མདུན་ཤོག- ཆབ་སྲིད་འཚོ་བ།- གྱོད་ལྟར་ཁྲིམས་གླེང་།

སློབ་མར་རྩལ་སྦྱོང་སློབ་ཁྲིད་སྐབས་སུ་རྨས་སྐྱོན་བྱུང་ན་སློབ་གྲྭས་སྐྱིན་ཚབ་སྤྲོད་འགན་འཁུར་དགོས་སམ།

  ཡོང་ཁུངས། ཁྲིམས་ལུགས་ཚགས་པར།  2012-03-15 17:24

སློབ་ཆུང་ཞིག་ཏུ་རྩལ་སྦྱོང་དགེ་རྒན་གྱི་འགན་ཁུར་ཡོད་པའི་དཔལ་ཆེན་གྱིས་རྩལ་སྦྱོང་གི་སློབ་ཁྲིད་སྐབས་སུ་སློབ་མ་རྣམས་ཁག་གཉིས་སུ་བགོས་ཏེ་རྐང་རྩེད་སྤོ་ལོ་འགྲན་བསྡུར་བྱེད་དུ་བཅུག རྐང་རྩེད་སྤོ་ལོའི་འགྲན་བསྡུར་མཇུག་རྫོགས་རྗེས། དཔལ་ཆེན་སྐོམ་པའི་དབང་གིས་རྩལ་སྦྱོང་ར་བ་དང་ཁ་བྲལ་རྗེས་ཕྱིར་མ་ཡོང་བ་རེད། སློབ་མ་རྒྱ་མཚོའི་སློབ་གྲོགས་དང་ལྒང་ལི་འཕྲོག་རེས་བྱེད་སྐབས་སུ་སྟབས་མ་ལེགས་པར་ཐང་ལ་འགྱེལ་བ་དང་། རྐང་བ་གཡས་པར་རུས་ཆག་བཟོས། སློབ་གྲྭས་མྱུར་དུ་རྒྱ་མཚོའི་ཕ་མར་བརྡ་བརྒྱབ་པར་མ་ཟད། རླངས་འཁོར་གླས་ནས་རྒྱ་མཚོ་སྨན་ཁང་དུ་བསྐྱལ་པ་དང་། སྨན་ཡོན་སྒོར་ཉིས་བརྒྱ་སྔོན་སྤྲོད་བྱས། རྒྱ་མཚོ་སྨན་ཁང་ནས་ཟླ་གཅིག་ལ་བསྡད་པས། སྨན་ཡོན་སྒོར་སྟོང་ལྔ་དང་ལྔ་བརྒྱ་བཀོལ་བར་མ་ཟད། ཁོས་ཨ་མ་འབྲུག་མོ་སྐྱིད་ཀྱིས་ཀྱང་སྨན་ཁང་ནས་ནད་གཡོག་བྱེད་དགོས་པའི་དབང་གིས་ཟླ་གཅིག་རིང་ལ་ལས་ཀར་འགྲོ་མ་ཐུབ་པས། ལས་ཆག་འགྲོ་གྲོན་སྒོར་སྟོང་གསུམ་ལ་བསླེབས། རྒྱ་མཚོ་སྨན་ཁང་ནས་བུད་རྗེས། ཁོའི་ཨ་མ་འབྲུག་མོ་སྐྱིད་ཀྱིས་རྒྱ་མཚོའི་ཚབ་བྱས་ནས། ཁྲིམས་ཁང་ལ་གཏུགས་ནས་སྨན་བཅོས་འགྲོ་གྲོན་དང་འཚོ་བཅུད་འགྲོ་གྲོན། ལས་ཆག་འགྲོ་གྲོན་སོགས་བསྡོམས་པས་སྒོར་ཁྲི་གཅིག་གི་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན། སློབ་གྲྭའི་ཕྱོགས་ཀྱིས་སློབ་གྲྭར་རྒྱ་མཚོར་རྨས་སྐྱོན་བྱུང་བའི་ཐད་ནོར་འཁྲུལ་གང་ཡང་མེད་པ་དང་། རྒྱ་མཚོར་རྨས་སྐྱོན་བྱུང་རྗེས་དུས་ལྟར་ཕ་མར་བརྡ་བརྒྱབ་པ་དང་སྨན་ཁང་དུ་བསྐྱལ་བར་མ་ཟད། སྒོར་ཉིས་བརྒྱ་ཡི་སྨན་ཡོན་སྔོན་སྤྲོད་བྱས་པས། སློབ་གྲྭས་འཁུར་འོས་པའི་འོས་འགན་ཡོངས་རྫོགས་ཁུར་ཟིན་པར་འདོད་པ་དང་། སློབ་གྲྭའི་འཐུས་ཚབ་པས་ད་རུང་རྒྱ་མཚོ་སློབ་གྲྭའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་ནང་ཞུགས་པ་དེས་རྒྱ་མཚོ་རང་ཉིད་ཀྱིས་རྩལ་སྦྱོང་བྱ་འགུལ་འདིའི་ཁྲོད་དུ་གནས་པའི་ཉེན་ཁ་ཤེས་ཡོད་པར་མ་ཟད། ཉེན་ཁ་འདིའི་གནོད་འཚེ་དང་ལེན་བྱེད་རྒྱུར་འཐད་པ་བྱུང་ཡོད་པར་འདོད་ཀྱིན་ཡོད།

