མདུན་ཤོག- ཆབ་སྲིད་འཚོ་བ།- བཅའ་ཁྲིམས་ཁྲིམས་སྲོལ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཐོ་རིམ་མི་དམངས་ཁྲིམས་ཁང་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཐོ་རིམ་མི་དམངས་ཞིབ་དཔྱོད་ཁང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྤྱི་བདེ་པུའུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁྲིམས་འཛིན་པུའུ་བཅས་ཀྱིས་བྲོས་བྱོལ་ཉེས་ཅན་མི་སྣས་རང་ཉེས་རང་ཞུ་བྱེད་པར་སྐུལ་མ་གཏོང་བའི་སྐོར་གྱི་བརྡ་ཁྱབ།

    2011-10-20 10:01

བརྡ་ཁྱབ།

     གུ་ཡངས་དང་དྲག་འཇུན་ཟུང་འབྲེལ་གྱི་ཉེས་དོན་སྲིད་ཇུས་ལག་ལེན་མཐར་ཕྱིན་དང། ཁྲིམས་ལྟར་ཁྲིམས་འགལ་བྱ་སྤྱོད་ལ་ཉེས་ཆད་བཅད་ནས་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱེད་པ། དུས་མཚུངས་སུ་ཉེས་བསགས་དོགས་ཡོད་མི་སྣ་དང་གཏུག་ཡུལ། ཉེས་ཅན་མི་སྣས་སྐྱོན་སྤང་གསར་བསྒྱུར་དང་ཆད་གཅོད་གུ་ཡངས་གཏོང་བར་བརྩོན་ལེན་བྱེད་པར་གོ་སྐབས་བསྐྲུན་ཆེད། ཉེས་ཁྲིམས་དང་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འཁེལ་ལ་གཞིགས་ཏེ་ཆེད་དུ་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

    དང་པོ། བྲོས་བྱོལ་ཉེས་ཅན་མི་སྣས་བརྡ་ཁྱབ་འདི་སྤེལ་བའི་ཉིན་མོ་ནས་བཟུང2011ལོའི་ཟླ12པའི་ཚེས1ཉིན་བར་དུ་སྤྱི་བདེ་ལས་ཁུངས་དང་མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་། བཙོན་ཁང་ངམ་ཡང་ན་རང་ཉིད་ཀྱི་ལས་ཁུངས་དང་ཤང་གྲོང་གི་གཞི་རིམ་རྩ་འཛུགས་སོགས་འབྲེལ་ཡོད་ལས་ཁུངས་དང་རྩ་འཛུགས་གཞན་དག་ལ་རང་སྐྱོན་ངོས་ལེན་བྱས་ནས་ཇི་མ་ཇི་བཞིན་དུ་ཉེས་དོན་གོང་ཞུ་བྱེད་མཁན་ལ་ཁྲིམས་ལྟར་གུ་ཡངས་དང་ཆད་གཅོད་ཇེ་ཡང་དུ་གཏོང་རྒྱུ་ཡིན་ལ། ཉེས་དོན་ཡང་མོ་ཡིན་ན་ཆད་པ་མེད་པར་བཟོས་ཆོག

    གཉིས་པ། ཉེས་ཅན་མི་སྣས་སྔོན་ལ་མི་གཞན་པར་མངག་བཅོལ་བྱས་ཏེ་རང་ཉེས་གོང་ཞུ་དང་ཡང་ན་ཡི་གེ་དང་གློག་འཕྲིན། ཁ་པར་སོགས་ཀྱི་ལམ་ནས་རང་ཉེས་རང་ཞུ་ཞུས་ཏེ། རྗེས་སུ་རང་ཉིད་དངོས་སུ་ཡོང་སྟེ་ཉེས་དོན་གོང་ཞུ་བྱེད་པ་དང་། ཡང་ན་སྤྱོད་ཚུལ་ལ་དོགས་པ་སྐྱེ་ནས་ཁྲིམས་འཛིན་ལས་ཁུངས་དང་འབྲེལ་ཡོད་རྩ་འཛུགས་ཀྱིས་འདྲི་ཞིབ་དང་སློབ་གསོ་བཏང་རྗེས་རང་འགུལ་སྒོས་ཁྲིམས་འཛིན་ལས་ཁུངས་ཀྱིས་མི་ཤེས་པའི་ཉེས་སྤྱོད་གོང་ཞུ་བྱེད་མཁན་རྣམས་རང་ཉེས་རང་ཞུ་ཞུས་པར་བརྩིས་ཆོག

    གསུམ་པ། བྲོས་བྱོལ་ཉེས་ཅན་མི་སྣའི་གཉེན་ཉེ་རྣམས་ཀྱིས་ཉེས་ཅན་མི་སྣར་ཁ་ཏ་སློབ་སྟོན་གནང་སྟེ་མགྱོགས་མྱུར་ངང་རང་ཉེས་རང་ཞུ་བྱེད་པར་ཡོང་དུ་འཇུག་དགོས། གཉེན་ཉེའི་ཁ་ཏར་ཉན་ནས་རང་ཉེས་གོང་ཞུ་བྱེད་མཁན་ནམ་ཡང་ན་གཉེན་ཉེས་རང་འགུལ་གྱིས་གྱོད་དོན་སྙན་སེང་ཞུས་རྗེས་ཉེས་དོན་མི་སྣ་ཁྲིམས་འཛིན་ལས་ཁུངས་ལ་སྤྲད་ན་རང་ཉེས་རང་ཞུ་ཞུས་པར་བརྩིས་ཆོག

    བཞི་བ། ཉེས་ཅན་མི་སྣས་མི་གཞན་པའི་ཉེས་དོན་བྱ་སྤྱོད་ཐེར་འདོན་དང་མཚང་འབྱིན་བྱས་ཏེ་བདེན་དཔང་ར་སྤྲོད་བྱུང་བ་དང་། ཡང་ན་ཁུངས་སྣེ་གལ་ཆེན་འདོན་སྤྲོད་བྱས་ཏེ་ཉེས་དོན་གཞན་པ་རྩད་ཆོད་བྱུང་བའམ་ཧུར་བརྩོན་སྒོས་ཁྲིམས་འཛིན་ལས་ཁུངས་ཀྱིས་ཉེས་ཅན་མི་སྣ་གཞན་པ་འཛིན་བཟུང་བྱེད་པ་སོགས་ལ་རོགས་སྐྱོར་བྱེད་མཁན་གྱི་ཉེས་ཅན་ལ་ཁྲིམས་ལྟར་གུ་ཡངས་དང་ཆད་པ་ཇེ་ཡང་དུ་གཏོང་རྒྱུ་ཡིན་ལ། བྱས་རྗེས་ཆེན་པོ་འཇོག་མཁན་ལ་ཁྲིམས་ལྟར་གུ་ཡངས་དང་ཆད་པ་མེད་པར་བཟོས་ཆོག

    ལྔ་བ། དུས་བཅད་ནང་རང་ཉེས་རང་ཞུ་བྱེད་དུ་མི་ཡོང་ན་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་ལྗིད་མོ་གཅོད་རྒྱུ་ཡིན་ལ། སྦས་སྐུང་དང་འགེབས་སྲུང་བྱས་ཏེ་ཉེས་ཅན་མི་སྣའི་ཉེས་སྤྱོད་བདེན་དཔང་མེད་པར་བཟོ་བ་དང་རྫུན་བཟོ་བྱེད་མཁན་ལ་ཁྲིམས་ལྟར་ཉེས་འགན་དཀྲི་རྒྱུ་ཡིན།

    དྲུག་པ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཧུར་བརྩོན་སྒོས་བྲོས་བྱོལ་ཉེས་ཅན་མི་སྣ་ཐེར་འདོན་བྱེད་པར་སྐུལ་འདེབས་དང་སྲུང་སྐྱོང་བྱས་ཏེ། བྲོས་བྱོལ་ཉེས་ཅན་མི་སྣས་རང་ཉེས་རང་ཞུ་བྱེད་པར་སྐུལ་སློང་དང་ཁ་ཏ་བྱེད་དགོས་ལ། ཐེར་འདོན་བྱེད་མཁན་དང་གཏུག་མཁན་ལ་འཇིགས་སྐུལ་དང་འཁོན་ལན་སློག་ནས་ཉེས་དོན་བཟོ་མཁན་ལ་ཁྲིམས་ལྟར་ཉེས་འགན་དཀྲི་རྒྱུ་ཡིན།

    བདུན་པ། བརྡ་ཁྱབ་འདི་སྤེལ་བའི་ཉིན་མོ་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན།  །

                                          

                                               2011ལོའི་ཟླ9བའི་ཚེས29ཉིན།