མདུན་ཤོག- ཆབ་སྲིད་འཚོ་བ།- གྱོད་ལྟར་ཁྲིམས་གླེང་།

ཟ་ཁང་གི་སྒོ་ཡིས་འགྲུལ་བར་རྨས་སྐྱོུན་བཟོས་ན་སུས་འགན་འཁུར་དགོས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2012-03-25 11:01

[གྱོད་དོན]

  ན་ནིང་གི་ཟླ12པར། ང་རང་ཟ་ཁང་ཞིག་ཏུ་ཟ་མ་བཟའ་རུ་འགྲོ་བའི་གོ་རིམ་ཁྲོད་མཉམ་མ་བཞག་པར་ཟ་ཁང་གི་ཤེལ་གྱིས་བཟོས་པའི་སྒོ་ལ་གདོང་ཐུག་བརྒྱབ་ནས་རྨས་སྐྱོན་བཟོས་ཤིང་། རྗེས་སུ་སྨན་བཅོས་བྱས་པར་སྨན་ཡོན་སྤྱི་བསྡོམས་པས་སྒོར2940བཏང་། སྨན་ཁང་ལས་ཕྱིར་བུད་རྗེས་ངས་སྨན་བཅོས་བྱས་པའི་འཛིན་ཡིག་རྣམས་བཟུང་སྟེ་ཟ་ཁང་དེའི་འགན་འཁུར་མི་སྣ་བཙལ་ནས་གྱོང་གུད་ལ་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན་ལ། ཟ་ཁང་གིས་ང་རང་ཁོ་ཚོའི་ཤེལ་གྱིས་བཟོས་པའི་རེ་བ་བཏོན་ལ། ཟ་ཁང་གིས་ང་རང་ཁོ་ཚོའི་ཤེལ་གྱི་བཟོས་པའི་སྒོ་ལ་གདོང་ཐུག་བརྒྱབ་སྟེ་རྨས་སྐྱོན་ཕོག་པ་ཁས་ལེན་མོད། འོན་ཀྱང་དེ་ནི་ང་རང་གིས་མཉམ་མ་བཞག་པར་བཟོས་པའི་མཇུག་འབྲས་ཡིན་པས་སྐྱིན་ཚབ་འཇལ་མི་ཐུབ་ཟེར། སྐབས་དེར་ཟ་ཁང་གི་སྒོའི་སྟེང་དུ་མངོན་གསལ་གྱི་མཚོན་རྟགས་ཅི་ཡང་མེད་པར་མ་ཟད། གསལ་བརྡ་རང་བཞིན་གྱི་ཉེན་བརྡའི་ཡི་གེའང་ཅི་ཡང་མེད། དེ་བས་ངས་དུས་ཐོག་དེར་སྒོ་ཕྱེས་ཡོད་པར་བསམས་ནས་གདོང་ཐུག་བརྒྱབ་པ་རེད། འདིར་འདྲི་རྒྱུ་ཞིག་ལ། ཟ་ཁང་གིས་ངའི་རྨས་སྐྱོན་གྱི་གྱོང་གུད་ལ་སྐྱིན་ཚབ་འཇལ་དགོས་སམ།

[གྱོད་དོན་དབྱེ་ཞིབ]

