ཀྲུང་གོ་བོད་ཀྱི་དྲ་བ།

མཛེས་སྡུག་ལྡན་པའི་བདེ་ཆེན་ཁུལ་གྱིས་རྣམ་པ་གསར་པ་མངོན་པར་བྱས།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— བདེ་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལོ་བདུན་ཅུ་ཡི་མཛེས་སྡུག་ཉམས་དགའི་འགྱུར་ལྡོག་སྐོར་བཀོད་པ།    

སེམས་ཀྱི་ཉི་ཟླའི་གྲོང་ཁུལ་དུ་སྐྱོད་སྐབས་བོད་རིགས་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལྡན་པའི་གྲགས་ཅན་གྲོང་ཁྱེར་དེ་མིག་མདུན་དུ་འཆར་བྱུང་།

ལོ70ཡི་གོང་། སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་ས་ཐག་རིང་ལ་ཆ་འཕྲིན་གསང་པོ་མེད་པ་དང་། ཏུའུ་ཁེ་ཙུང་གནའ་གྲོང་གི་རྡོ་ལེབ་ཁྲོམ་གཞུང་གི་གཞོགས་གཉིས་ཀྱི་ཁང་པ་མང་ཆེ་བ་ཤིང་ཁང་ཡིན་པའི་ཁྲོད་སོ་ཕག་གི་ཁང་པ་ཡང་ཐར་ཐོར་དུ་མཐོང་རྒྱུ་ཡོད་ཅིང་། ཁོར་ཡུག་བཙོག་ལ་ཟང་ཟིང་ཆེ་བ་ཞིག་ཡོད། 1980ལོ་ནས་བཟུང་། ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་འགྲོ་འགོ་ཚུགས་ནས་ཆུ་ཀ་ལ་ཁྱིམ་ཚང་ཁྲི་སྟོང་མང་པོར་འཁྲིད་ཡོད་པ་དང་། པ་ཏྲའི་རིས་དང་མཚུངས་པའི་ཨར་འདམ་ལམ་གཅིག་རྗེས་གཅིག་མཐུད་དུ་བཏིངས་ཤིང་། གྲོང་ཁུལ་བཤིག་འགོ་ཚུགས་ནས་ཐོག་ཁང་བསྐྲུན་པ་རེད། ད་ཆ་སྔོན་ཆད་ཀྱི་ས་སྟོང་དེ་རྣམས་ཐོག་བརྩེགས་ཁང་ཆེན་དུ་གྱུར་ཡོད་པ་རེད།

གྱེན་འཕྱུར་ཆུ་མིག་དང་། མེ་ཏོག་སོས་པ། སྤང་། ནགས་ཚལ། བྱེད་སྒོའི་ཁུལ་བཅས་ཡོད་པའི་གསར་དུ་བསྐྲུན་པའི་ལུང་ཐེན་མཚེའུ་ཡི་སྤྱི་གླིང་དུ་སྐྱོད་སྐབས་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ལས་མི་རྣམས་ཀྱི་མིག་དབང་ཡོངས་སུ་འཕྲོག་གི་ཡོད། རྒན་ཡོལ་ཞུས་པའི་ལས་བྱེད་པ་དབྱང་ཡན་ཀྲེང་གིས། “དེ་སྔོན་ང་ཚོས་ཉེ་འགྲམ་དུ་རོལ་དབྱངས་ཀྱི་གྱེན་འཕྱུར་ཆུ་མིག་བསྐྲུན་གྱི་ཡོད་པ་བསམ་བློར་ཡང་འཁོར་མྱོང་མེད། སྤྱི་གླིང་ནང་ད་དུང་རིག་གནས་བྱེད་སྒོའི་ཁུལ་དང་། རྒན་རྒོན་གྱི་ལུས་སྦྱོང་བྱེད་སྒོའི་ཁུལ། བྱིས་པའི་རོལ་རྩེད་ཁུལ། ལུས་རྩལ་བྱེད་སྒོའི་ཁུལ་བཅས་ཡོད་པས་ད་ཆ་ངས་ཉིན་ལྟར་དགོང་ཟས་བཟས་རྗེས་ཚ་བོ་ཁྲིད་ནས་ལུང་ཐེན་མཚེའུའི་སྤྱི་གླིང་དུ་འཆམ་འཆམ་དུ་འགྲོ་གི་ཡོད”ཅེས་བཤད།

ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཁུལ་གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བརྟན་པོ་ཡོང་བར་བྱེད་པའི་འདེགས་སྐྱོར་གྱི་ནུས་ཤུགས་ཤིག་ལ་བརྩིས་ཡོད། འགྲིམ་འགྲུལ་དང་། ཆུ་བེད། ཆ་འཕྲིན། ནུས་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་སོགས་གཙོ་གནད་དུ་བྱེད་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་དེས་བདེ་ཆེན་གྱི་རྨང་གཞིའི་སྒྲིག་བཀོད་ཉམས་ཞན་གྱི་རྣམ་པར་རྩ་བའི་ཐོག་ནས་འགྱུར་ལྡོག་བྱུང་ཡོད། ལིས་ཤང་ལྕགས་ལམ་དང་ལིས་ཤང་མྱུར་བགྲོད་གཞུང་ལམ་བསྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་། གྲོང་གསེབ་ཀྱི་འགྲོ་ལམ་དྲ་རྒྱ་འཐུས་སྒོ་ཚང་དུ་བཏང་སྟེ་རྫོང་ཁག་དང་སྦྲེལ་མཐུད་ཐུབ་པ་དང་ཉེ་འཁོར་དུ་སྐྱོད་པའི་གཞུང་ལམ་དྲ་བ་ཞིག་སྤྱིར་ན་ཤར་གཏོང་ཐུབ་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་འགྲོ་ལམ་དང་། ཆུ་མཁོ་འདོན་དང་ཆུ་འབུད། ཚ་དྲོད་མཁོ་འདོན། དྲོད་རླངས་མཁོ་འདོན་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་སེམས་ཀྱི་ཉི་ཟླའི་གྲོང་ཁུལ་གྱི་བཅོས་སྒྲིག་རྒྱ་སྐྱེད་དང་། གཅིག་སྡུད་ཐོག་ཚ་དྲོད་མཁོ་འདོན། གྲོང་ཁྱེར་ཕྱོགས་བསྡུས་བཅོས་སྐྱོང་། བདེ་ཆེན་རྫོང་གྲོང་གི་བཅོས་སྒྲིག་རྒྱ་སྐྱེད། འབའ་ལུང་རྫོང་གྲོང་སྲིད་ཕྱོགས་བསྡུས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ལས་གྲྭ་ཁག་གཅིག་ལ་གཙོ་གནད་ཐོག་དམ་འཛིན་བྱས་ནས་རྫོང་གྲོང་རྒྱ་སྐྱེད་བཏང་བ་དང་གྲོང་ཁྱེར་དང་གྲོང་རྡལ་མཛེས་སུ་བཏང་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཁུལ་གྱིས་རྒྱལ་ཡོངས་སུ་བོད་རིགས་ས་ཁུལ་མཛེས་ཤོས་བསྐྲུན་རྒྱུའི་བཀོད་སྒྲིག་བླང་བྱར་གཞིགས་ནས“མཛེས་སྡུག་ལྡན་པའི་རྫོང་གྲོང”དང“ཁྱད་ལྡན་གྲོང་རྡལ་ཆུང་ངུ”འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།

“མཛེས་སྡུག་ལྡན་པའི་རྫོང་གྲོང”དང“ཁྱད་ལྡན་གྲོང་རྡལ་ཆུང་གྲས”འཛུགས་སྐྲུན་བྱ་རྒྱུ་ནི་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཞིང་ཆེན་དེའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྤྱི་འདོམས་བྱེད་པ་བཅས་ཀྱི་ཐད་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བྱས་ཡོད།

ཁུལ་འཕེལ་སྒྱུར་ཨུ་ལྷན་གྱི་འགན་འཁུར་བས། “མཛེས་སྡུག་ལྡན་པའི་རྫོང་གྲོང”འཛུགས་སྐྲུན་བྱ་རྒྱུའི་ཐད་བདེ་ཆེན་ཁུལ་གྱིས་ཞིང་ཆེན་གྱི“མཛེས་སྡུག་ལྡན་པའི་རྫོང་གྲོང”འཛུགས་སྐྲུན་གྱི་མཛུབ་ཁྲིད་བསམ་འཆར་གྱི་སྤྱིའི་བླང་བྱར་གཞིགས་ནས“གཙང་མ་དང་། སྡོད་མལ། ཁྱད་ལྡན”བཅས་ཀྱི་གྲུབ་ཆ་ཆེན་པོ་གསུམ་ལ་དམིགས་ཏེ་ཀྲོའུ་ཨུད་དང་ཁུལ་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལ་གཞིགས་ནས་ལས་དོན་ཁག་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་ཅེས་ངོ་སྤྲོད་བྱས། རྫོང(གྲོང་ཁྱེར)ཁག་གིས“གཙང་མ་དང་། སྡོད་མལ། ཁྱད་ལྡན”བཅས་ཀྱི་གྲུབ་ཆ་ཆེན་པོ་གསུམ་དང་དམིགས་ཚད22ལ་གཞིགས་ནས་འཛུགས་སྐྲུན་རྣམ་གྲངས་ཁག་གཅིག(སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་གྱི་རྣམ་གྲངས44ལ་བསྡོམས་མ་དངུལ་སྒོར་དུང་ཕྱུར28.8624བཏང་བ་དང་། བདེ་ཆེན་རྫོང་གི་རྣམ་གྲངས32ལ་བསྡོམས་མ་དངུལ་སྒོར་དུང་ཕྱུར38.03བཏང་བ། འབའ་ལུང་རྫོང་གི་རྣམ་གྲངས62ལ་བསྡོམས་མ་དངུལ་སྒོར་དུང་ཕྱུར47.4623བཏང་བ)ཇུས་འགོད་བྱས་ཡོད། གོམ་སྟབས་རྗེས་མར་བདེ་ཆེན་ཀྲོའུ་ཡིས་རྣམ་གྲངས་དེ་དག་ལ་གཞིགས་ནས་གྲོང་ཁྱེར་གྱི་ནུས་པ་ཆེ་རུ་དང་རྣམ་པ་ནུས་ལྡན་ངང་ལེགས་སུ་བཏང་སྟེ་བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི“མཛེས་པའི་རྫོང་གྲོང”ཧུར་ཐག་བསྐྲུན་རྒྱུ་རེད།

ལོ་ལྟར་གྱི་ཟླ་གསུམ་པ་དང་བཞི་པའི་བར་གངས་འཁྱགས་རིམ་བཞིན་བཞུར་ནས་རྩྭ་རྩི་ཤིང་རིམ་བཞིན་སྔོན་པོར་གྱུར་བ་དང་། འབྲི་ཆུ་དང་རྫ་ཆུའི་འགྲམ་ནས་རི་མཐོའི་སྤང་ལྗོངས་དང་གངས་རིའི་གྲོག་རོང་བཅས་བར་ལས་བྱེད་མང་ཚོགས་ཚོས་འོས་འགན་ཤིང་འཛུགས་ནགས་བཟོའི་ནང་ཧུར་ཐག་ཞུགས་པའི་གཟུགས་བརྙན་གང་སར་མཐོང་རྒྱུ་ཡོད།

2018ལོ་ཁོ་ནར་ཁུལ་ཡོངས་ཀྱིས་འོས་འགན་ཤིང་རྐང་ཁྲི287བཏབ་པ་དང་རང་བྱུང་ནགས་ཚལ་དང་སྤྱི་ཕན་ནགས་ཚལ་གྱི་དོ་དམ་སྲུང་སྐྱོང་གི་ལས་གནས་2192བཏོད་པར་སྣོད་བཅུད་ཁ་གསབ་དངུལ་སྒོར་དུང་ཕྱུར3.26སྤྲད་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཁུལ་གྱིས“སྣོད་བཅུད་ལ་བརྟེན་ནས་ཀྲོའུ་འཛུགས་པའི”འཕེལ་རྒྱས་ཀྱི་འཐབ་ཇུས་དང་མཛེས་སྡུག་ལྡན་པའི་བདེ་ཆེན་བསྐྲུན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་དམ་པོར་དམིགས་ནས་དྲོད་རླངས་མཁོ་འདོན་གྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བས2018ལོར་སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་གྱི་གྲོང་ཁུལ་དུ“དུད་ཚང་དུ་དྲོད་རླངས་འཁྲིད་པའི”འདུ་འགོད་ཀྱིས་ཚ་དྲོད་མཁོ་འདོན་བྱེད་ཁྱོན་སྨི་ངོས་གྲུ་ཁྲི125ཟིན་ནས་བདེ་ཆེན་རྫོང་གྲོང་གི་དྲོད་རླངས་མཁོ་འདོན་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་སྤྱིར་ན་ལེགས་གྲུབ་ཟིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།