་དང་། གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱེད་སྐབས་ངེས་པར་དུ་ཁྲིམས་བཅད་ཀྱི་ལས་རིམ་གཞིར་བཟུང་ཞིབ་མཆན་ནན་པོ་འགོད་དགོས། འབྱུང་འཕྲོད་གཏེར་ལས་གོང་འཕེལ་གཏོང་རྒྱུར་སྐུལ་མ་གཏོང་རྒྱུ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཆུའི་ཐོན་ཁུངས་ཀྱི་དོ་དམ་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་ཆུའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་རྒྱུར་ཚོད་འཛིན་བྱེད་པ་དང་། ཆུ་སྤྱོད་ཚད་ལ་ཚོད་འཛིན་བྱེད་པ། ཆུ་ནུས་ཐོན་ཁུལ་གྱི་སྦགས་བཙོག་ཚད་བཀག་བཟོ་བ་བཅས་ཀྱི་བཙོག་ལེན་དམར་ཐིག་ནན་སྲུང་བྱེད་དགོས། ཆུ་བེད་ཆུ་གློག་གསར་སྤེལ་བྱེད་པའི་འཆར་འགོད་བཟོ་སྐབས་ཆུ་རྒྱུག་ཁུལ་གྱི་ཕྱོགས་བསྡུས་འཆར་འགོད་ལ་བསྟུན་ཏེ་སྐྱེ་ཁམས་སྔོན་སྤེལ་དང་། གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག གསར་སྤེལ་ཚད་རན་པོ། མཐའ་ཚད་འགན་སྲུང་བཅས་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས། གསར་སྤེལ་དང་འཛུགས་སྐྲུན་བྱེད་སྐབས་ས་ཆུ་ཤོར་བར་ཚོད་འཛིན་ནུས་ལྡན་བྱེད་དགོས། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྨོ་ཞིང་སྲུང་སྐྱོབ་ནན་པོ་བྱས་ཏེ་རྨོ་ཞིང་སྲུང་སྐྱོབ་བྱེད་པའི་དམར་ཐིག་ནན་སྲུང་བྱེད་དགོས་པ་དང་། གྲོང་ཁྱེར་གྲོང་རྡལ་གྱི་གཞི་ཁྱོན་དང་འཛུགས་སྐྲུན་དུ་སྤྱོད་པའི་གསར་སྣོན་ས་ཆ་ཚོད་འཛིན་ནན་པོ་བྱེད་དགོས། ས་ཆ་བེད་སྤྱོད་ཀྱི་འཆར་འགོད་ལ་དོ་དམ་ཚོད་འཛིན་དང་ཚད་གཞིར་ཚོད་འཛིན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་གཤེར་ས་དང་གྲམ་ཐང་བཙན་བཟུང་བྱེད་རིགས་ནན་འགོག་བྱེད་དགོས། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྩྭ་ཐང་སྲུང་སྐྱོབ་དང་། འཛུགས་སྐྲུན། བེད་སྤྱོད་བཅས་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། གཞི་རྩའི་རྩྭ་ཐང་སྲུང་སྐྱོབ་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་ཁྲིམས་ལྟར་རྩྭ་ཐང་ལུགས་མཐུན་ངང་བེད་སྤྱོད་བྱེད་དགོས། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གའི་ནང་ས་ལེན་པ་དང་། བྱེ་མ་བསྔོག་པ། རྡོ་གཤག་པ་སོགས་ཀྱི་བྱེད་རིགས་ལ་ལྟ་སྡོམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཚན་རིག་དང་མཐུན་པའི་འཆར་འགོད་དང་བཀོད་སྒྲིག་ལུགས་མཐུན་བྱས་ནས་སྐྱེ་ཁམས་ཁོར་ཡུག་སླར་གསོ་ཡོང་ཐབས་སྒྲིག་འཛུགས་བྱེད་དགོས།

དོན་ཚན་སོ་བརྒྱད་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་བྱེད་སྐབས་ངེས་པར་དུ་ས་ཆ་དེ་གའི་ཁོར་ཡུག་ཐོན་ཁུངས་ཀྱི་ཐེག་ནུས་དང་དེ་བཞིན་ཁོར་ཡུག་ཐོན་ཁུངས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ལུགས་མཐུན་ངང་ཡུལ་སྐོར་ལམ་ཐིག་བཟོ་བ་དང་། ཡུལ་སྐོར་བྱེད་གནས་བཀོད་སྒྲིག ཡུལ་སྐོར་ཐོན་རྫས་གསར་སྤེལ་བཅས་བྱེད་དགོས་ལ། ཚན་རིག་དང་མཐུན་པའི་ཡུལ་སྐོར་བ་འགྲུལ་བཞུད་ཆེ་ཆུང་གཏན་འཁེལ་བྱས་ནས་འབྱུང་འཕྲོད་ཡུལ་སྐོར་གོང་འཕེལ་གཏོང་རྒྱུར་སྐུལ་མ་གཏོང་དགོས། ཡུལ་སྐོར་མཛེས་ལྗོངས་ཁུལ(ས་ཚིགས)ལ་ངེས་པར་དུ་ལེ་ལག་ཚང་སྒྲིག་བཙོག་ཆུ་གཙང་གསིང་བྱེད་ས་དང་སྲ་གཟུགས་ཟོག་རོ་བསྡུ་རུབ་བརྒྱུད་འདྲེན་བྱེད་ས་སོགས་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་བཟོ་འཛུགས་བྱས་ནས་དེ་དག་རྒྱུན་ལྡན་བཞིན་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།

དོན་ཚན་སོ་དགུ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འཐུང་ཆུའི་ཆུ་འགོར་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་འཐུང་ཆུའི་ཆུ་འགོའི་སྲུང་སྐྱོབ་ཁུལ་བཙུགས་ནས་འཐུང་ཆུ་བདེ་འཇགས་ཡོང་བར་འགན་སྲུང་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་གཏན་འབེབས་གཞིར་བཟུང་ཆུ་སྤུས་ལ་ལྟ་ཞིབ་ཚད་ལེན་དང་ཁོར་ཡུག་གི་གནས་ཚུལ་ལ་བརྟག་དཔྱད་དང་དཔྱད་དཔོག་བྱེད་དགོས་པ་མ་ཟད། ཆུ་སྤུས་ཀྱི་ལྟ་ཞིབ་ཚད་ལེན་སྙན་ཞུ་ཁྱབ་བསྒྲགས་བྱེད་དགོས། ཆུ་འགོ་གཅིག་ཁོ་ན་ནས་ཆུ་མཁོ་འདོན་བྱེད་ཡུལ་གྱི་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གནས་སའི་གྲོང་ཁྱེར་གྲོང་རྡལ་དང་གཙོ་གནད་འགག་སྒོ་ཡོད་སར་ངེས་པར་དུ་གྲབས་སྤྱོད་ཆུ་འགོའམ་ཡང་ན་འཕྲལ་མཁོའི་ཆུ་འགོ་བཟོ་དགོས།

དོན་ཚན་བཞི་བཅུ་པ། གཏེར་རྫས་དང་། ཆུ་བེད་ཆུ་གློག ཡུལ་སྐོར་ཐོན་ཁུངས་བཅས་གསར་སྤེལ་དང་། དེ་བཞིན་འགྲིམ་འགྲུལ་དང་། འཕྲིན་གཏོང་། གློག་གཏོང་གློག་སྒྱུར་གྱི་སྐུད་ལམ་སོགས་གལ་ཆེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་སྐབས་ངེས་པར་དུ་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་དང་གནས་ལྗོངས་ལ་གནོད་གཞི་ཇི་ཡོང་ཐད་བསམ་གཞིགས་གང་ལེགས་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱེད་པ་དང་། ས་ཆ་དང་ལམ་ཐིག་ཡག་པོ་བདམས་ཁར་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་དཔྱད་གདེང་བྱེད་པའི་བླང་བྱ་གཞིར་བཟུང་རྒྱུ་ཆ་ལེན་ས་དང་། སྙིགས་རོ་སྐྱུར་ས། ཨར་སྐྲུན་གྱི་སྟབས་བདེའི་ལམ། འཚོ་བའི་སྒར་ས་སོགས་གནས་སྐབས་ཀྱི་སྒྲིག་བཀོད་བཟོ་འཛུགས་བྱེད་དགོས་པ་མ་ཟད། དུས་ཐོག་ཏུ་སྐྱེ་ཁམས་སླར་གསོ་ཡོང་ཐབས་བྱེད་དགོས།

དོན་ཚན་ཞེ་གཅིག་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་དང་། རྒྱུད་འཛིན་གྱི་སྣ་མང་རང་བཞིན། དེ་བཞིན་སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་བཅས་ལ་སྤྱི་ཡོངས་ནས་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྐྱེ་ཁམས་བདེ་འཇགས་ཡོང་བ་བྱེད་དགོས། ཕྱི་ཕྱོགས་ཀྱི་སྐྱེ་དངོས་རིགས་ནང་འདྲེན་བྱེད་སྐབས་ངེས་པར་དུ་ཁོར་ཡུག་ལ་ཉེན་ཁ་ཇི་ཡོང་དཔྱད་དཔོག་བྱས་ནས་གནོད་ལྡན་སྐྱེ་དངོས་རིགས་ཀྱིས་ནང་འཛུལ་བྱེད་པར་བཀག་འགོག་བྱེད་དགོས་པ་དང་། ནང་འཛུལ་བྱས་ཟིན་རིགས་ངེས་པར་དུ་བྱ་ཐབས་སྤྱད་དེ་རྩ་མེད་བཟོ་དགོས།

དོན་ཚན་ཞེ་གཉིས་པ། རང་སྐྱོང་ལྗོངས་ཀྱིས་ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་དབྱེ་མཚམས་གཏན་འཁེལ་བྱས་ཏེ་ནན་སྲུང་བྱེད་དགོས་པ་མ་ཟད། སྲུང་སྐྱོབ་དང་ལྟ་སྡོམ་ནན་པོ་བྱས་ནས་སྐྱེ་ཁམས་ཀྱི་བྱེད་ནུས་ཉམས་ཞན་དུ་མི་འགྲོ་བ་དང་། རྒྱ་ཁྱོན་ཆུང་དུ་མི་འགྲོ་བ། ངོ་བོ་མི་འགྱུར་བ་བཅས་འགན་སྲུང་བྱེད་དགོས། རིམ་ཁག་མི་དམངས་སྲིད་གཞུང་གིས་དབྱེ་མཚམས་གཏན་འཁེལ་བྱས་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་ལ་ས་མཚམས་ཐིག་ལེན་གྱི་ཚད་གཞི་གཏན་འཁེལ་བཟོ་རྒྱུ་དང་གཅིག་གྱུར་ཚད་ལྡན་གྱི་མཚོན་རྟགས་དང་བྱང་བུ་འཛུགས་དགོས།

དོན་ཚན་ཞེ་གསུམ་པ། རང་སྐྱོང་ལྗོངས་ཀྱིས་ཆུ་དཔོན་ལམ་ལུགས་དོན་འཁྱོལ་བྱས་ཏེ་ཆུའི་ཐོན་ཁུངས་སྲུང་སྐྱོབ་དང་། ཆུ་འགྲམ་ལ་དོ་དམ། ཆུའི་སྦགས་བཙོག་འགོག་བཅོས། ཆུའི་ཁོར་ཡུག་བཅོས་སྐྱོང་། ཆུའི་སྐྱེ་ཁམས་སླར་གསོ་སོགས་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས།

དོན་ཚན་ཞེ་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རང་བྱུང་སྲུང་སྐྱོབ་ཁུལ་ལ་སྲུང་སྐྱོབ་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་བྱེད་ནུས་འཛུགས་སྐྱོང་དང་བདག་སྐྱོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུའི་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས། རང་བྱུང་སྲུང་སྐྱོབ་ཁུལ་ནང་བྱེད་སྒོ་གང་ཞིག་སྤེལ་རུང་ངེས་པར་དུ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས། རིམ་ཁག་མི་དམངས་སྲིད་གཞུང་གིས་ཚབ་མཚོན་རང་བཞིན་གྱི་རིགས་མི་འདྲ་བའི་རང་བྱུང་སྐྱེ་ཁམས་མ་ལག་གི་ཁུལ་ཁོངས་དང་། རྩ་ཆེ་ཞིང་སྟོངས་ཉེན་ཆེ་བའི་བདག་མེད་སྲོག་ཆགས་དང་རྩི་ཤིང་གི་རང་བྱུང་ཁྱབ་ཁུལ། གཙོ་གནད་ཆུ་འགོ་གསོ་འཁྱོངས་ཁུལ། ཚན་རིག་རིག་གནས་ཀྱི་རིན་ཐང་ཆེན་པོ་ལྡན་པའི་ས་གཤིས་གྲུབ་ཚུལ། གྲགས་ཅན་བྲག་ཕུག འགྱུར་རྡོ་ཁྱབ་ཁུལ། འཁྱགས་རོམ། མེ་རི། ཆུ་ཚན་སོགས་རང་བྱུང་གནས་ཤུལ། དེ་བཞིན་རིག་སྐྲུན་གནས་ཤུལ་དང་གྲགས་ཅན་གནའ་ཤིང་བཅས་ལ་ངེས་པར་དུ་བྱ་ཐབས་སྤྱད་ནས་སྲུང་སྐྱོབ་བྱེད་དགོས་པ་དང་། གཏོར་སྐྱོན་གཏོང་རིགས་ནན་འགོག་བྱེད་དགོས།

