མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཀྲོའུ་ཡི་ལས་ཁུངས་ཀྱི་ལས་བྱེད་པ་སྟོང་གཞི་རིམ་དུ་བསྐྱོད་པ།

རྩོམ་པ་པོ། ཡིའུ་ཞང་ནེང་གིས།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-06-15 12:03

    བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡིས་འདི་ལོ་སྤེལ་བའི“ལས་བྱེད་པ་སྟོང་གཞི་རིམ་དུ་བསྐྱོད་དེ་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང”ཞེས་པའི་བྱེད་སྒོ་མཇུག་འགྲིལ་བ་དང་ཉིན་40ཡི་དུས་ཚོད་ནང་ལས་ཁུངས་ཀྱི་ལས་བྱེད་པ་1800ལྷག་ཙམ་གཞི་རིམ་དུ་བསྐྱོད་རྗེས་མང་ཚོགས་ལ་བྱ་བ་བསྒྲུབས་ནས་བྱ་བ་ཞིབ་ཚགས་ནས་འགོ་བཙུགས་ཏེ་མང་ཚོགས་ཀྱིས་ཡིད་ཚིམ་པའི་བྱ་བ་བསྒྲུབས་སྟབས།“ལོ་ཤས་ནང་ལས་བྱེད་པའི་སྤྱོད་ཚུལ་བཟང་པོ་སླར་ཡང་མངོན་བཞིན་འདུག”ཅེས་མང་ཚོགས་ཀྱིས་བསྔགས་བརྗོད་བྱས།

    ཁས་ལེན་བྱས་རིགས་བསྒྲུབས་པས་མང་ཚོགས་ཀྱི་བློ་ཁ་ཕྱོགས་པ།

    “‘སྟོང་སྐུལ’ལས་བྱེད་པ་ནི་ང་ཚོའི་ཁྱིམ་མི་ལྟ་བུ་རེད།བྱེད་སྒོ་མཇུག་འགྲིལ་ནས་ཕྱིར་ལོག་བྱས་ཀྱང་ཁོང་ཚོས་ཁས་ལེན་བྱས་པའི་བྱ་བ་ཚང་མ་སྒྲུབ་རོགས་བྱས་བྱུང་།རྒྱུན་དུ་དཀའ་ངལ་གང་ཞིག་འཕྲད་ཀྱང་ཁོང་ཚོ་བཙལ་ན་ཆོག”ཅེས་ཟླ་4ཚེས་24ཉིན་འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་པའོ་ཧོ་གྲོང་རྡལ་པའོ་ཧོ་གྲོང་ཚོ་ཨུ་ལྷན་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་ཁྲེན་དབུན་ཧུང་ཀྲོའུ་བུད་མེད་མཉམ་འབྲེལ་ལྷན་ཚོགས་སུ་བསྐྱོད་དེ་ཉ་རྫིང་བཟོ་བའི་དངུལ་སྒོར་ཁྲི་1བླངས་རྗེས་སེམས་འགུལ་ཐེབས་པའི་སྒོ་ནས་བཤད།

    “ན་ནིང་ཆར་དུས་རི་ཉིལ་ནས་འདམ་རྡོའི་ཆུ་རུད་ཐོན་ཏེ་གྲོང་ཚོའི་འགྲོ་ལམ་བརྡིབས་སོང་།ཉམས་བཟོ་བྱེད་ཐུབ་བམ”“ཐོན་ལས་གོང་འཕེལ་གཏོང་བའི་ཆུ་དང་།ལག་རྩལ།མ་དངུལ་བཅས་དཀོན་པོ་ཡོད་པས་ཐག་གཅོད་བྱེད་ཐུབ་བམ”ལ་སོགས་པའི་མང་ཚོགས་ཀྱིས་བཏོན་པའི་གནད་དོན་དང་གྲོས་འགོ་མང་དག་ཅིག་ཀྲོའུ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་པའོ་ཧོ་གྲོང་ཚོའི“སྟོང་སྐུལ”ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་ཚུན་ཅིང་ཞང་གིས་པའོ་ཧོ་གྲོང་ཚོར་ཉིན་40བཅར་འདྲི་བྱེད་སྐབས་ཟིན་བྲིས་ནང་འཁོད་ཡོད་པ་རེད།

