མདུན་ཤོག- ཆབ་སྲིད་འཚོ་བ།- གྱོད་ལྟར་ཁྲིམས་གླེང་།

མོས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཇི་ལྟར་འགེབས་སྲུང་བྱ་དགོས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2012-03-25 11:01

[གྱོད་དོན]

  ལོ་གཉིས་ཀྱི་སྔོན་དུ་བུ་མོ་ཤ་བོ་མཚོ་མོ་སྡེ་བ་གཞན་དུ་གནས་ལ་སོང་བ་དང་ཆབས་ཅིག་ཁྱིམ་ཐོའང་སྡེ་བ་དེར་སྤར། མ་བསམ་ས་ནས་དུས་ཡུན་རིང་བོ་མ་འགོར་བར་མོའི་ཁྱོ་ག་ནད་ཀྱིས་མནར་ཏེ་ཚེ་ལས་འདས། ཕྱིས་སུ་མོ་ཕྱིར་ཕ་ཡུལ་སྟག་ལུང་ལ་ལོག་ཅིང་ཁྱིམ་ཐོའང་ཡང་བསྐྱར་ཕྱིར་སྤར། སྔར་གྱི་འགན་ལེན་ས་ཞིང་མོ་རང་གནས་ལ་སོང་བ་དང་བསྟུན་ནས་མེད་པར་གྱུར་སོང་། འོན་ཀྱང་གནས་ཡུལ་ནས་མོ་ལ་ས་ཞིང་འགན་ལེན་བདག་གཉེར་དབང་ཆ་མ་ཐོབ། ཤ་བོ་མཚོ་མོ་ཕྱིར་ཕ་ཡུལ་ལ་ལོག་རྗེས་ས་ཞིང་འགན་ལེན་བྱེད་པའི་རེ་བ་བཏོན་མོད། འོན་ཀྱང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་མོའི་རེ་བ་དང་ལེན་མ་བྱས་པར་ལོ་གཅིག་ཙམ་འགོར། ད་ལོའི་ལོ་སྟོད་དུ་སྡེ་བས་རིམ་པ་གཉིས་པའི་ས་ཞིང་འགན་ལེན་བཅོས་སྒྲིག་བྱེད་མགོ་བརྩམས་ལ། སྡེ་བའི་ནང་བཞག་པའི་གན་རྒྱ་དེ་ལོ50ལ་མི་འགྱུར་ཟེར། སྐབས་དེར་རྒྱལ་ཁབ་ཀྱིས་གཞུང་ལམ་ལས་བཞིན་ཡོད་པས་སྡེ་བའི་ས་ཞིང་ཆ་ཤས་བསྡུ་ལེན་བྱས་པར་ཁ་གསབ་དངུལ་བྱིན། སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཆ་སྙོམས་བྱས་ནས་སྡེ་མི་རེ་ལ་སྒོར3000བགོས། ཤ་བོ་མཚོ་མོས་ཡང་བསྐྱར་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་ས་ཞིང་འགན་ལེན་བྱེད་པར་མ་ཟད། ད་དུང་མོ་ལའང་སྒོར3000བགོ་དགོས་པའི་རེ་བ་བཏོན། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་མི་རྣམས་ཀྱིས་གྲོས་བྱས་པར་སྡེ་མི་མང་པོ་ཞིག་གི་བསམ་པར། “གནས་ལ་བྱིན་པའི་བུ་མོ། བྲག་ལ་འཕངས་པའི་མདའ་མོ”ཞེས་པ་ལྟར་མོ་སྡེ་བ་གཞན་གྱི་མི་རུ་གྱུར་ཟིན་པས་ས་ཞིང་བགོ་མི་འོས་ལ། དེ་ཐེངས་ཀྱི་འགན་ལེན་ད་ལོ50ལ་མི་འགྱུར་བས་ཤ་བོ་མཚོ་མོ་ད་དུང་ལོ་ཆུང་ཡིན་ཞིང་ནམ་ཞིག་གི་ཚེ་གནས་ལ་འགྲོ་ཁོ་ཐག་ཡིན་པས་ས་ཞིང་ཁ་གསབ་དངུལ་ཡང་སྟེར་མི་འོས་སྙམ། དེ་བས་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྡེ་མི་ཚོའི་བསམ་ཚུལ་ལྟར་ཐག་གཅོད་བྱས། འདིར་འདྲི་རྒྱུ་ཞིག་ནི། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཐག་གཅོད་དེ་ཁྲིམས་མཐུན་ཞིག་ཡིན་ནམ་མིན།