དོན་ཚན་ཞེ་ལྔ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་སྐྱོང་གསབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ནོར་སྲིད་ཀྱི་མ་དངུལ་སྒྱུར་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་སྐྱོང་གསབ་མ་དངུལ་དོན་འཁྱོལ་བྱེད་པ་བཅས་ཀྱི་ཐོག་ནས་ཁོར་ཡུག་སྲུང་སྐྱོབ་དང་དམངས་འཚོ་ལེགས་བཅོས་བྱེད་ཐུབ་རྒྱུར་འགན་ལེན་བྱེད་དགོས།

དོན་ཚན་ཞེ་དྲུག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱེད་སྐབས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སླར་གསོ་བཅོས་སྐྱོང་བྱེད་པའི་ལམ་ལུགས་བཟོ་དགོས། གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱེད་པའི་རྣམ་གྲངས་འཛུགས་སྐྲུན་མ་བྱས་གོང་གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱེད་མཁན་ཁེ་ལས་ཀྱིས་ངེས་པར་དུ་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སླར་གསོ་བཅོས་སྐྱོང་གི་ཇུས་གཞི་སྐྱེལ་སྤྲོད་བྱེད་དགོས། གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱེད་མཁན་ཁེ་ལས་ཀྱིས་ངེས་པར་དུ་གཏེར་རིའི་ཁོར་ཡུག་བཅོས་སྐྱོང་དང་སླར་གསོའི་ཐེབས་རྩ་བཙུགས་ནས་གཅིག་གྱུར་འཆར་འགོད་ཀྱིས་གཏེར་རིའི་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུའི་ཐད་སྤྱོད་དགོས།

དོན་ཚན་ཞེ་བདུན་པ། གྲོང་ཁྱེར་གྲོང་གསེབ་ཀྱི་འཆར་འགོད་བཟོ་སྐབས་ངེས་པར་དུ་ཁོར་ཡུག་ཐོན་ཁུངས་ཀྱི་ཐེག་ནུས་གཞིར་བཟུང་གྲོང་ཁྱེར་གྲོང་རྡལ་གྱི་བར་སྟོང་རིགས་ཁྱབ་བཀོད་ལུགས་མཐུན་བྱེད་དགོས། འབྱུང་འཕྲོད་དང་སྐྱེ་ཁམས་ཅན་གྱི་གྲོང་ཁྱེར་གྲོང་རྡལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་རང་བྱུང་ཁོར་ཡུག་ལ་འགལ་རྐྱེན་དང་གནོད་འཚེ་བཟོ་རིགས་ཉུང་དུ་གཏོང་དགོས། 

དོན་ཚན་ཞེ་བརྒྱད་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་གྲོང་རྣམ་ཁོར་ཡུག་སྔོ་ལྗང་ཅན་དུ་སྒྱུར་བའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། བྱ་ཐབས་སྤྱད་དེ་གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་སྔོ་ལྗང་ཅན་དུ་འགྱུར་བའི་གཞི་ཁྱོན་ཆེ་རུ་གཏོང་དགོས། གྲོང་ཁྱེར་གྱི་སྐྱ་ཐེར་དུ་ལུས་པའི་ས་ཆ་རྣམས་ངེས་པར་དུ་འཕྲལ་མར་སྔོ་ལྗང་ཅན་དུ་འགྱུར་བ་བྱེད་དགོས།

དོན་ཚན་ཞེ་དགུ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་བྱ་ཐབས་སྤྱད་དེ་སྲ་གཟུགས་སྙིགས་རོ་རིགས་དབྱེ་གཙང་སེལ་དང་། ཚུར་བསྡུ་བེད་སྤྱོད། དེ་བཞིན་གནོད་མེད་ཐོག་གཅིག་སྡུད་གཙང་སེལ་བཅས་བཟོས་ཏེ་ཁུལ་ཁོངས་དེ་གའི་འཚོ་བའི་གད་སྙིགས་སོགས་ཀྱི་ཟོག་རོ་རིགས་དབྱེ་གཙང་སེལ་བཟོ་རྒྱུ་དང་འཚམ་པའི་སྤུང་འཇོག་བྱེད་ས་དང་བསྡུ་འདྲེན་བྱེད་ཐབས་བཟོ་དགོས། སྤྱི་དམངས་ཀྱིས་འཚོ་བའི་གད་སྙིགས་སོགས་སྐྱུར་བའི་ཟོག་རོ་རིགས་དབྱེ་གཙང་སེལ་བཟོ་སྐབས་ཁོར་ཡུག་སྦགས་བཙོག་བཟོ་ཉུང་དུ་འགྲོ་བར་སྐུལ་མ་གཏོང་རྒྱུ། ཚུར་བསྡུ་བེད་སྤྱོད་བྱེད་བདེ་བ་དང་། གཙང་སེལ་བཟོ་བདེ་བ། བཞུར་ཡལ་སླ་བ་བཅས་ཀྱི་ཐུམ་སྒྲིལ་དངོས་པོ་དང་སྣོད་ཆས་རིགས་བེད་སྤྱོད་རྒྱུ་དང་། དེ་བཞིན་སྐྱུར་བའི་ཐོན་རྫས་ཀྱི་ཐུམ་སྒྲིལ་དངོས་པོ་དང་། སྣོད་ཆས། གློག་རྫས་རྙིང་རོ། འགྱིག་འཁོར་རྙིང་རོ་སོགས་ཚུར་བསྡུ་བེད་སྤྱོད་བྱེད་རྒྱུར་སྐུལ་མ་གཏོང་རྒྱུ། ཟ་ཁང་གིས་སྐྱུར་བའི་ཟོག་རོ་ཚུར་བསྡུ་བེད་སྤྱོད་དང་གནོད་མེད་གཙང་སེལ་བཟོ་རྒྱུར་སྐུལ་མ་གཏོང་རྒྱུ་དང་། གྲོང་ཁྱེར་ནང་གི་ཟ་ཁང་གིས་སྐྱུར་བའི་ཟོག་རོ་བསྡུ་རུབ་དང་། དབོར་འདྲེན། བེད་སྤྱོད། གཙང་སེལ་བཅས་བྱེད་པའི་མ་ལག་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ། ཟ་ཁང་གིས་སྐྱུར་བའི་ཟོག་རོ་གཙང་སེལ་བཟོ་བའི་སྒྲིག་བཀོད་མཉམ་སྐྲུན་མཉམ་སྤྱོད་བྱེད་རྒྱུ་དར་སྤེལ་གཏོང་རྒྱུ། ཟ་ཁང་གི་གད་སྙིགས་གང་བྱུང་དུ་སྐྱུར་འཇོག་བྱེད་རིགས་དང་གྲོང་ཁྱེར་གྲོང་རྡལ་གྱི་བཙོག་ཆུ་བསྡུ་གསོག་གིས་མདོང་ལམ་ནང་གཏོང་རིགས་ནན་འགོག་བྱེད་རྒྱུ། བཞུར་ཡལ་ཐུབ་ཐབས་མེད་ལ་ཐེངས་གཅིག་རང་གི་ལྦུ་སྐྱེད་འགྱིག་བཟོས་ཟས་སྣོད་དང་། འགྱིག་ཁུག ལཱིན་འདྲེས་འཁྲུད་རྫས། དེ་བཞིན་ཐེངས་གཅིག་རང་གི་ཤིང་གི་ཐུར་མ་སོགས་ཐོན་སྐྱེད་དང་། ཉོ་འཚོང་། བེད་སྤྱོད་བཅས་བྱེད་རིགས་ནན་འགོག་བྱེད་དགོས།

དོན་ཚན་ལྔ་བཅུ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་ཁོར་ཡུག་ལ་གཅིག་གྱུར་འཆར་འགོད་དང་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་མཐུན་སྦྱོར་ལམ་སྲོལ་བཙུགས་ཐོག ཞིང་འབྲོག་ལས་ཀྱི་སྦགས་བཙོག་ཡོང་ཁུངས་ལ་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་ལས་ཐད་ནས་བྱུང་བའི་སྦགས་བཙོག་རིགས་བཀག་འགོག་བྱེད་དགོས་པ་དང་། ཞིང་འབྲོག་མང་ཚོགས་ཀྱིས་སྐྱེ་ལྡན་གྱི་ལུད་བེད་སྤྱོད་བྱེད་རྒྱུར་ཁྲིད་སྟོན་བྱས་ཏེ་ཞིང་འབྲོག་ཁུལ་གྱི་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཞིང་འབྲོག་ཁུལ་གྱི་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་གཅིག་གྱུར་ཐོག་འཛུགས་སྐྲུན་བྱས་ནས་འཁོར་སྐྱོད་དང་། སྲུང་སྐྱོང་། བེད་སྤྱོད་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས། འཚོ་བའི་གད་སྙིགས་བསྡུ་རུབ་དང་བརྒྱུད་འདྲེན་བྱེད་པའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་གཅིག་སྡུད་ཐོག་གད་སྙིགས་སོགས་སྲ་གཟུགས་སྐྱུར་རོ་བསྡུ་རུབ་དང་གཙང་འདྲེན་བྱེད་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཚན་རིག་དང་མཐུན་པའི་སྒོ་ནས་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་དང་བཤས་གཏོང་ཁུལ་ཁྱབ་བཀོད་བྱེད་དགོས།

སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་དང་བཤས་གཏོང་མཁན་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་བྱ་ཐབས་སྤྱད་ནས་སྒོ་ཕྱུགས་དང་ཁྱིམ་བྱའི་སྐྱག་གཅིན་དང་། ཤི་རོ། བཙོག་ཆུ་སོགས་ཀྱི་སྐྱུར་རོ་ཚན་རིག་དང་མཐུན་པའི་གཙང་སེལ་བཟོས་ནས་ཁོར་ཡུག་ལ་སྦགས་བཙོག་བཟོ་རིགས་བཀག་འགོག་བྱེད་དགོས།

ལེའུ་བཞི་པ། སྦགས་བཙོག་དང་དེ་མིན་གྱི་སྤྱི་གནོད་འགོག་བཅོས།

དོན་ཚན་ང་གཅིག་པ། རང་སྐྱོང་ལྗོངས་ཀྱིས་ཁྲིམས་བཞིན་བཙོག་འབུད་ཆོག་འཐུས་དོ་དམ་ལམ་ལུགས་ལག་བསྟར་བྱེད་དགོས། བཙོག་འབུད་འཁྲོལ་འཛིན་རག་མཁན་ཁེ་ལས་དང་བྱ་གཞག་ཚན་པ་དང་། དེ་མིན་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གྱིས་ངེས་པར་དུ་བཙོག་འབུད་འཁྲོལ་འཛིན་གྱི་བླང་བྱ་གཞིར་བཟུང་བཙོག་དངོས་འབུད་གཏོང་བྱེད་དགོས། བཙོག་འབུད་འཁྲོལ་འཛིན་མ་རག་ཚེ་བཙོག་དངོས་འབུད་གཏོང་བྱེད་མི་ཆོག

