མདུན་ཤོག- ཆབ་སྲིད་འཚོ་བ།- གྱོད་ལྟར་ཁྲིམས་གླེང་།

སློབ་གྲོགས་ལ་འཕྱ་དམོད་བྱས་ན་ཁྲིམས་འགལ་ཡིན་ནམ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2012-03-18 10:42

[གྱོད་དོན།]

ང་ནི་སློབ་འབྲིང་སློབ་གྲྭའི་སློབ་མ་ཞིག་ཡིན་ལ། ང་ཚོའི་འཛིན་གྲྭའི་སློབ་གྲོགས་ཁ་ཤས་ཀྱིས་སློབ་གསེང་སྐབས་སུ་དུས་རྒྱུན་ཕན་ཚུན་བདའ་རེས་རྒྱག་རེས་བྱེད་པ་དང་། རྣར་གཟན་པའི་འཕྱ་དམོད་ཀྱི་ཚིག་གིས་ཕན་ཚུན་སྡུག་དམོད་བྱེད་པ། ད་དུང་ཕན་ཚུན་གྱི་མཚང་མིང་ནས་བོས་ཏེ་མི་གཞི་ལ་དམའ་འབེབས་བྱེད་པ་སོགས་ལ་ཧ་ཅང་གོམས་ཡོད། མཚམས་ལན་རེར་སློབ་གྲོགས་ལ་ཐུབ་ཚོད་ཀྱིས་འཕྱ་དམོད་བྱེད་པར་མ་ཟད། ཐད་ཀར་དུ་གཞན་གྱིས་མཚན་སྙན་ལ་གནོད་པའི་གསང་བའང་མི་མང་ཚོགས་ས་ནས་ཕྱི་ལ་སྒྲོག་བཞིན་ཡོད། ངས་ཁོ་ཚོའི་སྐད་ཆ་དེ་དག་ཐོས་རྗེས་སྣང་བ་ཧ་ཅང་མི་སྐྱིད་པར་སློབ་ཁྲིད་ལའང་ཉན་མི་འདོད་ཅིང་། སློབ་གྲོགས་གཞན་གྱིས་ང་ལ་མཚང་མིང་བཏགས་ཏེ་བོས་ཚེ་བཟོད་ཐབས་བྲལ་བའི་ཁྲོང་ཁྲོ་ལངས་སྲིད། དེ་བས། བློ་སྟོན་ཁྲིམས་ཁང་གིས་ཁོ་ཚོའི་བྱ་སྤྱོད་དེ་ངོ་བོ་གང་ལ་གཏོགས་པ་དང་། ཁྲིམས་འགལ་ཡིན་མིན་ཐད་དྲང་འདེན་གྱི་ལན་ཞིག་འདེབས་པར་འཚལ།

[གྱོད་དོན་དབྱེ་ཞིབ།]