  ཁྱོད་ལ་ཟ་ཁང་གི་ཤེལ་གྱིས་བཟོས་པའི་སྒོ་ཡིས་རྨས་སྐྱོན་བཟོས་པར་ཟ་ཁང་གིས་ཁྲིམས་ལྟར་གྱོང་གུད་ལ་འོས་འཚམ་གྱི་སྐྱིན་ཚབ་འཇལ་དགོས།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འཛད་སྤྱོད་པའི་ཁེ་ཕན་སྲུང་སྐྱོང་བཅའ་ཁྲིམས》ཀྱི་དོན་ཚན7པ་དང་དོན་ཚན18པར་སོ་སོར་གཏན་ཁེལ་བྱས་དོན། འཛད་སྤྱོད་པས་ཚོང་རྫས་ཉོ་བ་འམ་བེད་སྤྱོད་བྱེད་པ་དང་ཞབས་ཞུ་དང་ལེན་བྱེད་དུས་རང་གི་མི་ལུས་དང་རྒྱུ་ནོར་ལ་གནོད་འཚེ་མི་ཐེབས་པའི་ཁེ་དབང་ལོངས་སྤྱོད་བྱེད་བཞིན་ཡོད། འཛད་སྤྱོད་པར་ཚོང་གཉེར་མཁན་གྱིས་ཚོང་རྫས་དང་ཞབས་ཞུ་མཁོ་སྤྲོད་བྱེད་དུས་མི་ལུས་ཁག་ཐེག་དང་རྒྱུ་ནོར་བདེ་འཇགས་ཀྱི་ཆ་རྐྱེན་དང་མཐུན་པར་རེ་བ་བཏོན་པའི་དབང་ཆ་ཡོད། ཚོང་གཉེར་མཁན་གྱིས་རང་གིས་མཁོ་སྤྲོད་བྱས་པའི་ཚོང་རྫས་སམ་ཞབས་ཞུ། མི་ལུས་ཁག་ཐེག་དང་རྒྱུ་ནོར་བདེ་འཇགས་ཀྱི་ཆ་རྐྱེན་དང་མཐུན་པར་ཁག་ཐེག་བྱ་དགོས། མི་ལུས་དང་རྒྱུ་ནོར་བདེ་འཇགས་ལ་ཉེན་ཁ་ཡོད་པའི་ཚོང་རྫས་དང་ཞབས་ཞུ་ཡོད་ན། འཛད་སྤྱོད་པར་དོན་དངོས་ཀྱི་གསལ་བཤད་དང་མངོན་གསལ་གྱི་ཉེན་བརྡ་གཏོང་དགོས་པར་མ་ཟད། ཡང་དག་སྒོས་ཚོང་རྫས་བེད་སྤྱོད་དང་དང་ཞབས་ཞུ་དང་ལེན་བྱེད་ཐབས་དང་ཉེན་ཁ་འབྱུང་བར་སྔོན་འགོག་བྱེད་པའི་བྱེད་ཐབས་གསལ་བཤད་བྱ་དགོས། ཁྱོད་ཀྱིས་བསྐུར་ཡོང་བའི་འཕྲིན་ཡིག་ལ་བལྟས་ཚེ། ཚོང་གཉེར་མཁན་གྱི་ཟ་ཁང་དེ་ཡིས་ཚོང་གཉེར་ས་ཁུལ་གྱི་ཁོར་ཡུག་གི་མཛེས་སྤྲས་ཁོ་ན་བསམ་པ་ལས། འདི་ལྟ་བུའི་འཆར་འགོད་དང་མཛེས་སྤྲས་ལ་མངོན་གསལ་གྱི་བདེ་འཇགས་ཆད་ལྷག་སྟེ་མི་གཞན་པའི་མི་ལུས་ལ་གནོད་སྐྱོན་བཟོ་སླ་བ་དང་མངོན་གསལ་གྱིས་མི་ལུས་ཁག་ཐེག་དང་རྒྱུ་ནོར་བདེ་འཇགས་ཀྱི་ཆ་རྐྱེན་དང་མི་མཐུན་པར་ཡིད་འཇོག་བྱས་མེད། དུས་མཚུངས་སུ་མངོན་གསལ་གྱི་ཉེན་བརྡའང་ཅི་ཡང་མེད་པས་ཁྱོད་ཀྱིས་ཀྱང་སྒོ་དེ་ཕྱེས་ཡོད་པར་བསམ་པ་ཡིན། དེའི་རྐྱེན་གྱིས་ཁྱོད་ཀྱིས་མི་ལུས་ལ་གནོད་འཚེ་བྱུང་བར་ཟ་ཁང་ལ་ནོར་འཁྲུལ་གྱི་འགན་གཙོ་བོ་ཡོད་པས། དམངས་དོན་འགན་འཁྲི་གཙོ་བོ་འཁུར་དགོས། ཡང་གཅིག་བཤད་ན། ཁྱོད་རང་མི་དར་མ་དང་དམངས་དོན་བྱ་སྤྱོད་ནུས་པ་ཡོངས་རྫོགས་ཡོད་པའི་མི་ཡིན་པའི་ཆ་ནས་འོས་འཚམ་གྱི་ཤེས་རྟོགས་ནུས་པ་དང་ཆུ་ཚད་ཡོད་དེ། རང་ཉིད་ཀྱི་མི་ལུས་དང་རྒྱུ་ནོར་བདེ་འཇགས་ལ་ནན་ཏན་གྱིས་མཉམ་འཇོག་བྱེད་པའི་འོས་འགན་སྒྲུབ་དགོས། འོན་ཀྱང་ཁྱོད་རང་ཟ་ཁང་དེའི་ནང་འགྲོ་དུས་ནན་ཏན་གྱིས་མཉམ་འཇོག་བྱས་མེད། དེ་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམངས་ཁྲིམས་སྤྱི་སྲོལ》གྱི་དོན་ཚན131པའི་གཏན་ཁེལ་ལྟར་ན། གནོད་འཚེ་ཁེལ་ཡུལ་ལའང་གནོད་འཚེའི་མཇུག་འབྲས་བྱུང་བར་ནོར་འཁྲུལ་ཡོད་ཚེ། གནོད་འཚེ་བཟོ་མཁན་གྱི་དམངས་དོན་འགན་འཁྲི་ཇེ་ཡང་ལ་བཏང་ཆོག གོང་གི་གཏན་ཁེལ་འདི་ལ་གཞིགས་ན། གནོད་འཚེ་ཐེབས་པར་ཁྱོད་རང་སྟེང་ནས་ཀྱང་འོས་འཚམ་གྱི་འགན་འཁུར་དགོས་ལ། དུས་མཚུངས་སུ་ཟ་ཁང་དེའི་འོས་འཚམ་གྱི་འགན་འཁྲི་ཇེ་ཡང་དུ་གཏོང་སྲིད།  །