དོན་ཚན་ང་གཉིས་པ། ཁེ་ལས་དང་བྱ་གཞག་ཚན་པ་དང་། དེ་མིན་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གྱིས་ངེས་པར་དུ་བྱ་ཐབས་སྤྱད་དེ་འབུད་གཏོང་བྱས་པའི་བཙོག་དངོས་རིགས་འབུད་གཏོང་གི་ཚད་གཞི་དང་གཙོ་གནད་བཙོག་དངོས་འབུད་གཏོང་གི་སྤྱི་འབོར་ཚོད་འཛིན་བྱེད་པའི་དམིགས་ཚད་དང་འཚམ་ཐུབ་པ་བྱེད་དགོས། ཁེ་ལས་དང་བྱ་གཞག་ཚན་པས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་གཤམ་གསལ་གྱི་འགན་འཁྲི་ཁུར་དགོས་པ་སྟེ། (གཅིག)ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་ཚགས་ཚུད་དུ་བཏང་སྟེ་འགན་འཁུར་བ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གནས་འགན་འཁྲི་ཁ་གསལ་བཟོ་དགོས་པ་དང་། (གཉིས)ནང་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་ལས་ཀའི་ཚན་པ་བཙུགས་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་གྱི་ལས་བྱ་གཏན་འཁེལ་བྱེད་དགོས་པ། (གསུམ)ནང་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་དོ་དམ་ལམ་ལུགས་དང་སྦགས་བཙོག་འགོག་བཅོས་ཀྱི་སྒྲིག་བཀོད་བཀོལ་སྤྱོད་ལས་རིམ་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ། (བཞི)ཐོན་སྐྱེད་ཀྱི་ལྷུ་ཚིགས་ཁག་བཅའ་ཁྲིམས་ཁྲིམས་སྲོལ་དང་ལག་རྩལ་གྱི་ཚད་གཞིའི་བླང་བྱ་དང་འཚམ་ཐུབ་པ་བྱེད་དགོས་པ། (ལྔ)ཁོར་ཡུག་སྲུང་སྐྱོབ་ལས་ཀའི་ཡིག་ཚགས་བཟོ་བ་དང་ཚགས་ཚུད་དུ་གཏོང་དགོས་པ། (དྲུག)ཁོར་ཡུག་གི་འཕྲལ་སྡོམ་དང་ཁོར་ཡུག་གི་ཉེན་ཟོན་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་བཏང་སྟེ། དུས་བཀག་ལྟར་ཁོར་ཡུག་གི་འཕྲལ་སྡོམ་བདེ་འཇགས་ཀྱི་ནང་སྦྱོང་བྱས་ནས་དུས་ཐོག་ཏུ་ཁོར་ཡུག་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མེད་པ་བཟོ་དགོས་པ། (བདུན)རྒྱལ་ཁབ་དང་རང་སྐྱོང་ལྗོངས་ནས་གཏན་འབེབས་བྱས་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་གཞན་དག་བཅས་སོ། དེ་མིན་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གྱིས་ངེས་པར་དུ་འབྲེལ་ཡོད་མི་སྣའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་ཁ་གསལ་བཟོས་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་འབྲེལ་ཡོད་ལག་རྩལ་གྱི་ཚད་གཞིར་བརྩི་སྲུང་ཞུ་དགོས།

དོན་ཚན་ང་གསུམ་པ། རྣམ་གྲངས་འཛུགས་སྐྲུན་བྱེད་པའི་ཁྲོད་ཁོར་ཡུག་གི་སྦགས་བཙོག་འགོག་བཅོས་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སྒྲིག་བཀོད་གཞན་དག་རིགས་ངེས་པར་དུ་གཙོ་གནད་ལས་གྲྭ་དང་མཉམ་དུ་ཇུས་འགོད་དང་། མཉམ་དུ་ཨར་སྐྲུན། མཉམ་དུ་བེད་སྤྱོད་བཅས་བྱེད་དགོས། འབྲེལ་ཡོད་སྦགས་བཙོག་འགོག་བཅོས་དང་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་དགོས་ངེས་ཀྱི་མ་དངུལ་དེ་རྣམ་གྲངས་མ་འཇོག་གི་རགས་རྩིས་ནང་འཇུག་དགོས། ཁེ་ལས་དང་བྱ་གཞག་ཚན་པ་དང་། དེ་མིན་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གྱིས་ངེས་པར་དུ་སྦགས་བཙོག་འགོག་བཅོས་ཀྱི་སྒྲིག་བཀོད་ཀྱི་འཁོར་སྐྱོད་དང་དོ་དམ་བྱེད་རྒྱུ་དེ་ཐོན་སྐྱེད་དོ་དམ་མ་ལག་ནང་བཅུག་སྟེ། རྒྱུན་ལྡན་བཞིན་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་རྒྱུ་མ་ཟད། དོ་དམ་གྱི་རྩིས་ཁྲ་ཡང་བཟོ་དགོས། ཁེ་ལས་དང་བྱ་གཞག་ཚན་པ་དང་། དེ་མིན་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གྱིས་སྦགས་བཙོག་འགོག་བཅོས་ཀྱི་སྒྲིག་བཀོད་རང་དགར་བཤིག་པ་དང་བེད་མེད་དུ་འཇོག་མི་ཆོག བཙོག་དངོས་འབུད་གཏོང་བྱེད་མཁན་ཁེ་ལས་དང་བྱ་གཞག་ཚན་པ་དང་། དེ་མིན་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གྱིས་ངེས་པར་དུ་གཏན་འབེབས་གཞིར་བཟུང་བཙོག་དངོས་འབུད་གཏོང་བྱེད་ས་དང་ལྟ་ཞིབ་ཚད་ལེན་བྱེད་བདེའི་དཔེ་ལེན་ལས་སྟེགས་འཛུགས་དགོས་པ་མ་ཟད། མཚོན་རྟགས་བྱང་བུ་ཡང་བསྒར་སྒྲིག་བྱེད་དགོས། ཞིབ་གཏན་བྱས་མེད་པའི་བཙོག་དངོས་འབུད་གཏོང་བྱེད་ས་བརྒྱུད་ནས་བཙོག་དངོས་འབུད་གཏོང་བྱེད་རིགས་ནན་འགོག་བྱེད་དགོས། བཙོག་དངོས་གཙང་སེལ་སྒྲིག་བཀོད་ཀྱི་བར་བརྒྱུད་ལས་རིམ་ནས་བཙོག་དངོས་ཕྱིར་འཐེན་པ་དང་འབུད་གཏོང་བྱེད་རིགས་ནན་འགོག་བྱེད་དགོས།

དོན་ཚན་ང་བཞི་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གོང་འཕེལ་དང་བསྒྱུར་བཅོས་སྡེ་ཚན་གྱིས་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གཙོ་གནད་ལས་རིགས་དང་གཙོ་གནད་ཁེ་ལས་ཀྱི་གཙང་ལྡན་ཐོན་སྐྱེད་བྱེད་མིན་ཐད་བཙན་ཐབས་རང་བཞིན་གྱིས་ཞིབ་བཤེར་བྱས་ཏེ་ཐོན་ཁུངས་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་བ་དང་བཙོག་དངོས་འབུད་གཏོང་བྱེད་རྒྱུ་ཉུང་དུ་གཏོང་དགོས།

དོན་ཚན་ང་ལྔ་པ། གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱེད་པའི་ཁྲོད་ཐོན་པའི་རླངས་སྙིགས་དང་། ཆུ་སྙིགས། སྙིགས་རོ་བཅས་ངེས་པར་དུ་བསྡུ་རུབ་དང་གཙང་སེལ་ཚད་ལྡན་བཟོས་ནས་ཁོར་ཡུག་སྦགས་བཙོག་བཟོ་བ་དང་སྐྱེ་ཁམས་གཏོར་སྐྱོན་གཏོང་རིགས་བཀག་འགོག་བྱེད་དགོས།

དོན་ཚན་ང་དྲུག་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཙང་ཆུའི(མཚེའུ་དང་ཆུ་མཛོད)ནང་བཙོག་དངོས་འབུད་གཏོང་བྱེད་པར་དོ་དམ་ནན་པོ་བྱེད་པ་དང་། ས་འོག་ཆུའི་སྦགས་བཙོག་འགོག་བཅོས་བྱེད་རྒྱུར་མཐོང་ཆེན་བྱེད་པ། གཙོ་གནད་རྒྱུག་ཁུལ་དང་ཁུལ་ཁོངས་ཀྱི་ཆུའི་སྦགས་བཙོག་འགོག་བཅོས་བྱེད་རྒྱུ་དང་མཚེའུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། འཐུང་ཆུའི་ཆུ་འགོ་སྲུང་སྐྱོབ་ཁུལ་དང་། གཙོ་གནད་ཉ་ལས་ཀྱི་ཆུ་བོའམ་ཡང་ན་དེ་མིན་གྱི་དམིགས་བསལ་དཔལ་འབྱོར་དང་རིག་སྐྲུན་གྱི་རིན་ཐང་ལྡན་པའི་ཆུ་བོ་སྲུང་སྐྱོབ་ཁུལ་ནང་བཙོག་དངོས་འབུད་གཏོང་བྱེད་ས་བཟོ་འཛུགས་བྱེད་མི་ཆོག བཟོ་འཛུགས་བྱས་ཟིན་རིགས་ངེས་པར་དུ་རང་གནས་སའི་རྫོང་མི་དམངས་སྲིད་གཞུང་གིས་དུས་བཀག་ནང་བཤིག་ཏུ་འཇུག་དགོས། རྨོ་ཞིང་དང་། ནགས་ས། རྩྭ་ཁ། གཤེར་ས། ཆུ་བོ། མཚེའུ། ཆུ་མཛོད་བཅས། དེ་བཞིན་ཆུ་རྒྱུག་ཁུལ་གཞན་དག་ནང་སྲ་གཟུགས་སྙིགས་རོ་གཤོ་བའམ་ཡང་ན་དུག་ལྡན་གནོད་ཡོད་ཀྱི་གཤེར་རོ་འབུད་གཏོང་བྱེད་རིགས་ནན་འགོག་བྱས་ནས་ས་ངོས་ཀྱི་ཆུ་དང་ས་འོག་གི་ཆུར་སྦགས་བཙོག་བཟོ་རིགས་བཀག་འགོག་བྱེད་དགོས། ས་སྦས་མདོང་ལམ་དང་། ཆུ་སིམ་ཁྲོན་པ། ཆུ་སིམ་ས་དོང་། ཆུ་འདྲེན་གཏོང་བཅས་སམ་ཡང་ན་ས་འོག་གི་ཆུ་བོར་སྦགས་བཙོག་བཟོ་སྲིད་པའི་བྱ་ཐབས་གཞན་དག་སྤྱད་ནས་དུག་ལྡན་གནོད་ཡོད་ཀྱི་གཤེར་རོ་དང་སྙིགས་གཞན་དག་འབུད་གཏོང་བྱེད་རིགས་ནན་འགོག་བྱེད་དགོས། བཟོ་ལས་སྡེ་གླིང་དང་། གཏེར་རི་སྔོག་འདོན་ཁུལ། གད་སྙིགས་སྦས་ས། དེ་བཞིན་སྣུམ་མཛོད་དང་སྣུམ་སྣོན་ས་ཚུགས་སོགས་ཀྱི་ཁུལ་ཁོངས་སུ་ངེས་པར་དུ་སིམ་འགོག་གི་བྱ་ཐབས་སྤྱད་དེ་ས་འོག་ཆུའི་སྦགས་བཙོག་འགོག་བཅོས་བྱེད་དགོས།

དོན་ཚན་ང་བདུན་པ། རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་གྲོང་ཁྱེར་གྲོང་རྡལ་གྱི་བཙོག་ཆུ་བསྡུ་རུབ་དང་གཙང་སེལ་བྱེད་པའི་སྒྲིག་བཀོད་བཟོ་འཛུགས་བྱེད་རྒྱུ་དེ་གྲོང་ཁྱེར་གྲོང་རྡལ་གྱི་སྤྱིའི་འཆར་འགོད་ནང་བཅུག་ནས་གྲོང་ཁྱེར་གྲོང་རྡལ་གྱི་བཙོག་འབུད་མདོང་ལམ་དང་བཙོག་ཆུ་གཙང་གསིང་གི་སྒྲིག་བཀོད་འཛུགས་སྐྲུན་དང་འཐུས་སྒོ་ཚང་དུ་བཏང་ཐོག རྒྱུན་ལྡན་བཞིན་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། གྲོང་ཁྱེར་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་སྒྲིག་བཀོད་ཀྱིས་གཙང་གསིང་བཟོས་པའི་བཟོ་ལས་ཀྱི་བཙོག་ཆུ་དང་སྨན་བཅོས་ཀྱི་ཆུ་སྙིགས་དེ་དག་ངེས་པར་དུ་སྔོན་དུ་གཙང་གསིང་བཟོ་རིགས་གཅིག་སྡུད་གཙང་གསིང་གི་འབྲེལ་ཡོད་རེ་བ་དང་འཚམ་རྗེས་གཞི་ནས་གྲོང་ཁྱེར་གྲོང་རྡལ་གྱི་བཙོག་ཆུ་བསྡུ་རུབ་ཀྱི་མདོང་ལམ་ནང་འབུད་གཏོང་བྱས་ན་འགྲིག བཙོག་ཆུ་གཙང་གསིང་གི་སྒྲིག་བཀོད་ནས་བྱུང་བའི་འདམ་སྙིགས་རིགས་ངེས་པར་དུ་བརྟན་ཆགས་ཅན་དང་། གནོད་མེད་ཅན། ཐོན་ཁུངས་ཅན་བཅས་ཀྱི་གཙང་སེལ་བྱེད་ཐབས་སྤྱོད་དགོས། གཙང་སེལ་མ་བཟོས་པའམ་ཡང་ན་གཙང་སེལ་བཟོ་བའི་ཚད་གཞིར་སླེབས་མེད་པའི་འདམ་སྙིགས་རིགས་ཕྱི་ལ་འབུད་གཏོང་བྱེད་མི་ཆོག རང་སྐྱོང་ལྗོངས་ཀྱིས་གྲོང་ཁྱེར་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུའི་ཐད་ཐབས་ལམ་སྣ་ཚོགས་ཐོག་ནས་མ་འཇོག་བྱེད་རྒྱུར་སྐུལ་མ་གཏོང་རྒྱུ།

