མདུན་ཤོག- ཆབ་སྲིད་འཚོ་བ།- གྱོད་ལྟར་ཁྲིམས་གླེང་།

གནས་ཚུལ་ཅི་ཡང་མི་ཤེས་པའི་ཆུང་མས་དོན་འདིའི་འགན་འཁུར་དགོས་སམ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2012-03-25 10:57

[གྱོད་དོན]

  ང་དང་ལྕགས་བྷ་ནི་ལོ་མང་པོ་ཞིག་གི་བློས་ཐུབ་ཀྱི་གྲོགས་པོ་ཡིན་ཞིང་། ན་ནིང་ཁོས་རང་ཉིད་ཀྱི་ཚོང་ལས་རྒྱ་ཆེར་གཏོང་བའི་འཆར་གཞི་བཀོད་དེ་ཡིད་རྟོན་ཁང་ནས་སྒོར་ཁྲི10བསྐྱིས་པར་མ་ཟད། རྫོང་ཐོག་གི་ལས་ཁུངས་ག་གེ་མོ་ཞིག་ན་རྩིས་གཉེར་པའི་བྱ་བ་གཉེར་བཞིན་པའི་ངས་ཁོ་ཚོའི་བར་དུ་ཁག་ཐེག་བྱ་རྒྱུའི་རེ་བ་བཏོན་ལ། ངས་ཀྱང་ང་ཚོ་ལོ་དུ་མའི་གྲོགས་པོ་བཟང་བོ་ཡིན་པའི་ཁ་ངོ་ལ་བལྟས་ནས་དོན་དེ་ཁས་ལེན་བྱས་མོད། འོན་ཀྱང་རང་གི་ཆུང་མ་ལ་དོན་དེའི་སྐོར་ནས་གྲོས་བསྡུར་དང་ཁ་བརྡ་ཅི་ཡང་མ་བྱས། ཡིན་ནའང་བསམ་ཡིད་ལས་འདས་པ་ཞིག་ལ་ལྕགས་བྷ་ཡི་ལག་ཏུ་བདེ་བླག་ངང་སྒོར་ཁྲི10འབྱོར་ནས་ཟླ་ལྔ་དྲུག་ཙམ་འགོར་རྗེས་གར་སོང་ཆ་མེད་དུ་གྱུར་སོང་། བསྐྱིས་སྒོར་སྟེར་བའི་དུས་ཚོད་ལ་ཐོན་ཚེ་ཡིད་རྟོན་ཁང་གིས་ཁག་ཐེག་བྱེད་མཁན་ང་དང་ད་དུང་ངའི་ཆུང་མ་གཉིས་མཉམ་དུ་མི་དམངས་ཁྲིམས་ཁང་ལ་གཏུག་སྟེ་ངེད་བཟའ་ཟླ་གཉིས་ཀྱིས་བསྐྱིས་སྒོར་དེ་ཕྱིར་འཇལ་དགོས་པའི་རེ་བ་བཏོན། དེ་བས། འདི་ནས་འདྲི་རྒྱུ་ཞིག་ནི། ངས་ལྕགས་བྷ་ལ་ཁག་ཐེག་བྱེད་དུས་ཆུང་མ་ཡིས་དེའི་གནས་ཚུལ་ཅི་ཡང་མི་ཤེས། དེས་ན་མོས་དོན་འདིའི་འགན་འཁྲི་འཁུར་དགོས་སམ།

[གྱོད་དོན་དབྱེ་ཞིབ]

  གྱོད་གཞི་འདིའི་རྩོད་གླིང་གི་གནད་འགག་གཙོ་བོ་ནི་ཁྱོད་ཀྱིས་ལྕགས་བྷ་ཡིས་བསྐྱིས་སྒོར་བར་ཁག་ཐེག་བྱས་པའི་བྱ་སྤྱོད་དེ་ཁྱོད་ཀྱི་ཆུང་མར་འབྲེལ་བ་ཡོད་མེད་དང་། ཁྱོད་ཀྱི་ཆུང་མས་ཀྱང་ཁྱོད་དང་མཉམ་དུ་ཁག་ཐེག་འགན་འཁྲི་འཁུར་དགོས་མིན་དེ་རེད། གྱོད་གཞི་འདིའི་ཁྲོད་ཡིད་རྟོན་ཁང་ཁྱོད་རང་ཁག་ཐེག་བྱེད་མིར་འཐད་པ་བྱུང་བ་དེ་ཁོ་ཚོས་ཁྱོད་ལ་ཡིད་རྟོན་བྱས་ཆོག་མིན་གྱི་གནས་ཚུལ་ལ་རྩད་གཅོད་ཞིབ་མོ་བྱས་ཡོད་པས་ཡིན། ཁྱོད་ཀྱི་ཡིད་རྟོན་དང་ཁྱོད་ཀྱི་ཆུང་མའི་ཡིད་རྟོན་གཉིས་ནི་བལྟོས་བཅས་ཀྱིས་རང་རང་སོ་སོ་ཡིན། ཡིད་རྟོན་ཁང་གིས་ཁྱོད་ལ་ཡིད་རྟོན་བྱས་ཆོག་པར་བསམ་ནས་ཁྱོད་རང་ཁག་ཐེག་བྱེད་མིར་འཐད་པ་བྱུང་བ་རེད། དུས་མཚུངས་སུ། བསྐྱིས་སྒོར་འདིའི་ཁག་ཐེག་མངོན་གསལ་གྱིས་ཁྱིམ་ཚང་གི་དུས་རྒྱུན་འཚོ་བའི་ཁྱབ་ཁོངས་ལས་བརྒལ་ཡོད་པ་རེད། འབྲེལ་ཡོད་བསྐྱིས་སྒོར་ཡང་ཁྱིམ་ཚང་སྤྱིའི་འཚོ་བའི་ཁྲོད་བཀོལ་སྤྱོད་བྱས་མེད། དོན་དངོས་ཀྱིས་ཀྱང་ཁྱོད་ཀྱི་ཆུང་མས་གནས་ཚུལ་དངོས་མི་ཤེས་པ་བདེན་དཔང་བྱེད་ཐུབ། དེའི་རྐྱེན་གྱིས་བསྐྱིས་སྒོར་འདི་ནི་ཁྱོ་ཤུག་སྤྱིའི་བུ་ལོན་གྱི་ཁོངས་སུ་མི་གཏོགས།  །