མདུན་ཤོག- ཆབ་སྲིད་འཚོ་བ།- གྱོད་ལྟར་ཁྲིམས་གླེང་།

ཁྱིམ་མཚེས་ཀྱིས་གཅེས་ཁྱི་གསོས་ནས་ངའི་འཚོ་བར་དཀྲོག་རྐྱེན་བྱུང་བར་ཁེ་དབང་ཇི་ལྟར་བསྲུང་དགོས།

    2009-12-31 16:11

བློ་མཐུན་རྩོམ་སྒྲིག་པ་ལགས།

       ངའི་ཁྱིམ་མཚེས་ཀྱིས་སྡོད་ཁང་དུ་ཁྱི་མང་པོ་གསོས་པར་མ་ཟད། ད་རུང་ཁྱིའི་ཚོང་རྒྱག་བཞིན་ཡོད། ཁྱིའི་ཟུག་སྐད་དང་བཟོད་དཀའ་བའི་དྲི་ངན་གྱིས་ངའི་འཚོ་བའི་གནོད་འཚེ་མི་ཉུང་བ་ཐེབས་པས། ངས་ཁྱིམ་མཚེས་ལ་སྡོད་ཁང་དུ་ཁྱི་གསོ་མཚམས་འཇོག་དགོས་པའི་རེ་བ་བཏོན་མོད། འོན་ཀྱང་ཁོས་ང་ལ་ཉེ་འགྲམ་གྱི་ཁྱིམ་མཚེས་གཞན་པར་བསམ་འཆར་མེད་པས། ཁྱོད་ཀྱིས་ཀྱང“མང་ཁ་ཉུང་ལེན”བྱེད་དགོས་ཟེར། འདིར་འདྲི་རྒྱུ་ཞིག་ནི་ཁོའི་བཤད་ཚུལ་འདི་ལུགས་མཐུན་ཡིན་ནམ།

ཀློག་པ་པོ་ཆོས་ལྡན་ནས།

ཀློག་པ་པོ་ཆོས་ལྡན་ལགས།

       《རྒྱུ་དབང་བཅའ་ཁྲིམས》ཀྱི་དོན་ཚན77པའི་ནང་དུ“ཁང་བདག་གིས་བཅའ་ཁྲིམས་དང་ཁྲིམས་སྲོལ། དེ་མིན་ད་རུང་དོ་དམ་གན་རྒྱ་བཅས་དང་འགལ་བའི་སྒོ་ནས་སྡོད་ཁང་དེ་ཚོང་གཉེར་རང་བཞིན་གྱི་ཁང་བར་བསྒྱུར་མི་ཆོག་ལ། ཁང་བདག་གིས་སྡོད་ཁང་དེ་ཚོང་གཉེར་རང་བཞིན་གྱི་ཁང་བར་བསྒྱུར་ན། བཅའ་ཁྲིམས་ཀྱི་ཁྲིམས་སྲོལ་དང་། དོ་དམ་གན་རྒྱ་བརྩི་སྲུང་བྱེད་དགོས་པར་མ་ཟད། ད་རུང་ཕན་གནོད་ཀྱི་འབྲེལ་བ་ཡོད་པའི་ཁྱིམ་མཚེས་ཚང་མའི་བསམ་འཆར་བསྡུ་ལེན་བྱེད་དགོས”ཅེས་གཏན་འཁེལ་བྱས་ཡོད་པ་རེད།

   ཆེས་མཐོའི་མི་དམངས་ཁྲིམས་ཁང་གི《ཨར་ལས་དངོས་པོ་ཡོད་སའི་བདག་དབང་རྩོད་གཞིའི་གྱོད་དོན་ཞིབ་གཅོད་བྱེད་པར་བཅའ་ཁྲིམས་གང་དག་སྤྱོད་པའི་སྐོར་གྱི་གནད་དོན་འགའི་གསལ་བཤད》ཅེས་པའི་དོན་ཚན10བའི་ནང་གི་གཏན་འཁེལ་ལྟར་ན། “ཁང་བདག་གིས་སྡོད་ཁང་དེ་ཚོང་གཉེར་རང་བཞིན་གྱི་ཁང་བར་བསྒྱུར་སྐབས། 《རྒྱུ་དབང་བཅའ་ཁྲིམས》ཀྱི་དོན་ཚན77པའི་གཏན་འཁེལ་ལྟར་ཕན་གནོད་ཀྱི་འབྲེལ་བ་ཡོད་པའི་ཁྱིམ་མཚེས་དག་གི་བསམ་འཆར་བསྡུ་ལེན་མ་བྱས་པའི་དབང་གིས། འབྲེལ་ཡོད་ཁྱིམ་མཚེས་ཀྱིས་གནོད་འཚེ་མེད་པར་བཟོ་དགོས་པའམ་ཡང་ན་ཉེན་ཁ་མེད་པར་བཟོ་བ། གྱོང་གུན་ལ་སྐྱིན་ཚབ་འཇལ་དགོས་པ་བཅས་ཀྱི་རེ་བ་བཏོན་པ་ཡིན་ན། མི་དམངས་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱེད་ངེས་ཡིན་ལ། སྡོད་ཁང་དེ་ཚོང་གཉེར་རང་བཞིན་གྱི་ཁང་བར་བསྒྱུར་བའི་ཁང་བདག་གིས་ཕན་གནོད་ཀྱི་འབྲེལ་བ་ཡོད་པའི་ཁྱིམ་མཚེས་མང་ཆེ་ཤས་ཀྱི་བསམ་འཆར་བསྡུ་ལེན་བྱས་ཏེ། འཐད་པ་བྱུང་བ་དང་དེ་ལ་དག་འབུད་བྱས་ན། མི་དམངས་ཁྲིམས་ཁང་གིས་རྒྱབ་སྐྱོར་མི་བྱེད་པ་རེད།

     ཁྱོད་ཀྱི་ཁྱིམ་མཚེས་ཀྱིས་སྡོད་ཁང་དུ་ཁྱི་གསོས་ཏེ་ཚོང་ལས་གཉེར་བ་དེ་ནི་དོན་དངོས་སུ་སྡོད་ཁང་དེ་ཚོང་གཉེར་གྱི་ལམ་དུ་བཀོལ་བ་རེད། དེ་བས་གོང་གི་བཅའ་ཁྲིམས་དང་ཁྲིམས་འཛིན་འགྲེལ་བཤད་ཀྱི་གཏན་འཁེལ་ལྟར་ན། ཁྱིམ་མཚེས་ཁང་བདག་གིས་ཁྱིམ་མཚེས་གཞན་པའི་བསམ་འཆར་བསྡུ་ལེན་བྱས་ནའང་། ཁེ་ཕན་གྱི་འབྲེལ་བ་ཡོད་པའི་ཁང་བདག་ཁྱོད་ཀྱི་བསམ་འཆར་བསྡུ་ལེན་བྱས་མེད་པས། སྡོད་ཁང་དེ་ཚོང་གཉེར་རང་བཞིན་གྱི་ཁང་བར་བཀོལ་མི་ཆོག །

ཞེས་བཅའ་ཁྲིམས་བློ་སྟོན་ཁང་ནས།