དོན་ཚན་ང་བརྒྱད་པ། དྲོད་གཏོང་ཁྲོ་ཐབ་གསར་འཛུགས་བྱེད་སྐབས་ངེས་པར་དུ་ཚ་ནུས་གཙང་མ་སྤྱོད་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་འབུད་གཏོང་ཚད་གཞི་དང་མཐུན་པ་བྱེད་དགོས། ད་ཡོད་ཀྱི་རྡོ་སོལ(འབུད་ཤིང)གྱི་ཁྲོ་ཐབ་རིགས་འབར་རླངས་དང་གློག་ཤུགས་ལ་བསྒྱུར་བཟོ་བྱེད་རྒྱུར་སྐུལ་མ་གཏོང་རྒྱུ་མ་ཟད། གྲོང་ཁྱེར་འཛུགས་སྐྲུན་ཁུལ་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་བླང་བྱ་དང་མི་མཐུན་པའི་སྦགས་བཙོག་ཆེ་བའི་འབར་རྒྱུའི་ཁྲོ་ཐབ་མེད་པ་བཟོ་དགོས། མི་འབོར་རུབ་འདུས་ཆེ་བའི་ས་ཁུལ་དང་ཁྲིམས་བཞིན་དམིགས་བསལ་སྲུང་སྐྱོབ་བྱེད་དགོས་པའི་ཁུལ་ཁོངས་གཞན་དག་ནང་སྣུམ་སྙིགས་དང་། སྣུམ་ཤོག འགྱིག་སྤོས། འགྱིག་ཤོག ཀོ་ལྤགས། གད་སྙིགས། དེ་མིན་དུག་ལྡན་དང་གནོད་ལྡན་གྱི་དུ་ཐལ་དང་དྲི་ངན་ཆེ་བའི་རླངས་གཟུགས་ཀྱི་དངོས་པོ་བཅས་མེ་སྲེག་གཏོང་རིགས་ནན་འགོག་བྱེད་དགོས། བཟའ་བཏུང་གི་ཞབས་ཞུ་དང་གྱོན་གོས་སྐམ་འཁྲུ་སོགས་ཀྱི་ལས་གཉེར་བྱེད་མཁན་གྱིས་ངེས་པར་དུ་དུ་སྣུམ་གཙང་བཟོ་དང་། དྲི་ངན་ནམ་ཡང་ན་རླངས་རོ་གཙང་སེལ་གྱི་སྒྲིག་ཆས་སོགས་སྦགས་བཙོག་འགོག་བཅོས་ཀྱི་སྒྲིག་བཀོད་བཟོ་འཛུགས་བྱེད་དགོས་པ་མ་ཟད། རྒྱུན་གཏན་ལྟར་བེད་སྤྱོད་ཐུབ་པ་བྱས་ཏེ་མཐའ་འཁོར་གྱི་ཡུལ་མིའི་རྒྱུན་ལྡན་གྱི་འཚོ་བའི་ཁོར་ཡུག་ལ་སྦགས་བཙོག་བཟོ་རིགས་བཀག་འགོག་བྱེད་དགོས།

དོན་ཚན་ང་དགུ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གྲོང་ཁྱེར་གྱི་སྤྱི་སྤྱོད་འགྲིམ་འགྲུལ་གོང་འཕེལ་གཏོང་སྐབས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགྲིམ་འགྲུལ་ཡོ་བྱད་བེད་སྤྱོད་བྱེད་རྒྱུར་སྐུལ་མ་དང་ཁྱབ་གདལ་གཏོང་དགོས། འཕྲུལ་སྒུལ་འཁོར་རིགས་ཡིན་ཚེ་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། འཕྲུལ་སྒུལ་འཁོར་རིགས་ཀྱི་བཙོག་འབུད་ཞིབ་བཤེར་ཚན་པས་དུས་བཀག་ལྟར་བཙོག་འབུད་ཞིབ་བཤེར་བྱེད་དགོས་པ་དང་། ཞིབ་བཤེར་བྱས་ནས་ཚད་གཞི་མ་ལོངས་ཚེ་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་རྒྱུ་བདག་བརྗེ་སྒྱུར་དང་ལོ་བཤེར་གྱི་འགྲོ་ལུགས་གཉེར་མི་རུང་། རིགས་མི་འདྲ་བའི་སྣུམ་སྣོན་ས་ཚུགས་ཀྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚད་གཞི་དང་མཐུན་པའི་འཁོར་སྤྱོད་ཁྲའེ་སྣུམ་དང་རླངས་སྣུམ་ཕྱིར་འཚོང་བྱེད་དགོས།

དོན་ཚན་དྲུག་ཅུ་པ། རང་སྐྱོང་ལྗོངས་ཀྱིས་ངེས་པར་དུ་བཟོ་ལས་སྡེ་གླིང་གི་གོང་འཕེལ་འཆར་འགོད་བཟོས་ནས་ཚན་རིག་དང་མཐུན་པའི་བཟོ་ལས་ཀྱི་ཁྱབ་བཀོད་འཆར་འགོད་བྱེད་པ་དང་། བཟོ་ལས་ཀྱི་ཁེ་ལས་བཟོ་ལས་རིགས་སྡེ་གླིང་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས། བཟོ་ལས་སྡེ་གླིང་གིས་ངེས་པར་དུ་བཙོག་ཆུ་གཙང་གསིང་དང་སྲ་གཟུགས་སྙིགས་རོ་བསྡུ་རུབ་བརྒྱུད་འདྲེན་སོགས་བྱེད་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་རྨང་གཞིའི་སྒྲིག་བཀོད་དུས་མཉམ་དུ་བསྐྲུན་ནས་དེ་རྒྱུན་ལྡན་བཞིན་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།

དོན་ཚན་རེ་གཅིག་པ། ཨར་སྐྲུན་ཁེ་ལས་ཀྱིས་ངེས་པར་དུ་བྱ་ཐབས་སྤྱད་དེ་ཐལ་རྡུལ་དང་། གཙེར་སྒྲ གཡོ་འགུལ་སོགས་ལས་ཐོན་པའི་མཐའ་འཁོར་ཁོར་ཡུག་གི་སྦགས་བཙོག་དང་གནོད་འཚེའི་རིགས་བཀག་འགོག་བྱེད་དགོས། ཨར་སྐྲུན་གྱི་ས་རྒྱུ་དང་། ཨར་སྐྲུན་གྱི་གད་སྙིགས། ས་རོ། སིལ་བླུག་དངོས་པོ་བཅས་ཀྱི་རིགས་ངེས་པར་དུ་ཁེབས་གཡོག་སྟེ་དུས་ཐོག་ཏུ་དམིགས་བཙུགས་བྱས་པའི་ས་ཆར་དབོར་འདྲེན་གཙང་མ་བྱེད་དགོས་པ་ལས་རང་དགར་གཤོ་མི་ཆོག ལས་ཡུལ་ནང་ཕུང་གསོག་བྱས་རིགས་ངེས་པར་དུ་རྡུལ་འགོག་དྲ་ཁེབས་གཡོག་དགོས། ས་རོ་དབོར་མཁན་གྱི་རླངས་འཁོར་རིགས་ལ་ངེས་པར་དུ་སྲུང་སྐར་གྱི་གནས་ངེས་བཟུང་མ་ལག་བསྒར་སྒྲིག་བྱེད་དགོས་པ་མ་ཟད། གཏན་འཁེལ་བྱས་པའི་ལམ་ཐིག་གཞིར་བཟུང་འགྲོ་སྐྱོད་བྱེད་དགོས། མཚན་མོར་སྨན་ཁང་དང་། ལུས་གསོ། སྡོད་གནས། རིག་སློབ། ཚོང་ལས་ཁུལ། དེ་བཞིན་བཟོ་ལས་མཉམ་འདྲེས་ཁུལ་བཅས་ལ་གཙེར་སྒྲ་དང་གཡོ་འགུལ་གྱི་ཚད་གཞི་ལས་བརྒལ་བའི་ཨར་སྐྲུན་སོགས་ཀྱི་ལས་སྒོ་སྤེལ་རིགས་ནན་འགོག་བྱེད་རྒྱུ། མཚན་མོར་ལས་སྒྲུབ་བྱེད་དགོས་ངེས་ཡིན་ཚེ་ངེས་པར་དུ་ལས་ཀའི་ཉིན་གྲངས་གསུམ་གྱི་གོང་དུ་རང་གནས་སའི་རྫོང་རིམ་མི་དམངས་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་ལ་རེ་ཞུ་འབུལ་དགོས་པ་དང་། ཆོག་མཆན་ཐོབ་རྗེས་སྤྱི་བསྒྲགས་སྤེལ་དགོས།

དོན་ཚན་རེ་གཉིས་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཁོར་ཡུག་གི་གཙེར་སྒྲའི་སྦགས་བཙོག་འགོག་བཅོས་ཀྱི་ལས་དོན་དེ་ཁོར་ཡུག་སྲུང་སྐྱོབ་ཀྱི་འཆར་འགོད་ནང་འཇུག་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་འཆར་འགོད་བཟོ་འབེབས་བྱེད་སྐབས་ངེས་པར་དུ་འཛུགས་སྐྲུན་རྣམ་གྲངས་དང་། དེ་བཞིན་ཁུལ་ཁོངས་གསར་སྤེལ་དང་བསྒྱུར་བཀོད་བྱེད་པ་ལས་ཐོན་པའི་གཙེར་སྒྲས་མཐའ་འཁོར་གྱི་འཚོ་བའི་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཐད་བསམ་གཞིགས་གང་ལེགས་བྱེད་དགོས་ལ། བྱེད་ནུས་ཁུལ་དང་འཛུགས་སྐྲུན་གྱི་ཁྱབ་བཀོད་ལ་གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་ལུགས་མཐུན་བྱས་ནས་ཁོར་ཡུག་གི་གཙེར་སྒྲའི་སྦགས་བཙོག་སྔོན་འགོག་བྱེད་པའམ་ཡང་ན་ཉུང་དུ་གཏོང་དགོས།

དོན་ཚན་རེ་གསུམ་པ། གྲོང་ཁུལ་གྱི་ཁྱབ་ཁོངས་ནང་གཤམ་གསལ་གྱི་བྱེད་སྤྱོད་རིགས་སྤེལ་རྒྱུ་བཀག་འགོག་བྱེད་རྒྱུ་སྟེ། (གཅིག)འཕྲུལ་སྒུལ་འཁོར་རིགས་ཀྱིས་དུང་བརྡ་གཏོང་མི་ཆོག་པའི་གྲོང་ཁུལ་དུ་དུང་བརྡ་གཏོང་བ་དང་། དེ་མིན་ཁུལ་ཁོངས་སུ་གཙེར་སྒྲ་ཆེ་བའི་སྒྲ་སྐྱེད་སྒྲིག་ཆས་བེད་སྤྱོད་བྱེད་རིགས་དང་། (གཉིས)སློབ་གྲྭ་མཐོ་འབྲིང་ཆུང་གསུམ་གྱི་ཡིག་རྒྱུགས་གཏོང་རིང་ཡིག་རྒྱུགས་གཏོང་སའི་མཐའ་འཁོར་དུ་ཁོར་ཡུག་གི་གཙེར་སྒྲའི་སྦགས་བཙོག་ཐོན་པའམ་ཡང་ན་ཐོན་བཟོ་ཡོད་པ་དང་། ཡིག་རྒྱུགས་གཏོང་བར་ཤུགས་རྐྱེན་བཟོ་བའི་བྱེད་སྒོའི་རིགས། (གསུམ)གྲོང་ཁུལ་གྱི་ཁྲོམ་གཞུང་དང་། ཐང་ཆེན། སྤྱི་གླིང་། ཡུལ་མིའི་སྡོད་ཁུལ་སོགས་སྤྱི་པའི་འདུ་འཛོམས་ཁུལ་དུ་རོལ་རྩེད་དང་ལུས་སྦྱོང་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱེད་པའི་ཁྲོད་འཚོ་བའི་ཁོར་ཡུག་ལ་འགོག་རྐྱེན་ཚབས་ཆེ་བཟོ་བའི་སྒྲ་སྐྱེད་ཡོ་བྱད་བེད་སྤྱོད་བྱེད་རིགས། (བཞི)གྲོང་ཁྱེར་གནས་སའི་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱས་པའི་བྱེད་སྤྱོད་གཞན་དག་རིགས་བཅས་སོ།