ཆེད་མཁས་པའི་དབྱེ་ཞིབ་བྱས་པ་ལྟར་ན།

གྱོད་གཞི་འདིའི་ནང་དུ་གཙོ་གནད་འགའ་ཡོད་པ་སྟེ། གཅིག་ནི་སློབ་གྲྭས་དེ་བསྟུན་གྱི་འགན་འཁྲི་གང་འདྲ་འཁུར་དགོས་པ་དང་། གཉིས་ནི་གྱོད་གཞི་འདིའི་ནང་སློབ་གྲྭར་ནོར་འཁྲུལ་ཡོད་མེད། གསུམ་ནི་རྩལ་སྦྱོང་བྱ་འགུལ་ཁྲོད་ཀྱི་ཉེན་ཁ་རང་གིས་ཤེས་དགོས་པ་དང་། རང་གིས་འགན་འཁུར་དགོས་པའི་གཞུང་ལུགས་དེ་གྱོད་གཞི་འདིའི་ནང་དུ་སྤྱད་ན་འོས་འཚམ་ཡིན་མིན་བཅས་ཡིན། གཙོ་གནད་དང་པོར་མཚོན་ན། རང་རྒྱལ་དམངས་ཁྲིམས་སྤྱི་སྲོལ་གྱི་གཞི་རྩའི་རྩ་དོན་དང་གནོད་འཚེའི་བཅའ་ཁྲིམས་ལམ་ལུགས་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་ན། སློབ་གྲྭས་སློབ་མར་གནོད་འཚེ་ཐེབས་པའི་དོན་རྐྱེན་ལ་སྐྱིན་ཚབ་ཀྱི་འགན་འཁྲི་འཁུར་དགོས་པའི་འགན་དཀྲིའི་རྩ་དོན་ནི“ནོར་འཁྲུལ་གྱི་འགན་འཁྲིའི་རྩ་དོན”ཡིན་པ་སྟེ། སློབ་མར་གནོད་འཚེ་ཐེབས་པའི་དོན་རྐྱེན་བྱུང་ན་སློབ་གྲྭས་རང་ཕྱོགས་ཀྱི་དོ་དམ་བྱ་སྤྱོད་ཐད་ཀྱི་ནོར་འཁྲུལ་དང་། ནོར་འཁྲུལ་དེ་དང་དོན་རྐྱེན་མཇུག་འབྲས་བར་གྱི་རྒྱུ་འབྲས་འབྲེལ་བ་གཞིར་བཟུང་ནས་དེ་བསྟུན་གྱི་འགན་འཁྲི་འཁུར་དགོས་ལ། ནོར་འཁྲུལ་གང་ཡང་མེད་ན་འགན་འཁྲི་འཁུར་མི་དགོས་པ་རེད། གཙོ་གནད་གཉིས་པར་མཚོན་ན། གྱོད་གཞི་འདིའི་ནང་གི་དགེ་རྒན་དཔལ་ཆེན་ལ་ནོར་འཁྲུལ་ཡོད་པ་སྟེ། ཐོག་མར་དགེ་རྒན་དཔལ་ཆེན་གྱིས་སློབ་ཆུང་གི་སློབ་མ་སློབ་ཐུན་ཧྲིལ་བོར་རྐང་རྩེད་སྤོ་ལོ་རྩེད་དུ་བཅུག་ན། སློབ་ཆུང་སློབ་མའི་ལུས་ཟུངས་ཀྱི་ཐེག་ཚད་ལས་བརྒལ་ཡོད་པས། ཉེན་ཁ་འབྱུང་སླ་བ་ཤེས་མེད་པ་དང་། དེ་ནས་དགེ་རྒན་དཔལ་ཆེན་འགྲན་བསྡུར་མཇུག་མ་རྫོགས་གོང་རྩལ་སྦྱོང་ར་བ་དང་ཁ་བྲལ་བས། ཁོས་བྱ་སྤྱོད་ཀྱི་སྟེང་ནས་སློབ་མར་ཁྲིད་སྟོན་དང་སྲུང་སྐྱོང་བྱེད་དགོས་པའི་འགན་འཁྲི་མ་འཁུར་པ་རེད། དགེ་རྒན་དཔལ་ཆེན་གྱི་བྱ་སྤྱོད་དེས་སློབ་གྲྭའི་འགན་འཁྲིའི་བྱ་སྤྱོད་མཚོན་ཡོད་པའི་དབང་གིས་གྱོད་གཞི་འདིའི་ནང་