བདའ་རེས་རྒྱག་རེས་བྱས་ཏེ་རྩེ་བ་ནི་ན་གཞོན་ཚང་མའི་རང་གཤིས་ཤིག་རེད། དེ་ལ་རྣམ་པ་འང་སྣ་ཚོགས་ཡོད། ཡིན་ནའང་ན་གཞོན་རྣམས་རྩེད་འཇོར་གཡེང་དུས་ཡར་སེམས་བཅངས་རྒྱུ་ཧ་ཅང་གཙོ། ཁྱོད་ཀྱིས་བསྐུར་བའི་འཕྲིན་ཡིག་ནང་ལྟར་སློབ་གྲོགས་ལ་ལ་ལས་སྐད་ཆ་ལ་མཉམ་མ་བཞག་པར། རྣར་གཟན་པའི་སྐད་ཆས་གཞན་ལ་སྡུག་དམོད་དང་འཕྱ་དམོད་བྱས་ཏེ་རང་ཉིད་ཀྱི་སྤྲོ་བ་འཕེལ་བ་དང་ཡང་ན་གཞན་གྱི་གསང་བ་ཕྱི་ལ་བསྒྲགས་ནས་རང་ཉིད་ཀྱི་འཁོན་སེམས་སེལ་བ་ནི་རྩེད་འཇོར་གཡེང་བའི་ཁྱབ་ཁོངས་ལས་བརྒལ་ཞིང་། ཀུན་སྤྱོད་མི་གཙང་ལ་སྒྲིག་ལམ་དང་འགལ་བ་ཞིག་ཀྱང་རེད། ད་དུང་བྱ་སྤྱོད་དེ་རིགས་ཚད་ངེས་ཅན་ཞིག་ལ་ཐོན་ན་ཁྲིམས་འགལ་ཡང་ཡིན་སྲིད། རང་རྒྱལ《དམངས་ཁྲིམས་སྤྱི་སྲོལ》གྱི་དོན་ཚན101པའི་གཏན་ཁེལ་ལྟར་ན། “སྤྱི་དམངས་དང་ཁྲིམས་མིས་མཚན་སྙན་ཁེ་དབང་ལོངས་སྤྱོད་བྱེད་བཞིན་ཡོད། སྤྱི་དམངས་ཀྱི་མི་ལུས་ཐོབ་ཐང་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་ཅིང་། འཕྱ་དམོད་ཀྱི་ཚིག་དང་སྒྲོ་འདོགས་སོགས་ཀྱི་རྣམ་པས་སྤྱི་དམངས་དང་ཁྲིམས་མིའི་མཚན་སྙན་ཁེ་དབང་ལ་གནོད་འཚེ་གཏོང་བ་གཏན་འགོག་བྱ་དགོས”དོན་ཚན120པའི་གཏན་ཁེལ་ལྟར་ན། “སྤྱི་དམངས་ཀྱི་རུས་མིང་དབང་ཆ་དང་འདྲ་པར་དབང་ཆ། མཚན་སྙན་དབང་ཆ། སྙན་གྲགས་དབང་ཆ་བཅས་ལ་གནོད་པ་ཐེབས་ཚེ། གནོད་འཚེ་མཚམས་བཞག་སྟེ་མཚན་སྙན་སླར་གསོ་བྱེད་པ་དང་ཤུགས་རྐྱེན་ངན་པ་མེད་པར་བཟོས་ནས་དགོངས་དག་ཞུ་བར་རེ་བ་འདོན་པའི་དབང་ཆ་ཡོད་པར་མ་ཟད། ད་དུང་གྱོང་གུད་ལ་སྐྱིན་ཚབ་འཇལ་བའི་རེ་བའང་བཏོན་ཆོག” “ཉེས་ཁྲིམས”ཀྱི་དོན་ཚན246པའི་གཏན་ཁེལ་ལྟར་ན། དྲག་ཤུགས་སམ་ཡང་ན་གཉན་པའི་བྱེད་ཐབས་ཀྱིས་ཡོངས་གྲགས་སྒོས་མི་གཞན་ལ་སྒྲོ་འདོགས་བྱས་པའི་གནས་ཚུལ་ཚབས་ཆེན་ཡིན་ཏེ། འཕྱ་དམོད་ཉེས་པ་དང་སྒྲོ་འདོགས་ཉེས་པ་གྲུབ་ཡོད་ཚེ། ལོ3མན་གྱི་དུས་བཀག་བཙོན་འཇུག་གམ་བཀག་ཉར། ཡང་ན་ཆབ་སྲིད་དབང་ཆ་ལེན་པའི་ཁྲིམས་ཆད་གཅོད་དགོས། འཕྱ་དམོད་བྱེད་པ་དང་སྒྲོ་འདོགས་བྱེད་པ། གསང་བ་ཕྱིར་འདོན་བྱེད་པ་བཅས་ནི་མི་གཞན་གྱི་མཚན་སྙན་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཅིག་རེད། གཏན་ཁེལ་ལྟར་ན། བྱ་སྤྱོད་འདི་རིགས་དམངས་དོན་བཅའ་ཁྲིམས་དང་འགལ་བ་ཡིན་པས་དམངས་དོན་འགན་འཁྲི་འཁུར་དགོས། གནས་ཚུལ་ཚབས་ཆེན་ཡིན་ཏེ་ནག་ཉེས་གྲུབ་ཡོད་ཚེ་ཉེས་དོན་འགན་འཁྲི་འཁུར་དགོས། ཁྱོད་ཚོའི་འཛིན་གྲྭའི་སློབ་གྲོགས་ཁ་ཤས་ཀྱིས་མི་མང་འདུ་ས་ནས་གཞན་ལ་དམའ་འབེབས་དང་འཕྱ་དམོད་བྱེད་པ་དེ། ཡང་བའི་སྒོ་ནས་བཤད་ན་ཀུན་སྤྱོད་ངན་པའི་བྱ་སྤྱོད་ཅིག་ཡིན་པས་སྐྱོན་བརྗོད་སློབ་གསོ་གཏོང་འོས། ལྕི་བའི་སྒོ་ནས་བཤད་ན་མི་གཞན་གྱི་མཚན་སྙན་ཁེ་དབང་ལ་གནོད་འཚེ་བཏང་བ་ཡིན་པས་སྡུག་དམོད་ནག་ཉེས་གྲུབ་སྲིད། ཁྱོད་ཀྱིས་དགེ་རྒན་ལ་རམ་འདེགས་བྱས་ཏེ་སློབ་གྲོགས་དེ་ཚོར་སྐྱོན་བརྗོད་སློབ་གསོ་སྤེལ་འོས་པར་མ་ཟད། ཁོ་ཚོར་བཅའ་ཁྲིམས་རྒྱུན་ཤེས་འདི་དག་བཤད་ནས་བྱ་སྤྱོད་དེ་ཡིས་རང་ཉིད་ཀྱིས་ཁྲིམས་ཆད་འཁུར་བའི་མཇུག་འབྲས་འབྱུང་སྲིད་པ་ཤེས་སུ་འཇུག་དགོས།  །