དོན་ཚན་རེ་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ཉེན་ཆེའི་ཟོག་རོ་གཅིག་སྡུད་ཐོག་གཙང་སེལ་བཟོ་དགོས། ཉེན་ཆེའི་ཟོག་རོ་གཙང་སེལ་བཟོ་མཁན་གྱི་ཚན་པ་དང་ཆེད་ལས་ལག་རྩལ་མི་སྣར་ངེས་པར་དུ་བབ་མཚུངས་ཀྱི་འོས་ཐོབ་ཡོད་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚད་ལྡན་ཚད་གཞི་གཞིར་བཟུང་ཉེན་ཆེའི་ཟོག་རོ་གཙང་སེལ་བཟོ་དགོས། ཉེན་ཆེའི་ཟོག་རོ་ཐོན་མཁན་གྱིས་ངེས་པར་དུ་ཉེན་ཆེའི་ཟོག་རོའི་དོ་དམ་འཆར་གཞི་དང་འཕྲལ་སྡོམ་སྔོན་ཇུས་བཟོས་ནས་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་ལ་སྙན་ཐོ་དཔོད་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཉེན་ཆེའི་ཟོག་རོ་གཙང་སེལ་བཟོ་དགོས། གཙང་སེལ་མི་བཟོ་མཁན་ལ་རང་གནས་སའི་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་སྡེ་ཚན་གྱིས་དུས་བཀག་ལྟར་ལེགས་བཅོས་བྱེད་དུ་འཇུག་དགོས། དུས་ཚད་ཡོལ་ཡང་གཙང་སེལ་མ་བཟོས་པའམ་ཡང་ན་གཙང་སེལ་བཟོས་པ་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་མི་འཚམ་ཚེ་རང་གནས་སའི་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་ཚན་པ་དམིགས་བཙུགས་བྱས་ཏེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཚབ་བྱས་ཏེ་གཙང་སེལ་བཟོ་རྒྱུ་དང་། གཙང་སེལ་བཟོ་བའི་འགྲོ་གྲོན་དེ་ཉེན་ཆེའི་ཟོག་རོ་ཐོན་མཁན་ཚན་པས་འགན་ཁུར་དགོས།

དོན་ཚན་རེ་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་བྱ་ཐབས་ནུས་ལྡན་སྤྱད་ནས་ས་རྒྱུའི་སྦགས་བཙོག་སྔོན་འགོག་དང་། བཅོས་སྐྱོང་། ཉམས་གསོ་བཅས་བྱས་ཏེ་ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་དགོས།

དོན་ཚན་རེ་དྲུག་པ། གཅིག་སྡུད་བེད་སྤྱོད་བྱེད་པའི་གློག་སྡུད་འཕྲོ་འགྱེད་སྒྲིག་བཀོད་ཆེ་རིགས་སམ་ཡང་ན་འགུལ་ཚད་མྱུར་བའི་སྒྲིག་ཆས་ཀྱི་མཐའ་འཁོར་དུ་ཁོར་ཡུག་སྲུང་སྐྱོབ་དང་གྲོང་ཁྱེར་འཆར་འགོད་ཀྱི་བླང་བྱ་གཞིར་བཟུང་དབྱེ་མཚམས་ཕྱེ་བའི་འཆར་འགོད་ཀྱི་བཀག་སྡོམ་ཁུལ་ནང་ཡུལ་མིའི་སྡོད་ཁང་དང་། བུ་བཅོལ་ཁང་། སློབ་གྲྭ། དེ་བཞིན་སྨན་ཁང་དང་རྒན་གསོ་ཁང་སོགས་ཚོར་སྐྱེན་ཆེ་བའི་ཨར་སྐྲུན་བྱེད་མི་ཆོག བསྐྲུན་ཟིན་པའི་གློག་སྡུད་འཕྲོ་འགྱེད་སྒྲིག་བཀོད་ཆེ་རིགས་ཀྱིས་མཐའ་འཁོར་གྱི་ཁོར་ཡུག་སྦགས་བཙོག་བཟོས་ཚེ་བེད་སྤྱོད་བྱེད་མཁན་ཚན་པས་ངེས་པར་དུ་འགོག་བཅོས་ཀྱི་བྱ་ཐབས་ནུས་ལྡན་སྤྱོད་དགོས། བྱ་ཐབས་སྤྱད་རྗེས་སྔར་བཞིན་རྒྱལ་ཁབ་ཀྱི་གློག་སྡུད་འཕྲོ་འགྱེད་ཀྱི་ཁོར་ཡུག་སྲུང་སྐྱོབ་རེ་བར་མ་སླེབས་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་བཤིག་པའམ་ཡང་ན་གནས་སྤོ་རྒྱུ་སྒྲིག་འཛུགས་བྱེད་དགོས།

དོན་ཚན་རེ་བདུན་པ། རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཁྲིམས་ལྟར་ཁོར་ཡུག་གི་ཉེན་ཁར་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་གློ་བུར་དུ་ཐོན་པའི་ཁོར་ཡུག་དོན་རྐྱེན་གྱི་འཕྲལ་སྡོམ་གྲ་སྒྲིག་དང་། ཐག་གཅོད། དོན་རྐྱེན་རྗེས་ཀྱི་སླར་གསོ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་དགོས་ངེས་ཀྱི་བྱ་ཐབས་སྤྱད་དེ་ཁོར་ཡུག་ལ་གནོད་སྐྱོན་མི་ཕོག་པ་བྱེད་པའམ་ཡང་ན་གནོད་སྐྱོན་ཕོག་ཚད་ཆུང་དུ་གཏོང་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་གློ་བུར་ཐོན་པའི་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་བཟོ་དགོས། ཁོར་ཡུག་གི་སྤུས་ཚད་ཇེ་ཞན་དུ་ཚབས་ཆེ་འགྲོ་བ་དང་། སྤྱི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སོགས་ལ་ཉེ་ཁ་བཟོ་བའི་ཛ་དྲག་གི་གནས་ཚུལ་རིགས་ཐོན་པའམ་ཡང་ན་ཐོན་བཟོ་ཡོད་སྐབས་ངེས་པར་དུ་འཕྲལ་མར་འཕྲལ་སྡོམ་སྔོན་ཇུས་སྤེལ་འགོ་འཛུགས་དགོས་ཁར། དུས་ཐོག་ཏུ་རིམ་མཚུངས་མི་དམངས་སྲིད་གཞུང་དང་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་ལ་སྙན་སེང་ཞུ་དགོས་པ་མ་ཟད། གནོད་འཚེ་ཕོག་བཟོ་ཡོད་པའི་ས་གནས་དེ་གའི་ཚན་པ་དང་། ཡུལ་མི། དེ་བཞིན་ཤུགས་རྐྱེན་ཐེབས་བཟོ་ཡོད་པའི་ཉེ་འབྲེལ་ས་ཁུལ་གྱི་རིམ་མཚུངས་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་ལ་བརྡ་ཁྱབ་གཏོང་དགོས། རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་ནས་ཁེ་ལས་དང་བྱ་གཞག་ཚན་པ་དང་། དེ་མིན་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གྱིས་རྐང་བཙུགས་སམ་ཡང་ན་ལས་འཛོལ་ཚབས་ཆེ་བྱུང་ནས་གློ་བུར་དུ་ཐོན་པའི་ཁོར་ཡུག་གི་དོན་རྐྱེན་ལ་ཁ་གཏད་གཅོག་པ་ལས་ཐོན་པའི་འགྲོ་གྲོན་དེ་ཁེ་ལས་དང་བྱ་གཞག་ཚན་པ་དང་། དེ་མིན་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གྱིས་སྤྲོད་འགན་ཁུར་དགོས།

དོན་ཚན་རེ་བརྒྱད་པ། ཁེ་ལས་དང་བྱ་གཞག་ཚན་པས་ངེས་པར་དུ་དུས་བཀག་ལྟར་ཁོར་ཡུག་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལེབ་བཤེར་བྱེད་དགོས་པ་དང་། ཁོར་ཡུག་གི་ཉེན་ཁར་དཔྱད་དཔོག་བྱས་ཐོག གཏན་འབེབས་གཞིར་བཟུང་གློ་བུར་དུ་ཐོན་པའི་ཁོར་ཡུག་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་བཟོས་ཏེ་རང་གནས་སའི་རྫོང་རིམ་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་ལ་སྙན་ཐོ་དཔོད་དགོས། གློ་བུར་དུ་ཐོན་པའི་ཁོར་ཡུག་གི་དོན་རྐྱེན་ནམ་ཡང་ན་དེ་མིན་ཁོར་ཡུག་ལ་གནོད་འཚེ་བཟོ་བའི་ཛ་དྲག་གི་གནས་ཚུལ་ཐོན་པའམ་ཐོན་བཟོ་ཡོད་ཚེ་ཁེ་ལས་དང་བྱ་གཞག་ཚན་པས་ངེས་པར་དུ་གློ་བུར་ཐོན་པའི་ཁོར་ཡུག་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་འཕྲལ་མར་སྤེལ་འགོ་འཛུགས་དགོས་ལ། དུས་ཐོག་ཏུ་གནོད་འཚེ་ཕོག་བཟོ་ཡོད་པའི་ཚན་པ་དང་ཡུལ་མིར་བརྡ་ཁྱབ་གཏོང་དགོས་པ་མ་ཟད། རང་གནས་སའི་རྫོང་རིམ་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུ་རྒྱུ་དང་། འཕྲལ་སྡོམ་བྱ་ཐབས་སྤྱད་དེ་སྦགས་བཙོག་གི་གནོད་འཚེ་ཚོད་འཛིན་དང་ཉུང་དུ་བཏང་ནས་སྦགས་བཙོག་མེད་པ་བཟོ་དགོས།

ལེའུ་ལྔ་པ། ཁོར་ཡུག་གི་ཆ་འཕྲིན་ཡོངས་བསྒྲགས་དང་སྤྱི་དམངས་ཀྱི་ཐེ་ཞུགས།

དོན་ཚན་རེ་དགུ་པ། རིམ་ཁག་མི་དམངས་སྲིད་གཞུང་ནས་ངེས་པར་དུ་སྤྱི་དམངས་དང་། ཁྲིམས་ཚན། དེ་བཞིན་རྩ་འཛུགས་གཞན་དག་བཅས་ཀྱིས་ཁོར་ཡུག་གི་ཆ་འཕྲིན་རག་པ་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོབ་ནང་ཞུགས་པ། ལྟ་སྐུལ་བྱེད་པ་བཅས་ཀྱི་ཁེ་དབང་ལོངས་སུ་སྤྱོད་རྒྱུར་ཁྲིམས་བཞིན་འགན་སྲུང་བྱེད་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ཁོར་ཡུག་གི་ཆ་འཕྲིན་དོ་དམ་མ་ལག་འཛུགས་དགོས་པ་དང་། ཁོར་ཡུག་གི་ཆ་འཕྲིན་ཁྲིམས་བཞིན་ཡོངས་བསྒྲགས་བྱས་ཏེ་འབྲེལ་ཡོད་སྡེ་ཚན་དང་ཆ་འཕྲིན་མཉམ་སྤྱོད་བྱེད་པའི་ལམ་སྲོལ་བཟོ་དགོས་པ་མ་ཟད། སྤྱི་དམངས་དང་། ཁྲིམས་ཚན། དེ་བཞིན་རྩ་འཛུགས་གཞན་དག་བཅས་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ཤེས་རྟོགས་དང་། ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ནང་ཞུགས་རྒྱུ་དང་ལྟ་སྐུལ་བྱེད་རྒྱུར་སྟབས་བདེ་སྐྲུན་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་དང་། དེ་བཞིན་གྱི་ཁོར་ཡུག་སྲུང་སྐྱོབ་ལ་ལྟ་སྐུལ་དང་དོ་དམ་བྱེད་པའི་འགན་འཁྲི་ཡོད་མཁན་སྡེ་ཚན་གཞན་དག་གིས་ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་དང་། ཁོར་ཡུག་གི་ལྟ་ཞིབ་ཚད་ལེན། གློ་བུར་དུ་ཐོན་པའི་ཁོར་ཡུག་གི་དོན་རྐྱེན། སྲིད་འཛིན་ཆོག་འཐུས། སྲིད་འཛིན་ཆད་གཅོད། གཙོ་གནད་བཙོག་འབུད་ཚན་པའི་མིང་དང་གནས་ཡུལ། ཁོར་ཡུག་སྲུང་སྐྱོབ་ཀྱི་དཔྱ་ཁྲལ་འཇལ་ཚུལ། ཁེ་ལས་ཀྱི་ཁོར་ཡུག་ཡིད་རྟོན་གྱི་རིམ་པ་སོགས་ཁོར་ཡུག་གི་ཆ་འཕྲིན་ཁྲིམས་བཞིན་ཡོངས་བསྒྲགས་བྱེད་རྒྱུ།