[གྱོད་དོན་དབྱེ་ཞིབ]

  ཤ་བོ་མཚོ་མོ་ལ་ས་ཞིང་འགན་ལེན་དབང་ཆ་ཐོབ་འོས་ལ། ས་ཞིང་ཁ་གསབ་དངུལ་ཡང་ཐོབ་འོས། རང་རྒྱལ་གྲོང་སྡེའི་ས་ཞིང་འགན་ལེན་བཅའ་ཁྲིམས་ཀྱི་དོན་ཚན30པའི་གཏན་ཁེལ་ལྟར་ན། འགན་ལེན་དུས་ཡུན་ནང་བུད་མེད་གཉེན་སྒྲིག་བྱས་ཏེ་གནས་ཡུལ་ནས་འགན་ལེན་ས་ཞིང་མ་ཐོབ་ཚེ་འགན་སྤྲོད་མཁན་གྱིས་སྔར་གྱི་འགན་ལེན་ས་ཞིང་བླངས་མི་ཆོག བུད་མེད་གཉེན་འཐོར་བྱས་པའམ་ཡང་ན་བཟའ་ཟླ་ཤི་རྗེས་སྔར་གྱི་ས་ནས་འཚོ་བ་རོལ་མ་རོལ་ཡང་སྡོད་གནས་གསར་བ་ནས་འགན་ལེན་ས་ཞིང་མ་ཐོབ་ཚེ་འགན་སྤྲོད་མཁན་གྱིས་སྔར་གྱི་འགན་ལེན་ས་ཞིང་བླངས་མི་ཆོག བུད་མེད་ཀྱི་ཁེ་ཕན་ཁག་ཐེག་བཅའ་ཁྲིམས་ཀྱི་དོན་ཚན30པའི་ནང་བྱེ་བྲག་མངོན་གསལ་གྱིས་གཏན་ཁེལ་བྱས་དོན། ཞིང་སྡེ་ནས་འགན་འཁྲིའི་ས་ཞིང་དང་རྨོ་ཞིང་བགོ་བའམ་གཞིས་ས་ཆོག་མཆན་གནངས་པར་སྐྱེས་པ་དང་བུད་མེད་ལ་འདྲ་མཉམ་གྱི་ཁེ་དབང་ཡོད་ཅིང་། སྐྱེས་མའི་ཁེ་དབང་ལ་གནོད་འཚེ་སྐྱེལ་མི་རུང་། བུད་མེད་གཉེན་སྒྲིག་དང་གཉེན་འཐོར་བྱས་རྗེས་ཀྱི་འགན་འཁྲི་ས་ཞིང་དང་རྨོ་ཞིང་། གཞིས་ས་སོགས་ལ་ཁག་ཐེག་ཐོབ་འོས། གོང་གི་བཅའ་ཁྲིམས་ཀྱི་གཏན་ཁེལ་དག་ལ་གཞིགས་ན། ཤ་བོ་མཚོ་མོ་ཡིས་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་བཏོན་པའི་རེ་བ་དེ་ནི་ཁྲིམས་མཐུན་ཡིན་པས། གལ་ཏེ་མོས་མི་དམངས་ཁྲིམས་ཁང་སོགས་ཁྲིམས་འཛིན་ལས་ཁུངས་ལ་གཏུག་ན་དེ་དག་གིས་མོའི་ཁྲིམས་མཐུན་ཁེ་དབང་ལ་རྒྱབ་སྐྱོར་བྱེད་ཁོ་ཐག་ཡིན་ནོ།  །