    ཁས་ལེན་བྱས་རིགས་ཚང་མ་བསྒྲུབས་པ་དེས་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཉེ་རུ་ཕྱིན།ཟླ་4ཚེས་20ཉིན་བདེ་ཆེན་རྫོང་སྦམ་རྩེ་རགས་གྲོང་རྡལ་ལ་བཞི་གྲོང་ལྷན་གྱི་ཀྲུའུ་རེན་ལའོ་ཏིང་གིས“སྟོང་སྐུལ”ལས་བྱེད་པ་ཚེ་རིང་དོན་གྲུབ་བཙལ་ཏེ“ད་ཆ་གྲོང་ཚོའི་ས་ཡོམ་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་དོན་དེ་འགག་རྩའི་དུས་སུ་སླེབས་ཡོད་པས་ཁྱེད་ཀྱིས་མཐུན་སྦྱོར་ཐག་གཅོད་བྱེད་རྒྱུ་ཁས་ལེན་གནང་བའི་བྱེད་སྒོ་སྤེལ་ཡུལ་དང་འཕྲོད་བསྟེན་ལམ་ངོས་སོགས་ཀྱི་རྣམ་གྲངས་བསྒྲུབ་དགོས་ཀྱི་རེད”ཅེས་བཤད།

    “གཅེན་པོ།ངས་སྔ་ས་ནས་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་པ་ཡིན་ཁྱེད་བློ་བདེ་པོ་གནང་ཞིག”ཅེས་ཚེ་རིང་བསམ་གྲུབ་ཀྱིས་བཤད།“དེ་སྔོན་ལས་བྱེད་པས་ཁས་ལེན་བྱེད་པ་ཚང་མ་ཆ་འཇོག་མི་ཐུབ་པ་ཞིག་ཡིན་པ་དང་ངག་ཐོག་ཁས་ལེན་བྱེད་པ་ལས་ཕྱིར་ལོག་རྗེས་བསྒྲུབ་མི་སྲིད་པའམ་ཡང་ན་མི་རྙེད་ཀྱང་ཕན་ཚུན་ཁ་དཀྲིས་ནས་སྡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།བསམ་ཡུལ་ལས་འདས་པ་ཞིག་ལ་གྲོང་ཚོ་ནས་བྲལ་བའི‘སྟོང་སྐུལ’ལས་བྱེད་པས་ཁས་ལེན་བྱས་རིགས་བྱ་སྤྱོད་ངོ་མའི་ཐོག་ནས་ཡོངས་སུ་བསྒྲུབས་སོང”ཞེས་ལའོ་ཏིང་གིས་བཤད།

    ལྷག་བསམ་རྣམ་དག་གིས་འདུམ་འགྲིག་བྱས་པས་འགལ་བ་དང་སེམས་ཁྲལ་སེལ་བ།

    “སྟོང་སྐུལ”ལས་བྱེད་པས“གྲོང་གསེབ་བརྟན་པོ་བྱུང་ཚེ་གནམ་འོག་བདེ་ལ་འཁོད”པའི་བསམ་བློའི་འདུ་ཤེས་བརྟན་པོ་བཙུགས་པ་དང་ཀྲོའུ་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཐད་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པ་དང་ཟུང་འབྲེལ་བྱས་ནས་གྲོང་གསེབ་ཀྱི་འགལ་བ་དང་རྩོད་གཞི་གྲལ་བཤེར་དང་འདུམ་འགྲིག་བྱ་རྒྱུ་དེ་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པའི་དམ་འཛིན་བྱ་གཞིར་བརྩིས་ནས་གྲོང་ཚོའི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་བརྟག་ཞིབ་ཧུར་ཐག་བྱས་ཐོག་གྲོང་ཚོའི་གནས་ཚུལ་དང་།སྤྱི་ཚོགས་ཀྱི་གནས་ཚུལ།ཁྱིམ་ཚང་གི་གནས་ཚུལ་བཅས་མཐིལ་རྟོགས་བྱས་ཏེ་དཀའ་གནད་དང་གླེང་མང་བའི་གནད་དོན་དང་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་ཁོང་དུ་འཕྱུགས་མེད་ཆུད་པ་བྱས་པ་རེད།ཞི་མཐུན་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་པའི་མངོན་མེད་རྐྱེན་ངན་སྣ་ཚོགས་སེལ་ཆེད“སྟོང་སྐུལ”ལས་བྱེད་པས་ཞིང་དུད་དུ་བསྐྱོད་པ་དང་རང་འགུལ་ངང་བཅར་འདྲི་དང་ལེན་ཞུ་བ་སོགས་ཀྱི་རྣམ་པའི་ཐོག་དམངས་ཀྱི་སྙིང་གཏམ་ནན་ཏན་ངང་ཉན་ཏེ་འགལ་བ་དང་རྩོད་གཞི་འདུམ་འགྲིག་གི་ལས་དོན་ཏན་ཏིག་ངང་སྤེལ་བ་རེད།