དོན་ཚན་བདུན་ཅུ་པ། ཁྲིམས་བཞིན་ངེས་པར་དུ་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་གི་སྙན་ཞུ་བཟོ་འགོད་བྱེད་དགོས་པའི་འཛུགས་སྐྲུན་རྣམ་གྲངས་རིགས་ལ་འཛུགས་སྐྲུན་ཚན་པས་ངེས་པར་དུ་བཟོ་འགོད་བྱེད་སྐབས་སྤྱི་དམངས་ཀྱིས་ཤེས་བདེ་ཡོང་བའི་བྱ་ཐབས་སྤྱོད་དགོས་ཤིང་། གནོད་གཞི་བྱུང་བཟོ་ཡོད་རིགས་སྤྱི་དམངས་ལ་གནས་ཚུལ་གསལ་བཤད་བྱས་ཏེ་བསམ་འཆར་བསྡུ་ལེན་གང་ལེགས་བྱེད་དགོས་པ་མ་ཟད། སྤྱི་དམངས་ཀྱིས་གསལ་ཞུ་བྱས་པའི་བསམ་འཆར་ཉར་ཚགས་བྱེད་དགོས། ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་ནས་འཛུགས་སྐྲུན་རྣམ་གྲངས་ཀྱིས་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་གི་སྙན་ཞུ་འབྱོར་རྗེས་རྒྱལ་ཁབ་ཀྱི་གསང་བ་དང་ཚོང་ལས་ཀྱི་གསང་བ་དང་འབྲེལ་བ་ཡོད་པའི་དོན་གནད་རིགས་ཕུད་ངེས་པར་དུ་སྙན་ཞུའི་ནང་དོན་ཆ་ཚང་ཡོངས་བསྒྲགས་བྱེད་དགོས་པ་དང་། འཛུགས་སྐྲུན་རྣམ་གྲངས་ཐད་སྤྱི་དམངས་ཀྱི་བསམ་འཆར་བསྡུ་ལེན་གང་ལེགས་བྱས་མེད་པ་ཤེས་རྟོགས་བྱུང་ཚེ་ངེས་པར་དུ་འཛུགས་སྐྲུན་ཚན་པར་སྤྱི་དམངས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དུ་འཇུག་དགོས།

དོན་ཚན་དོན་གཅིག་པ། གཙོ་གནད་བཙོག་འབུད་ཚན་པས་ངེས་པར་དུ་གཙོ་བོའི་བཙོག་དངོས་ཀྱི་མིང་དང་། འབུད་གཏོང་བྱེད་སྟངས། འབུད་གཏོང་གི་གར་ཚད་དང་སྤྱི་འབོར། ཚད་བརྒལ་འབུད་གཏོང་བཅས་ཀྱི་གནས་ཚུལ་ཇི་མ་ཇི་བཞིན་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས་པ་དང་། བཙོག་དངོས་འབུད་གཏོང་བྱས་ཚུལ་དང་། ཉེ་འཁོར་གྱི་ཁོར་ཡུག་སྤུས་ཚད་ལ་གནོད་གཞི་བཟོ་བའི་ཆ་འཕྲིན། དེ་བཞིན་སྦགས་བཙོག་འགོག་བཅོས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་དང་འཁོར་སྐྱོད་བྱས་ཚུལ་བཅས་དུས་བཀག་ལྟར་ཡོངས་བསྒྲགས་བྱས་ཏེ་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་ཞུ་དགོས།

དོན་ཚན་དོན་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་ནས་ངེས་པར་དུ་སྤྱི་དམངས་དང་ཁྲིམས་ཚན་ནམ་ཡང་ན་རྩ་འཛུགས་གཞན་དག་གིས་ཁོར་ཡུག་སྦགས་བཙོག་བཟོ་བ་དང་སྐྱེ་ཁམས་གཏོར་སྐྱོན་གཏོང་བའི་བྱེད་སྤྱོད་རིགས་ཐེར་འདོན་བྱེད་པའི་ཁེ་དབང་ལ་ཁྲིམས་བཞིན་འགན་སྲུང་བྱེད་དགོས་པ་དང་། ཐེར་འདོན་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཐེར་འདོན་ཁ་པར་དང་། དྲ་རྟགས། འཕྲིན་གཏོང་བྱེད་གནས་སོགས་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱས་ཏེ་བདག་སྤྲོད་བྱེད་ཁོངས་དང་འགན་འཁྲི་ཁ་གསལ་བཟོ་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་ནས་སྤྱི་དམངས་དང་ཁྲིམས་ཚན་ནམ་ཡང་ན་རྩ་འཛུགས་གཞན་དག་གིས་ཐེར་འདོན་བྱས་རིགས་ངེས་པར་དུ་ཁྲིམས་བཞིན་ཐག་གཅོད་བྱེད་དགོས།

ཞིབ་བཤེར་དཔང་ལེན་བྱས་པ་བརྒྱུད་དངོས་བདེན་ཡིན་ཚེ་ཐེར་འདོན་བྱེད་མིར་བྱ་དགའ་སྤྲད་ན་འགྲིགཐེར་འདོན་དང་ལེན་བྱེད་མཁན་ཚན་པས་ངེས་པར་དུ་ཐེར་འདོན་བྱེད་མིའི་འབྲེལ་ཡོད་ཆ་འཕྲིན་གྱི་གསང་བ་བསྲུངས་ཏེ་ཐེར་འདོན་བྱེད་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་དགོས།

དོན་ཚན་དོན་གསུམ་པ། རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་སྤྱི་དམངས་ཀྱི་ཐེ་ཞུགས་གོ་རིམ་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཡུལ(གྲོང་)

མི་ཨུ་ཡོན་ལྷན་ཁང་དང་། སྤྱི་ཚོགས་རྩ་འཛུགས། ཁེ་ལས་དང་བྱ་གཞག་ཚན་པ། དེ་མིན་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་བཅས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ནང་ཞུགས་རྒྱུ་དང་ལྟ་སྐུལ་བྱེད་རྒྱུར་སྐུལ་ལྕག་གཏོང་བ་དང་རྒྱབ་སྐྱོར་བྱེད་དགོས།

དོན་ཚན་དོན་བཞི་པ། ཁོར་ཡུག་སྦགས་བཙོག་བཟོ་བ་དང་། སྐྱེ་ཁམས་གཏོར་སྐྱོན་གཏོང་བ། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བ་བཅས་ཀྱི་བྱེད་སྤྱོད་རིགས་བཅའ་ཁྲིམས་ཀྱི་གཏན་འབེབས་དང་མཐུན་པའི་སྤྱི་ཚོགས་རྩ་འཛུགས་ཀྱིས་མི་དམངས་ཁྲིམས་ཁང་ལ་སྤྱི་ཕན་གྱི་གཏུག་བཤེར་བྱས་ན་འགྲིག

ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

དོན་ཚན་དོན་ལྔ་པ། སྲོལ་ཡིག་འདིའི་དོན་ཚན་བཅུ་དྲུག་པའི་ནང་གསེས་གཉིས་པའི་གཏན་འབེབས་ལས་འགལ་ནས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ས་ཚུགས(གནས)དང་སྦགས་བཙོག་འབྱུང་ཁུངས་ཀྱི་ལྟ་ཞིབ་ཚད་ལེན་བྱེད་ས་རང་འཚམ་གྱིས་མེད་པ་བཟོ་བའམ་ཡང་ན་འགྱུར་ལྡོག་བཏང་ཚེ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་ནམ་ཡང་ན་འབྲེལ་ཡོད་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། སྒོར་ཁྲི་2ཡན་ནས་སྒོར་ཁྲི་20མན་གྱི་དངུལ་ཆད་འགེལ་རྒྱུ།

དོན་ཚན་དོན་དྲུག་པ། སྲོལ་ཡིག་འདིའི་དོན་ཚན་སུམ་ཅུ་པའི་གཏན་འབེབས་ལས་འགལ་ནས་ཁོར་ཡུག་སྲུང་སྐྱོབ་མཚམས་སྦྱོར་ཞབས་ཞུ་ཚན་པས་མངགས་བཅོལ་བྱེད་པའི་ཁྲོད་འོས་ཐོབ་བོགས་མར་གཏོང་བ་དང་གཞན་ལ་གཡར་བའམ་ཡང་ན་འོས་ཐོབ་ཀྱི་གཏན་འབེབས་ཁྱབ་ཁོངས་ལས་བརྒལ་ནས་ལས་སྒོ་དང་ལེན་བྱེད་རིགས་དང་། འབྲེལ་ཡོད་ཀྱི་ཚད་གཞི་དང་། ཚད་ལྡན། ལག་རྩལ་བཅས་ཀྱི་ཕྱོགས་སྟོན་སྒྲིག་སྲོལ་གཞིར་བཟུང་ལས་དོན་མ་བསྒྲུབས་པའི་རྐྱེན་གྱིས་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་དཔྱད་གདེང་དང་། ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན། གཙང་ལྡན་ཐོན་སྐྱེད་ལ་ཞིབ་བཤེར་སོགས་བྱེད་པའི་ལས་ཀའི་གཞི་གྲངས་སམ་ཡང་ན་མཇུག་སྡོམ་དོན་དངོས་དང་མི་མཐུན་པ་དང་། ཡང་ན་ཁོར་ཡུག་སྦགས་བཙོག་དང་སྐྱེ་ཁམས་གཏོར་སྐྱོན་ཚབས་ཆེ་བཟོ་བ། ཁོར་ཡུག་ཞབས་ཞུའི་འབྲེལ་ཡོད་བྱེད་སྒོ་སྤེལ་བའི་ཁྲོད་མི་བདེན་རྫུན་བཟོ་བྱེད་པ་བཅས་རིགས་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། མཚམས་སྦྱོར་ཞབས་ཞུའི་གྲོན་དངུལ་བསྡུ་ལེན་བྱས་པའི་དངུལ་གྲངས་ཀྱི་ལྡབ་1ཡན་ནས་ལྡབ་3མན་གྱི་དངུལ་ཆད་འགེལ་རྒྱུ། དེའི་འགན་འཁུར་བ་གཙོ་བོར་སྒོར་ཁྲི་1ཡན་ནས་སྒོར་ཁྲི་10མན་གྱི་དངུལ་ཆད་འགེལ་རྒྱུ་མ་ཟད། སྲིད་འཛིན་ཆད་གཅོད་བྱས་འབྲས་དེ་འོས་ཐོབ་སྤྲོད་མཁན་གྱི་སྡེ་ཚན་ལ་བརྡ་ཁྱབ་གཏོང་རྒྱུ།

དོན་ཚན་དོན་བདུན་པ། སྲོལ་ཡིག་འདིའི་དོན་ཚན་སོ་བདུན་པ་དང་དོན་ཚན་སོ་བརྒྱད་པའི་གཏན་འབེབས་ལས་འགལ་ནས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་པའི་ཁྲོད་ཁོར་ཡུག་སྦགས་བཙོག་བཟོ་བའམ་ཡང་ན་རང་བྱུང་ཐོན་ཁུངས་ལ་གཏོར་སྐྱོན་བཏང་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་གྱིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ཆད་པ་གཅོད་རྒྱུ་དང་། འབྲེལ་ཡོད་སྡེ་ཚན་གྱིས་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་ཚེ་ངེས་པར་དུ་ཆད་པ་གཅོད་རྒྱུའི་གཏན་འབེབས་དེ་ཡིག་ཐོག་ནས་རིམ་མཚུངས་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་ལ་བརྡ་ཁྱབ་གཏོང་དགོས།

དོན་ཚན་དོན་བརྒྱད་པ། སྲོལ་ཡིག་འདིའི་དོན་ཚན་ཞེ་དྲུག་པའི་གཏན་འབེབས་ལས་འགལ་ནས་གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱེད་མཁན་ཁེ་ལས་ཀྱིས་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སླར་གསོ་བཅོས་སྐྱོང་གི་ཇུས་གཞི་མ་བསྐྱལ་བའམ་ཡང་ན་གཏེར་རིའི་ཁོར་ཡུག་བཅོས་སྐྱོང་སླར་གསོའི་ཐེབས་རྩ་མ་བཙུགས་པར་རང་འཚམ་གྱིས་ལས་འགོ་བཙུགས་ཚེ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་འཁུར་མཁན་གྱིས་འཛུགས་སྐྲུན་བྱེད་མཚམས་འཇོག་ཏུ་འཇུག་རྒྱུ་མ་ཟད། དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་རྒྱུ། ཡོ་བསྲང་གཏན་ནས་མི་བྱེད་མཁན་ལ་སྔོན་མ་བཞིན་སླར་གསོ་བྱེད་དུ་བཅུག་ཁར། སྒོར་ཁྲི་50ཡན་ནས་སྒོར་ཁྲི་100མན་གྱི་དངུལ་ཆད་འགེལ་རྒྱུ།

དོན་ཚན་དོན་དགུ་པ། སྲོལ་ཡིག་འདིའི་དོན་ཚན་ང་གཅིག་པའི་གཏན་འབེབས་ལས་འགལ་ནས་ཁེ་ལས་དང་བྱ་གཞག་ཚན་པ་དང་། དེ་མིན་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གྱིས་ཁྲིམས་བཞིན་བཙོག་འབུད་ཀྱི་འཁྲོལ་འཛིན་མ་རག་པར་བཙོག་དངོས་འབུད་གཏོང་བྱས་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་པའམ་ཡང་ན་ཐོན་སྐྱེད་བྱེད་རྒྱུ་བཀག་འགོག་དང་ཐོན་སྐྱེད་བྱེད་མཚམས་བཞག་བྱས་ནས་བཅོས་སྒྲིག་བྱེད་དུ་འཇུག་རྒྱུ་མ་ཟད། སྒོར་ཁྲི་10ཡན་ནས་སྒོར་ཁྲི་100མན་གྱི་དངུལ་ཆད་འགེལ་རྒྱུ། གནས་ཚུལ་ཚབས་ཆེ་རིགས། ཆོག་མཆན་སྤྲོད་དབང་ཡོད་པའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ཏེ་ཆོག་མཆན་ཐོབ་པ་བརྒྱུད་ལས་མཚམས་འཇོག་ཏུ་འཇུག་རྒྱུ་དང་སྒོ་རྒྱག་ཏུ་འཇུག་རྒྱུ།

