ཀྲུང་གོ་བོད་ཀྱི་དྲ་བ།

བོད་བརྒྱུད་ནང་བསྟན་སློབ་གླིང་ཁག་བར་གྱི་བསམ་བློ་བརྗེ་རེའི་བཞུགས་མོལ་ཚོགས་འདུ་སེམས་ཀྱི་ཉི་ཟླར་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་7པའི་ཚེས་2ཉིན་གྱི་སྔ་དྲོར་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་གཙོ་སྒྲུབ་དང་ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་འགན་སྒྲུབ་བྱས་པའི་2019ལོའི་བོད་བརྒྱུད་ནང་བསྟན་སློབ་གླིང་ཁག་བར་གྱི་བསམ་བློ་བརྗེ་རེའི་བཞུགས་མོལ་ཚོགས་འདུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས་པ་རེད། 

ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་འབྲེལ་ཡོད་བློ་མཐུན་མཛུབ་ཁྲིད་གནང་བར་ཕེབས་པ་དང་། ཡུན་ནན་ཞིང་ཆེན་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་དང་བདེ་ཆེན་ཁུལ་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འབྲེལ་ཡོད་འགོ་ཁྲིད་ཚོགས་འདུར་ཞུགས་ཡོད། 

ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཡོན་ཀྲང་གཞོན་པ་ལིའུ་ཕུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱི་དགེ་རྒན་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། དེ་བཞིན་ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡིའུ་ཆོན་གྱིས་སྐབས་བཅོ་ལྔ་པའི“མཐོ་རམས་པའི”མཚན་གནས་ཐོབ་མཁན་ལ་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། 

 ཡུན་ནན་ཞིང་ཆེན་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་སྐོར་ཞིབ་པ་གཞོན་པ་ཝུའུ་དབྱི་སན་གྱིས་བསྟན་དོན། ལོ་འདི་དག་རིང་བོད་བརྒྱུད་ནང་བསྟན་སློབ་གླིང་ཁག་བར་གྱི་བསམ་བློ་བརྗེ་རེའི་བཞུགས་མོལ་ཚོགས་འདུ་ནི་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་རིམ་གསུམ་མཚན་གནས་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད། སྟེགས་བུའི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ནས་རྒྱལ་ཞེན་ཆོས་གཅེས་དང་། ཐོས་བསམ་སྒོམ་གསུམ། སྤྱོད་ཡོན་གཉིས་ལྡན་གྱི་མཚོན་བྱེད་མི་སྣ་དེ་བས་ཀྱང་མང་བ་གསོ་སྐྱོང་བྱ་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད། 

བདེ་ཆེན་ཁུལ་ཏང་ཨུའི་རྒྱུན་ཨུའམ་ཁུལ་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མེའོ་ཡིའུ་ཧྥ་ཡིས་གཏམ་བཤད་གནང་དོན། ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལ་དུ་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་ཞི་མཐུན་གྱི་རྣམ་པ་བཟང་པོ་རྒྱུན་མཐུད་ངང་མངོན་པ་དང་བོད་བརྒྱུད་ནང་བསྟན་ལས་དོན་བྱ་བ“བདེ་ཆེན་གྱི་ཁྱད་ཆོས”མངོན་གསལ་དོད་པའི་ལམ་བུའི་ཐོག་བསྐྱོད་ཡོད་ལ། བཞུགས་མོལ་ཚོགས་འདུ་སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་དུ་འཚོགས་པ་གོ་སྐབས་སུ་བཟུང་སྟེ། བདེ་ཆེན་གྱི་བོད་བརྒྱུད་ནང་བསྟན་གྱི་མཚན་གནས་སློབ་གསོ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་གི་སྤུས་ཚད་མཐོ་རུ་བཏང་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཆམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། 

3.jpg

 ཐེངས་འདིའི་བཞུགས་མོལ་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“བོད་བརྒྱུད་ནང་བསྟན་གྱི་རིམ་གསུམ་མཚན་གནས་སློབ་ཁྲིད་རྩ་གནད་རྩོམ་སྒྲིག་”དང་། ཚོགས་ཞུགས་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་དེ་བཞིན་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་བོད་བརྒྱུད་ནང་བསྟན་སློབ་གླིང་གི་འཐུས་མིས་ཚོགས་འདུའི་སྐོར་གྱི་བརྗོད་དོན་གཙོ་བོར་དམིགས་པའི་བསམ་བློ་བརྗེ་རེའི་དཔྱད་གླེང་ཚོགས་འདུ་ཞིག་རེད།

བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཟླ་ཆུང་གིས་བོད་ལྗོངས་ནང་བསྟན་སློབ་གླིང་དུ་2011ལོའི་ཟླ་10པར་སློབ་གྲྭའི་སློབ་ཁྲིད་འགོ་ཚུགས་པ་ནས་བཟུང་། ཚད་ལྡན་གྱི་སློབ་ཁྲིད་རྩ་གནད་གཏན་ལ་ཕབ་པ་དང་དོན་དངོས་དང་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པའི་བསླབ་གཞི་རྩོམ་སྒྲིག་བྱས་ཏེ་ཅུང་འཐུས་སྒོ་ཚང་བའི་སློབ་ཁྲིད་བྱས་ནས་ཐོས་བསམ་མ་ལག་དང་བསླབ་གནས་ཐོབ་ཐང་ལམ་ལུགས་བཅས་བཙུགས་ཤིང་། བོད་ལྗོངས་ནང་བསྟན་སློབ་གླིང་ནི་ཕྱོགས་ལྷུང་མེད་པ་དང་། མདོ་སྔགས་ཟུང་འབྲེལ། གྲྭ་བཙུན་མཉམ་སྦྱོང་། སློབ་གསོར་ཞིབ་འཇུག་བྱེད་པ་གལ་ཆེན་དུ་འཛིན་པའི་སློབ་གཉེར་བྱེད་ཕྱོགས་གཞིར་བཟུང་ཡོད་ལ། སློབ་ཁྲིད་དང་དོན་དངོས་ཟུང་འབྲེལ་བྱས་ཏེ《བོད་ལྗོངས་ནང་བསྟན་སློབ་གླིང་གི་སློབ་ཁྲིད་རྩ་གནད》དང་། 《བོད་ལྗོངས་ནང་བསྟན་སློབ་གླིང་གི་སློབ་གྲྭའི་ལམ་ལུགས་འཛིན་གྲྭའི་སློབ་ཁྲིད་རྩ་གནད》《བོད་ལྗོངས་ནང་བསྟན་སློབ་གླིང་གི་བཙུན་མའི་ཚན་ཁག་གི་སློབ་ཁྲིད་རྩ་གནད》《བོད་ལྗོངས་ནང་བསྟན་སློབ་གླིང་གི་མཐའ་མཚམས་ཐག་རིང་གསོ་སྦྱོང་འཛིན་གྲྭའི་སློབ་ཁྲིད་རྩ་གནད》བཅས་ཀྱི་དཔེ་དེབ་རྩོམ་སྒྲིག་ལེགས་གྲུབ་བྱུང་ཡོད་ལ། ད་ལྟ་དངོས་སུ་《བོད་ལྗོངས་ནང་བསྟན་སློབ་གླིང་གི་སྐུ་ན་གཞོན་པའི་སྤྲུལ་སྐུའི་འཛིན་གྲྭའི་རིག་གནས་སློབ་ཁྲིད་རྩ་གནད》ཀྱི་དཔེ་དེབ་ལེགས་སྒྲིག་དང་རྩོམ་སྒྲིག་བྱེད་བཞིན་ཡོད། 

མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་རྒྱུན་ལས་ཡོན་ཀྲང་གཞོན་པ་ལྷ་རྒྱལ་གྱིས་2016ལོར་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་ཡུལ་གཞན་དུ་བསྐྱར་སྐྲུན་བྱས་པ་ནས་བཟུང་། སློབ་ཁྲིད་རྩ་གནད་བཟོ་བཅོས་དང་འཐུས་ཚང་དུ་གཏོང་རྒྱུ་ནི་སློབ་ཁྲིད་ལས་དོན་གྱི་རྨང་གཞི་གལ་ཆེན་ཞིག་ཏུ་འགྱུར་བར་རྒྱུན་སྐྱོང་བྱས་ཤིང་། 2018ལོར་སློབ་གླིང་གི་སློབ་ཁྲིད་རྩ་གནད་ཀྱི་དཔེ་དེབ་རྩོམ་སྒྲིག་བྱ་བ་ཐོག་མར་ལེགས་སྒྲུབ་བྱས་པ་དང་། གོམ་སྟབས་རྗེས་མར་སློབ་ཁྲིད་རྩ་གནད་ཀྱི་བརྒྱུད་རིམ་རང་བཞིན་དང་ཚན་རིག་རང་བཞིན་ཆེ་རུ་གཏོང་བ་དང་མ་ལག་ཆ་ཚང་འཛུགས་རྒྱུ་དང་འབྲེལ་སློབ་དཔྱོད་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྩིས་ཡོད་ཅེས་བཤད་པ་རེད།

2.jpg

ཚོགས་འདུའི་ཐོག་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་ལ་རིམ་གསུམ་གྱི་མཚན་གནས་སློབ་དེབ་གནང་པ་རེད། 

4.jpg

ཚོགས་འདུའི་ཉིན་དེར། ཚོགས་ཞུགས་མི་སྣས་ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་སློབ་གྲྭའི་ཁོར་ཡུག་ལ་ལྟ་སྐོར་བྱས་ཤིང་། སྐབས་གསུམ་པའི་རྟགས་གསལ་རྩོད་པའི་བསམ་བློ་བརྗེ་རེས་བྱེད་པར་གཟིགས་ཞིབ་གནང་བ་རེད།

5.jpg

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།