    “ངའི་བུས་ཁ་ལྟ་བསླབ་བྱར་མི་ཉན་པར་དུག་འཐེན་ཁར་རྩ་ཆེའི་ཤིང་རྒྱུ་སེང་གེ་ཤིང་བཅད་དེ་ཉེས་ཆད་ཕོག་ནས་བཙོན་དུ་བཅུག་སོང་།གྲོང་ཚོའི་མི་ཚོས་ང་ལ་མཐོང་ཆུང་བྱས་ནས་མགོ་བཀྱག་བཀྱག་བྱེད་མི་ཐུབ་པ་དང་བུ་མོ་ཡང་ཡུན་རིང་ཕྱིར་ལས་ཀ་བྱེད་ཀྱི་ཡོད་པར་བརྟེན་ཁྱིམ་དུ་ལོག་ཡོང་ཁོམ་མེད་པ་དང་ང་ལ་བདག་པོ་རྒྱག་མཁན་མེད་པའི་ཚོར་བ་བྱུང”ཞེས་ཉིན་ཞིག་རྒན་མོ་ཞིག་གིས་གྲོང་ཚོ་ཨུ་ལྷན་དུ་ཡོང་ནས་ངུས་ཏེ་དེ་ལྟར་བཤད།

    “སྟོང་སྐུལ”ལས་བྱེད་པ་ལི་དབུན་ཝུའུ་ཡིས་རྒན་མོའི་སྐད་ཆ་ཉན་རྗེས“ད་ཆ་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་ཡོད་པས་ཁྱེད་རང་གིས་འཚོ་བར་ཡིད་ཆེས་བྱེད་དགོས།གལ་ཏེ་བུ་ཕྲུག་ཚོས་བསྙེན་བཀུར་མ་བྱས་ཚེ་རྒྱལ་ཁབ་ཀྱིས་ཁྱེར་རང་ལ་བདག་པོ་རྒྱག་གི་རེད”ཅེས་བཤད།འགལ་བ་སེལ་རྗེས་ཀྲོའུ་ཡི་ཁྲིམས་ལྟར་ཀྲོའུ་སྐྱོང་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས་བཏང་བའི་ལི་དབུན་ཝུའུ་ཡིས་གྲོང་ཚོ་དེའི་གྲོང་མི་ཚོགས་ཆུང་5རུ་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་དང་ཕུལ་བྱུང་གི་མི་དམངས་འདུམ་འགྲིག་པའི་དཔྱད་བསྡུར་བྱེད་སྒོ་སྤེལ།

    《བདེ་ཆེན་ཀྲོའུ་རུ་འགལ་བ་དང་རྩོད་གཞི་སེལ་བའི་གྲལ་བཤེར་འདུམ་འགྲིག་གཅིག་སྡུད་བྱེད་པའི་བསྡོམས་རྩིས་རེའུ་མིག》ལྟ་སྐབས་བསྡོམས་རྩིས་རེའུ་མིག་ནང་ཁྱོན་ཞིང་ལས་དང་གནོད་འཚེ་དང་འབྲེལ་བ་ཡོད་པ་དང་།གྲོང་དོན་དོ་དམ།གཉེན་སྒྲིག་ཁྱིམ་ཚང་།ཁྱིམ་མཚེས་དང་ལས་བྱེད་པའི་སྤྱོད་ཚུལ་སོགས་ཀྱི་འགལ་བ་དང་རྩོད་གཞི་ཁག་14གྲལ་བཤེར་དང་འདུམ་འགྲིག་བྱས་པ་དང་ཁྱོན་འགལ་བ་དང་རྩོད་གཞི་542གྲལ་བཤེར་བྱས་པས་རྩོད་གཞི་ཁག་477འདུམ་འགྲིག་བྱས་པ་རེད།

    སྤྱོད་ཚུལ་ལ་འགྱུར་ལྡོག་བཏང་ནས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་ཐབས་བྱས་པ།