དོན་ཚན་བརྒྱད་ཅུ་པ། སྲོལ་ཡིག་འདིའི་དོན་ཚན་ང་གསུམ་པའི་ནང་གསེས་གསུམ་པའི་གཏན་འབེབས་ལས་འགལ་ནས་ཁེ་ལས་དང་བྱ་གཞག་ཚན་པ་དང་། དེ་མིན་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གྱིས་བཙོག་དངོས་འགོག་བཅོས་སྒྲིག་བཀོད་རང་འཚམ་གྱིས་བཤིག་པའམ་ཡང་ན་བེད་མེད་དུ་འཇོག་པ་མ་ཟད། སྦགས་བཙོག་བཟོས་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། འཇལ་དགོས་ངེས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲལ་འབབ་ཀྱི་ལྡབ་1ཡན་ནས་ལྡབ་3མན་གྱི་དངུལ་ཆད་འགེལ་རྒྱུ། སྲོལ་ཡིག་འདིའི་དོན་ཚན་ང་གསུམ་པའི་ནང་གསེས་བཞི་པའི་གཏན་འབེབས་ལས་འགལ་ནས་ཁེ་ལས་དང་བྱ་གཞག་ཚན་པ་དང་། དེ་མིན་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གྱིས་གཏན་འབེབས་གཞིར་བཟུང་སྦགས་བཙོག་འབུད་གཏོང་བྱེད་ས་བཟོས་མེད་པ་དང་། ཡང་ན་ཞིབ་གཏན་འཁེལ་མེད་པའི་སྦགས་བཙོག་འབུད་གཏོང་བྱེད་ས་ནས་བཙོག་དངོས་འབུད་གཏོང་བྱེད་པ། བཙོག་དངོས་གཙང་སེལ་སྒྲིག་བཀོད་ཀྱི་བར་བརྒྱུད་ལས་རིམ་ནས་བཙོག་དངོས་ཕྱིར་འཐེན་པ་དང་འབུད་གཏོང་བྱས་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། སྒོར་ཁྲི་2ཡན་ནས་སྒོར་ཁྲི་10མན་གྱི་དངུལ་ཆད་འགེལ་རྒྱུ། དུས་ཚོད་ཡོལ་ཡང་ཡོ་བསྲང་མ་བྱས་ཚེ་སྒོར་ཁྲི་10ཡན་ནས་སྒོར་ཁྲི་50མན་གྱི་དངུལ་ཆད་འགེལ་རྒྱུ། གནས་ཚུལ་ཚབས་ཆེ་རིགས། ཆོག་མཆན་སྤྲོད་དབང་ཡོད་པའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་པ་བརྒྱུད་ལས་མཚམས་འཇོག་ཏུ་འཇུག་རྒྱུ་དང་སྒོ་རྒྱག་ཏུ་འཇུག་རྒྱུ།

དོན་ཚན་གྱ་གཅིག་པ། སྲོལ་ཡིག་འདིའི་དོན་ཚན་ང་དྲུག་པའི་ནང་གསེས་གསུམ་པའི་གཏན་འབེབས་ལས་འགལ་ནས་རྨོ་ཞིང་དང་། ནགས་ས། རྩྭ་ཁ། གཤེར་ས། ཆུ་བོ། མཚེའུ། ཆུ་མཛོད་བཅས་དང་། དེ་བཞིན་ཆུ་བོ་རྒྱུག་ཁུལ་གཞན་དག་ནང་སྲ་གཟུགས་ཀྱི་སྙིགས་རོ་བཤོས་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་ཁྲིམས་འགལ་གྱི་བྱེད་སྤྱོད་མཚམས་འཇོག་བྱེད་དུ་འཇུག་རྒྱུ་དང་། དུས་བཀག་ནང་སྔོན་མ་བཞིན་སླར་གསོ་བྱས་ནས་སྦགས་བཙོག་གཙང་སེལ་བཟོ་རུ་འཇུག་ཁར། སྒོར་ཁྲི་2ཡན་ནས་སྒོར་ཁྲི་20མན་གྱི་དངུལ་ཆད་འགེལ་རྒྱུ། རྨོ་ཞིང་དང་། ནགས་ས། རྩྭ་ཁ། གཤེར་ས། ཆུ་བོ། མཚེའུ། ཆུ་མཛོད་བཅས་དང་། དེ་བཞིན་ཆུ་བོ་རྒྱུག་ཁུལ་གཞན་དག་ནང་དུག་ལྡན་གནོད་ཡོད་ཀྱི་གཤེར་རོ་འབུད་གཏོང་བྱེད་པའམ་ཡང་ན་ས་སྦས་མདོང་ལམ་དང་། ཆུ་སིམ་ཁྲོན་པ། ཆུ་སིམ་ས་དོང་། ཆུ་འདྲེན་གཏོང་བཅས་སམ་ཡང་ན་ས་འོག་གི་ཆུ་བོར་སྦགས་བཙོག་བཟོ་སྲིད་པའི་བྱ་ཐབས་གཞན་དག་སྤྱད་ནས་དུག་ལྡན་གནོད་ཡོད་ཀྱི་གཤེར་རོ་དང་སྙིགས་རོ་གཞན་དག་འབུད་གཏོང་བྱས་ཚེ་རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་ཁྲིམས་འགལ་གྱི་བྱེད་སྤྱོད་རིགས་མཚམས་འཇོག་བྱེད་དུ་འཇུག་རྒྱུ་དང་། དུས་བཀག་ནང་བཅོས་སྒྲིག་གི་བྱ་ཐབས་སྤྱད་ནས་སྦགས་བཙོག་གཙང་སེལ་བཟོ་རུ་བཅུག་ཁར། སྒོར་ཁྲི་5ཡན་ནས་སྒོར་ཁྲི་50མན་གྱི་དངུལ་ཆད་འགེལ་རྒྱུ།

དོན་ཚན་གྱ་གཉིས་པ། སྲོལ་ཡིག་འདིའི་དོན་ཚན་རེ་གཅིག་པའི་ནང་གསེས་གཉིས་པའི་གཏན་འབེབས་ལས་འགལ་ནས་ཨར་སྐྲུན་ཁེ་ལས་ཀྱིས་སྨན་ཁང་དང་། ལུས་གསོ། སྡོད་གནས། རིག་སློབ། ཚོང་ལས་ཁུལ། དེ་བཞིན་བཟོ་ལས་མཉམ་འདྲེས་ཁུལ་བཅས་ལ་གཙེར་སྒྲ་དང་གཡོ་འགུལ་གྱི་ཚད་གཞི་ལས་བརྒལ་བའི་ཨར་སྐྲུན་སོགས་ཀྱི་ལས་སྒོ་སྤེལ་སྐབས་གཙེར་སྒྲ་དང་གཡོ་འགུལ་སོགས་འགོག་པའི་བྱ་ཐབས་མ་སྤྱད་པར་མཐའ་འཁོར་གྱི་ཁོར་ཡུག་ལ་སྦགས་བཙོག་བཟོས་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། གནས་ཚུལ་ཚབས་ཆེ་བའི་ཚན་པར་སྒོར་5000ཡན་ནས་སྒོར་ཁྲི་2མན་གྱི་དངུལ་ཆད་འགེལ་རྒྱུ་དང་མི་སྒེར་ལ་སྒོར་500ཡན་ནས་སྒོར་2000མན་གྱི་དངུལ་ཆད་འགེལ་རྒྱུ། སྲོལ་ཡིག་འདིའི་དོན་ཚན་རེ་གསུམ་པའི་གཏན་འབེབས་ལས་འགལ་ཚེ་སྤྱི་བདེ་ལས་ཁུངས་ཀྱིས་ཐ་ཚིག་སྒྲོག་རྒྱུ་དང་། སྔར་བཞིན་ཡོ་བསྲང་མ་བྱས་ཚེ་སྒོར་200ཡན་ནས་སྒོར་500མན་གྱི་དངུལ་ཆད་འགེལ་རྒྱུ།

དོན་ཚན་གྱ་གསུམ་པ། སྲོལ་ཡིག་འདིའི་དོན་ཚན་རེ་བརྒྱད་པའི་ནང་གསེས་དང་པོའི་གཏན་འབེབས་ལས་འགལ་ནས་ཁེ་ལས་དང་བྱ་གཞག་ཚན་པས་གཏན་འབེབས་བཞིན་གློ་བུར་དུ་ཐོན་པའི་ཁོར་ཡུག་གི་དོན་རྐྱེན་ལ་འཕྲལ་སྡོམ་སྔོན་ཇུས་བཟོ་དགོས་ཀྱང་མ་བཟོས་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་སྒོར་ཁྲི་2ཡན་ནས་སྒོར་ཁྲི་5མན་གྱི་དངུལ་ཆད་འགེལ་རྒྱུ། དུས་ཚད་ཡོལ་ཡང་ཡོ་བསྲང་མ་བྱས་ཚེ་སྒོར་ཁྲི་5ཡན་ནས་སྒོར་ཁྲི་10མན་གྱི་དངུལ་ཆད་འགེལ་རྒྱུ། སྲོལ་ཡིག་འདིའི་དོན་ཚན་རེ་བརྒྱད་པའི་ནང་གསེས་གཉིས་པའི་གཏན་འབེབས་ལས་འགལ་ནས་ཁེ་ལས་དང་བྱ་གཞག་ཚན་པས་ཁོར་ཡུག་སྦགས་བཙོག་གི་དོན་རྐྱེན་ནམ་ཡང་ན་དེ་མིན་གྱི་ཁོར་ཡུག་ལ་གནོད་འཚེ་བཟོ་བའི་ཛ་དྲག་གི་གནས་ཚུལ་ཐོན་པའམ་ཡང་ན་ཐོན་བཟོ་ཡོད་སྐབས་འཕྲལ་མར་བྱ་ཐབས་སྤྱད་དེ་ཐག་གཅོད་མ་བྱས་པའམ་ཡང་ན་གནོད་འཚེ་ཕོག་བཟོ་ཡོད་པའི་ཚན་པ་དང་ཡུལ་མིར་དུས་ཐོག་ཏུ་བརྡ་ཁྱབ་མ་བཏང་བར་གནས་ཚུལ་ཚབས་ཆེ་ཐོན་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་སྒོར་ཁྲི་10ཡན་ནས་སྒོར་ཁྲི་30མན་གྱི་དངུལ་ཆད་འགེལ་རྒྱུ།

དོན་ཚན་གྱ་བཞི་པ། ཁྲིམས་འགལ་གྱིས་སྦགས་བཙོག་འབུད་གཏོང་བྱས་ཏེ་ཁོར་ཡུག་གི་དོན་རྐྱེན་བཟོ་མཁན་ཁེ་ལས་དང་བྱ་གཞག་ཚན་པ་དང་། དེ་མིན་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་ལ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་ནམ་ཡང་ན་འབྲེལ་ཡོད་སྡེ་ཚན་གྱིས་གཤམ་གསལ་གཏན་འབེབས་བཞིན་ཆད་པ་གཅོད་རྒྱུ་སྟེ།(གཅིག)སྤྱིར་བཏང་གི་ཁོར་ཡུག་དོན་རྐྱེན་ནམ་ཡང་ན་གནད་དོན་ཅུང་ཆེ་ཙམ་ཐོན་པར་ཐད་ཀའི་གྱོ ང་གུན་གྱི་20%ལྟར་དངུལ་ཆད་འགེལ་རྒྱུ། ཐད་ཀའི་གྱོང་གུན་ངོས་འཛིན་གཏན་འཁེལ་བྱེད་ཐབས་མེད་པའི་སྤྱིར་བཏང་གི་ཁོར་ཡུག་དོན་རྐྱེན་ཐོན་པར་སྒོར་ཁྲི་10ཡན་གྱི་དངུལ་ཆད་འགེལ་རྒྱུ་དང་། ཁོར་ཡུག་གི་དོན་རྐྱེན་ཅུང་ཆེ་ཙམ་ཐོན་པར་སྒོར་ཁྲི་30ཡི་དངུལ་ཆད་འགེལ་རྒྱུ། འགན་འཁུར་བ་གཙོ་བོ་དང་ཐད་ཀའི་འགན་འཁྲི་ཡོད་མིར་ལོ་གོང་མར་ཚན་པ་འདི་ག་ནས་ཐོབ་པའི་ཡོང་འབབ་ཀྱི་20%ལྟར་དངུལ་ཆད་འགེལ་རྒྱུ། (གཉིས)ཁོར་ཡུག་གི་དོན་རྐྱེན་ཚབས་ཆེ་བའམ་ཡང་ན་དམིགས་བསལ་ཚབས་ཆེ་ཐོན་པར་ཐད་ཀའི་གྱོང་གུན་གྱི་30%ལྟར་དངུལ་ཆད་འགེལ་རྒྱུ་། ཐད་ཀའི་གྱོང་གུན་ངོས་འཛིན་གཏན་འཁེལ་བྱེད་ཐབས་མེད་པའི་ཁོར་ཡུག་གི་དོན་རྐྱེན་ཚབས་ཆེ་ཐོན་པར་སྒོར་ཁྲི་100ཡི་དངུལ་ཆད་འགེལ་རྒྱུ་དང་། ཁོར་ཡུག་གི་དོན་རྐྱེན་དམིགས་བསལ་ཚབས་ཆེ་ཐོན་པར་སྒོར་ཁྲི་300ཡི་དངུལ་ཆད་འགེལ་རྒྱུ། འགན་འཁུར་བ་གཙོ་བོ་དང་ཐད་ཀའི་འགན་འཁྲི་ཡོད་མིར་ལོ་གོང་མར་ཚན་པ་འདི་ག་ནས་ཐོབ་པའི་ཡོང་འབབ་ཀྱི་50%ལྟར་དངུལ་ཆད་འགེལ་རྒྱུ། ཁོར་ཡུག་གི་དོན་རྐྱེན་ཚབས་ཆེ་བའམ་ཡང་ན་དམིགས་བསལ་ཚབས་ཆེ་ཐོན་རིགས་ཆོག་མཆན་སྤྲོད་དབང་ཡོད་པའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ཏེ་ཆོག་མཆན་ཐོབ་པ་བརྒྱུད་སྒོ་རྒྱག་ཏུ་འཇུག་རྒྱུ།

དོན་ཚན་གྱ་ལྔ་པ། སྲོལ་ཡིག་འདིའི་དོན་ཚན་དོན་གཅིག་པའི་གཏན་འབེབས་ལས་འགལ་ཏེ་གཙོ་གནད་བཙོག་འབུད་ཚན་པས་ཁོར་ཡུག་གི་ཆ་འཕྲིན་ཡོངས་བསྒྲགས་མ་བྱས་པའམ་ཡང་ན་ཇི་མ་ཇི་བཞིན་ཡོངས་བསྒྲགས་མ་བྱས་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་ཡོངས་བསྒྲགས་བྱེད་དུ་འཇུག་རྒྱུ་མ་ཟད། སྒོར་ཁྲི་5ཡན་ནས་སྒོར་ཁྲི་10མན་གྱི་དངུལ་ཆད་འགེལ་རྒྱུ།

དོན་ཚན་གྱ་དྲུག་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ནས་གཤམ་གསལ་གྱི་ཁྲིམས་འགལ་བྱེད་སྤྱོད་གྲས་ཤིག་ཡོད་རྐྱེན་དངུལ་ཆད་ཕོག་པ་དང་། ཁྲིམས་འགལ་གྱི་བྱེད་སྤྱོད་སྤེལ་མཚམས་འཇོག་ཏུ་བཅུག་པའམ་ཡང་ན་ཡོ་བསྲང་བྱེད་དུ་བཅུག་ཀྱང་ཁྲིམས་འགལ་གྱི་བྱེད་སྤྱོད་མཚམས་འཇོག་གམ་ཡང་ན་ཡོ་བསྲང་གཏན་ནས་མི་བྱེད་པའི་རིགས་ལ་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུའི་གཏན་འབེབས་བྱེད་མཁན་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་འགལ་གྱི་བྱེད་སྤྱོད་མཚམས་འཇོག་གམ་ཡང་ན་ཡོ་བསྲང་བྱེད་དུ་འཇུག་ཉིན་གྱི་ཉིན་གཉིས་པ་ནས་བཟུང་ཐོག་མའི་དངུལ་ཆད་གྲངས་འབོར་གཞིར་བཟུང་ཉིན་རེ་བཞིན་བསྟུད་མར་དངུལ་ཆད་འགེལ་རྒྱུ་སྟེ། (གཅིག)ཁེ་ལས་དང་བྱ་གཞག་ཚན་པ་དང་། དེ་མིན་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གྱིས་ཁྲིམས་དང་འགལ་ནས་བཙོག་དངོས་འབུད་གཏོང་བྱེད་པའམ་ཡང་ན་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་གཏོང་རིགས་དང་། (གཉིས)གཙོ་གནད་སྦགས་བཙོག་འབུད་གཏོང་ཚན་པས་ཁོར་ཡུག་གི་ཆ་འཕྲིན་ཡོངས་བསྒྲགས་མི་བྱེད་པའམ་ཡང་ན་ཇི་མ་ཇི་བཞིན་ཡོངས་བསྒྲགས་མི་བྱེད་པའི་རིགས། (གསུམ)བཙོག་དངོས་གཅིག་སྡུད་གཙང་སེལ་བཟོ་མཁན་ཚན་པས་རྒྱུན་ལྡན་བཞིན་སྒྲིག་བཀོད་འཁོར་སྐྱོད་མི་བྱེད་པའམ་ཡང་ན་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱི་མོས་མཐུན་མ་ཐོབ་པར་བཙོག་དངོས་གཅིག་སྡུད་གཙང་སེལ་བཟོ་བའི་སྒྲིག་བཀོད་འཁོར་སྐྱོད་བྱེད་མཚམས་འཇོག་རིགས།(བཞི)འཛུགས་སྐྲུན་ཚན་པས་འཛུགས་སྐྲུན་རྣམ་གྲངས་ཀྱིས་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་གི་དཔྱད་གདེང་ཡིག་ཆ་ཁྲིམས་ལྟར་འབུལ་སྐྱེལ་མི་བྱེད་པའམ་ཡང་ན་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་གི་དཔྱད་གདེང་ཡིག་ཆར་ཆོག་མཆན་མ་ཐོབ་པར་རང་དགར་འཛུགས་སྐྲུན་ལས་འགོ་རྩོམ་རིགས། (ལྔ)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་བྱེད་སྤྱོད་གཞན་དག་རིགས་བཅས་སོ།

དོན་ཚན་གྱ་བདུན་པ། རིམ་ཁག་མི་དམངས་སྲིད་གཞུང་དང་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་ལ་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་ཚེ། ཐད་ཀའི་འགན་འཁུར་མཁན་གྱི་གཙོ་འགན་མི་སྣ་དང་དེ་མིན་ཐད་ཀའི་འགན་འཁྲི་ཡོད་མིར་སྐྱོན་ཐོ་འགོད་པ་དང་ཚབས་ཆེའི་སྐྱོན་ཐོ་འགོད་པའམ་ཡང་ན་གནས་རིམ་འབེབས་པའི་ཆད་པ་གཅོད་རྒྱུ་དང་། མཇུག་འབྲས་ཚབས་ཆེ་བཟོས་ཚེ་གནས་དབྱུང་གཏོང་བའམ་ཡང་ན་ལས་གནས་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ་དང་། འགན་འཁུར་བ་གཙོ་བོས་ངེས་པར་དུ་རང་གནོངས་དགོངས་ཞུ་བྱེད་དགོས་པ་སྟེ། (གཅིག)སྲིད་འཛིན་ས་ཁོངས་དེ་གའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འཆར་འགོད་བཟོས་མེད་པ་མ་ཟད། སྒྲིག་འཛུགས་ལག་བསྟར་བྱས་མེད་པ་དང་། (གཉིས)སྲིད་འཛིན་ས་ཁོངས་དེ་གའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་ཁུལ་དབྱེ་མཚམས་ཕྱེ་མེད་པ་མ་ཟད། སྒྲིག་འཛུགས་ལག་བསྟར་བྱས་མེད་པ། (གསུམ)འཆར་འགོད་ནང་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་གི་དཔྱད་གདེང་བྱས་མེད་པར་རང་དགར་ལག་བསྟར་བྱེད་རིགས། (བཞི)ཐབས་ཇུས་ནོར་འཛོལ་བྱུང་བའི་རྐྱེན་གྱིས་ཁོར་ཡུག་ལ་སྦགས་བཙོག་ཚབས་ཆེ་བཟོས་པའམ་ཡང་ན་སྐྱེ་ཁམས་ལ་གཏོར་སྐྱོན་ཕོག་རིགས། (ལྔ)རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཐོན་ལས་སྲིད་ཇུས་ལས་འགལ་ཏེ་ཁོར་ཡུག་སྲུང་སྐྱོབ་ཀྱི་གཏན་འབེབས་དང་མི་འཚམ་པའི་ལག་རྩལ་དང་། སྒྲིག་ཆས། བཟོ་རྩལ་བཅས་ནང་འདྲེན་བྱེད་རིགས།(དྲུག)ཁོར་ཡུག་ལ་གནོད་གཞི་ཇི་ཡོང་གི་དཔྱད་གདེང་མ་བྱས་པར་རང་དགར་རྣམ་གྲངས་ཀྱི་འཛུགས་སྐྲུན་ལ་ཆོག་མཆན་སྤྲོད་རིགས། (བདུན)སློབ་གྲྭ་དང་། ཡུལ་མིའི་སྡོད་ཁུལ། སྨན་ཁང་། ལུས་གསོ་ཁང་སོགས་ཁོར་ཡུག་འཁྲུག་སླ་བའི་འཛུགས་སྐྲུན་གྱི་ཉེ་འཁོར་རམ་ཡང་ན་དབྱེ་མཚམས་བཅད་པའི་ཚོད་འཛིན་ཁུལ་དུ་གཙེར་སྒྲ་ཆེ་བ་དང་། གློག་སྡུད་འཕྲོ་འགྱེད་ཡོད་པ། འགོས་ནད་རང་བཞིན་གྱི་ནད་ཡམས་མཆེད་པ། དེ་བཞིན་དྲི་ངན་ཐུལ་བ་དང་ཐལ་རྡུལ་སློང་བ་སོགས་སྒྲིག་འཛུགས་མེད་པར་རླུང་ཁམས་བཙོག་སྐྱོན་བཟོ་བའི་དངོས་རིགས་འབུད་གཏོང་གི་རྣམ་གྲངས་འཛུགས་སྐྲུན་བྱེད་པར་ཆོག་མཆན་སྤྲོད་རིགས། (བརྒྱད)ཆོག་མཆན་ཚད་བཀག་བཟོས་པའི་ལམ་ལུགས་ལས་འགལ་ཏེ་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་གི་དཔྱད་གདེང་ཡིག་ཆར་ཆོག་མཆན་སྤྲོད་རིགས། (དགུ)གཏན་འབེབས་གཞིར་བཟུང་ཉེན་ཆེའི་ཟོག་རོ་དང་། གྲོང་ཁྱེར་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གཙང་སེལ་མི་བཟོ་བའམ་ཡང་ན་འཚོ་བའི་བཙོག་ཆུ་གཙང་གསིང་མ་བྱས་པར་ཁོར་ཡུག་སྦགས་བཙོག་བཟོ་རིགས། (བཅུ)ཁྲིམས་ལས་འགལ་ཏེ་སྲིད་འཛིན་ཆོག་འཐུས་དང་། སྲིད་འཛིན་བཙན་ཐབས། སྲིད་འཛིན་ཆད་གཅོད་བཅས་བྱེད་རིགས། (བཅུ་གཅིག)གཏན་འབེབས་གཞིར་བཟུང་གློ་བུར་དུ་ཐོན་པའི་ཁོར་ཡུག་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་མི་བཟོ་བའམ་ཡང་ན་གཏན་འབེབས་གཞིར་བཟུང་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་གློ་བུར་དུ་ཐོན་པའི་ཁོར་ཡུག་དོན་རྐྱེན་ཐག་གཅོད་མི་བྱེད་པའི་རིགས། (བཅུ་གཉིས)ཁོར་ཡུག་སྲུང་སྐྱོབ་ཀྱི་མ་དངུལ་འཐེན་ཉར་དང་། བཟུང་སྤྱོད་བྱེད་པའམ་ཡང་ན་གཞན་སྤྱོད་བྱེད་རིགས། (བཅུ་གསུམ)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་ཁྲིམས་འགལ་གྱི་བྱེད་སྤྱོད་གཞན་དག་རིགས་བཅས་སོ།

དོན་ཚན་གྱ་བརྒྱད་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་རིགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་ཡོད་ཚེ་དེ་ལྟར་ལག་བསྟར་བྱེད་རྒྱུ།

ལེའུ་བདུན་པ། ཞར་བྱུང་།

དོན་ཚན་གྱ་དགུ་པ། སྲོལ་ཡིག་འདིའི་ནང་བརྗོད་པའི“མཚན་མོ”ཞེས་པ་ནི་ཉིན་དེའི་དགོང་མོའི་ཆུ་ཚོད་ཉེར་གསུམ་ནས་ཕྱི་ཉིན་གྱི་ཞོགས་པའི་ཆུ་ཚོད་བརྒྱད་པ་བར་ཡིན།

དོན་ཚན་དགུ་བཅུ་པ། སྲོལ་ཡིག་འདི2018ལོའི་ཟླ12ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ། 2003ལོའི་ཟླ7པའི་ཚེས24ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་བའི《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག》དུས་གཅིག་ཏུ་བརྩི་མེད་གཏོང་རྒྱུ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།