དུ་སློབ་གྲྭའི་ཕྱོགས་སུ་ནོར་འཁྲུལ་ལྡན། གཙོ་གནད་གསུམ་པ་སྟེ་རྩལ་སྦྱོང་བྱ་འགུལ་ཁྲོད་ཀྱི་ཉེན་ཁ་རང་གིས་ཤེས་དགོས་པ་དང་རང་གིས་འགན་ཁུར་དགོས་པ་ཞེས་པ་དེ་ནི་རྩལ་སྦྱོང་གི་བྱ་འགུལ་ཁྲོད་དུ་སྤྱིར་བཏང་དུ་མི་ལུས་ལ་ཉེན་ཁ་ངེས་ཅན་ཞིག་ལྡན་པ་དང་། གནོད་འཚེ་ཐེབས་མཁན་བྱ་འགུལ་དེར་ཞུགས་རྒྱུར་འཐད་པ་བྱུང་ན། དེའི་ཁྲོད་ཀྱི་ཉེན་ཁར་ངོས་ཟིན་ཡོད་པ་མཚོན་ཡོད་པར་མ་ཟད། གནོད་འཚེ་ཐེབས་མཁན་བྱ་འགུལ་ལ་ཞུགས་པའི་བྱ་སྤྱོད་དེས་རང་འཐད་སྒོས་གནོད་འཚེའི་མཇུག་འབྲས་འཁུར་རྒྱུར་འཐད་པ་བྱུང་བ་མཚོན་ཡོད་པས། དམངས་དོན་འགན་འཁྲི་གང་ཡང་འཁུར་མི་དགོས། གཞུང་ལུགས་འདིའི་རིགས་ལ་བཅའ་ཁྲིམས་སྟེང་དུ་གཏན་འཁེལ་གསལ་བོ་མེད་ནའང་། ལག་ལེན་ཁྲོད་དུ་བཀོལ་སྤྱོད་བྱེད་ཀྱིན་ཡོད་མོད། འོན་ཀྱང་གྱོད་གཞི་འདིའི་ཁྲོད་དུ་གཞུང་ལུགས་དེ་བཀོལ་སྤྱོད་བྱེད་མི་ཆོག རྒྱུ་མཚན་ནི་རྒྱ་མཚོ་ལོ་ན་དགུ་མ་གཏོགས་སོན་མེད་པས། བྱ་འགུལ་དེའི་ཁྲོད་ཀྱི་ཉེན་ཁར་ངོས་འཛིན་གྱི་ནུས་པ་ལེགས་པོ་ཞིག་མེད་ལ། དེ་ལས་ཀྱང་གལ་ཆེ་བའི་རྒྱུ་རྐྱེན་ཞིག་ནི་རྒྱ་མཚོ་ནི་ལོ་ན་དགུ་ལ་མ་གཏོགས་སོན་མེད་པའི་སློབ་ཆུང་གི་སློབ་མ་ཞིག་ཡིན་པས། ཁོ་བྱ་འགུལ་དེར་ཞུགས་རྒྱུ་འཐད་མིན་དང་དེའི་ཁྲོད་ཀྱི་ཉེན་ཁར་ངོས་ཟིན་ཐོབ་ཡོད་མེད་གང་ཡིན་རུང་དགེ་རྒན་དཔལ་ཆེན་གྱི་བཀོད་སྒྲིག་ལ་དགག་ལན་སློག་རྒྱུའི་ནུས་པ་མེད་པས། སློབ་ཁྲིད་སྐབས་ཀྱི་སློབ་གསོའི་རྣམ་པ་ལྡན་པའི་འགྲན་བསྡུར་དེའི་ཁྲོད་དུ་མི་ཞུགས་ཐབས་མེད་རེད། དེའི་རྐྱེན་གྱིས་རྩལ་སྦྱོང་བྱ་འགུལ་ཁྲོད་ཀྱི་ཉེན་ཁ་རང་གིས་ཁས་ལེན་པ་དང་རང་གིས་འགན་འཁུར་དགོས་པའི་གཞུང་ལུགས་དེ་གྱོད་གཞི་འདིའི་ནང་དུ་སྤྱོད་མི་འོས། མདོར་བསྡུས་ན་སློབ་གྲྭར་ནོར་འཁྲུལ་ཡོད་པ་དང་གནོད་འཚེ་ཐེབས་མཁན་ལའང་ཉེན་ཁ་རང་གིས་ཤེས་དགོས་པ་དང་རང་གིས་འགན་འཁུར་དགོས་པའི་གནད་དོན་མི་ལྡན་པས། སློབ་གྲྭས་ངེས་པར་དུ་སྐྱིན་ཚབ་སྤྲོད་འགན་འཁུར་དགོས།  །