    ཀྲོའུ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལི་ཀྲི་ཧུང་གིས་བདེ་ཆེན་གྱི་སེམས་ཀྱི་ཉི་ཟླའི་དཔལ་འབྱོར་གསར་སྤེལ་ཁུལ་ལི་རེན་དང་ཤིན་རེན་སྡེ་ཁུལ་གཉིས་སུ་བཅར་འདྲི་བྱ་སྐབས་གྲོང་མིས“གསར་སྤེལ་ཁུལ་གྱི་རྫོང་མང་ཆེ་བ་ནི་འཇང་རིགས་ཡིན་པས་མཚན་མོ་ཐང་ཆེན་ཐོག་འཁྲབ་པའི་ཞབས་བྲོ་ཚང་མ་ནི་བོད་རིགས་ཀྱི་ཞབས་བྲོ་ཡིན་པས་འཇང་རིགས་ཀྱི་གཞབ་བྲོའི་རོལ་དབྱངས་མང་ཙམ་གཏོང་ན་འགྲིག་གམ”ཞེས་བསམ་འཆར་བཏོན་པ་དང་ད་དུང་ཡུལ་མི་ཁ་ཤས་ཀྱིས“ང་ཚོར་ཚགས་པར་དང་དུས་དེབ་ལྟ་བ་དང་མིག་མངས་རྒྱག་སའི་བྱེད་སྒོ་ཁང་མེད་པས་ཁྱེད་རྣམ་པས་ང་ཚོར་ཐབས་ཤེས་ཤིག་བཏང་ན་འགྲིག་གམ”ཞེས་བཏོན་པས་ཁོང་གིས“གནད་དོན་དེ་དག་ངས་ངེས་པར་དུ་ཐབས་ཤེས་བྱས་ནས་ཐག་གཅོད་བྱེད་ངེས་ཡིན”ཞེས་བཤད།ཁོང་གིས་འཕྲལ་དུ་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱི་འགོ་ཁྲིད་དང་འབྲེལ་བ་བྱས་ནས་མཚན་མོ་འཇང་རིགས་ཀྱི་ཞབས་བྲོ་མང་དུ་བཏང་བ་མ་ཟད་ད་དུང་དོ་དམ་ཨུ་ལྷན་གྱིས་གཞུང་ལས་ཁང་དེ་གྲོང་མིའི་དཔེ་དེབ་ཁང་བཟོས་པ་རེད།

    ཀྲོའུ་དེས“སྟོང་སྐུལ”བྱེད་སྒོ་སྤེལ་ནས་སེམས་ནང་གྲོང་གསེབ་ཀྱི་མང་ཚོགས་ཡོད་པའི་ལས་དོན་རུ་ཁག་གཅིག་བཏང་བ་མ་ཟད།ད་དུང་ལས་བྱེད་པའི་ལས་ཀའི་སྤྱོད་ཚུལ་ལ་འགྱུར་ལྡོག་ཀྱང་བཏང་ཡོད།“སྟོང་སྐུལ”ལས་བྱེད་པའི་ཕྱོགས་སྡོམ་དཔྱད་ཡིག་ལྟ་ཀློག་བྱེད་སྐབས་ཁོང་ཚོ་གཞི་རིམ་དུ་བསྐྱོད་ནས་མྱོང་ཚོར་ཟབ་མོ་བྱུང་བ་རྟོགས་ཐུབ་པ་སྟེ།“གཞི་རིམ་དུ་ཟབ་བཞུགས་བྱས་པ་དང་མ་བྱས་པ་གཉིས་ཆ་མ་ཡིན།སེམས་གནས་པ་དང་རྟ་ཐོག་ནས་མེ་ཏོག་ལྟ་བ་གཉིས་ཆ་མ་ཡིན།བློ་གཅིག་སེམས་གཅིག་གིས་མི་དམངས་ལ་དཀའ་གནད་སེལ་རོགས་བྱེད་མིན་ཆ་མ་ཡིན” “ངོ་ཐུག་བྱས་ཚེ་གཞི་ནས་ཉེ་བཅར་ཐུབ་པ་དང་བཟོས་པའི་སྲིད་ཇུས་བྱ་ཐབས་གཞི་ནས་དམངས་ཀྱི་འདོད་བློ་དང་འཚམ་པ་དང་།དམངས་ཀྱི་འདོད་པ་སྐོང་ཐུབ་པ།དམངས་འཚོར་སྐུལ་མ་གཏོང་ཐུབ་པ”དང་།“གྲོང་ཚོར་བཅའ་སྡོད་བྱས་པའི་འབྲས་བུ་དེ་སེམས་འགུལ་ཐེབས་པ་ཙམ་མ་ཡིན་པར་སེམས་ནང་བྱ་བ་མང་པོ་ཡུན་རིང་ངེས་ཐུབ”ཅེས་སོགས་ཚོར་བ་ཟབ་མོ་བྱུང་ཚུལ་བཀོད་ཡོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག