མདུན་ཤོག- ཆབ་སྲིད་འཚོ་བ།- གྱོད་ལྟར་ཁྲིམས་གླེང་།

སྙོར་སྐྱོང་ལ་བཅོས་སྒྱུར་བྱེད་ན་བཅའ་ཁྲིམས་ཀྱི་གཏན་ཁེལ་དང་མཐུན་དགོས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2012-03-25 11:02

[གྱོད་དོན]

  ང་དང་ཁྱོ་ག་གཉིས2005ལོར་རང་དབང་རང་འཐད་ཀྱིས་འབྲེལ་ཡོད་ལས་ཁུངས་སུ་སོང་ནས་གཉེན་སྒྲིག་གི་འགྲོ་ལུགས་བསྒྲུབས་པ་དང་ཆབས་ཅིག གཉེན་སྟོན་གྱི་ཆོ་གའང་སྤེལ་བ་ཡིན། དེ་དུས་ངེད་བཟའ་ཟླ་གཉིས་འགྲིག་ཅིང་མཐུན་ལ་ལོ་གཅིག་འགོར་རྗེས་སྙིང་རྗེ་བའི་བྱིས་པ་ཞིག་ཀྱང་བཙས། ཡིན་ནའང་ལས་དབང་ལ་སུས་ཀྱང་བཟློག་ཐབས་མེད་ཅེས་པའི་དཔེ་ལྟར། ན་ནིང་ལོ་སར་གྱི་རྗེས་ནས་བཟུང་ངེད་གཉིས་ཀྱི་བར་ལ་དུས་རྒྱུན་ཁ་རྩོད་དང་འགལ་བ་སྣ་ཚོགས་འབྱུང་བཞིན་ཡོད་ལ། ཟླ8པར་སླེབས་དུས་དངོས་གནས་གཞི་གཅིག་ཏུ་འཚོ་བ་རོལ་ཐབས་བྲལ་བས་གཉེན་འཐོར་མི་བྱེད་ཀ་མེད་བྱུང་། ངེད་གཉིས་གཉེན་འཐོར་བྱེད་དུས་རྗེས་ཕྱོགས་ཡང་བསྐྱར་ཕན་ཚུན་བར་དོན་དག་མི་འབྱུང་བའི་ཆེད་དུ་གྲོས་མཐུན་ཡི་གེ་ཞིག་ཀྱང་བྲིས་ལ། ངས་ཟླ་རེར་ཁོ་གཉིས་ལ་འཚོ་བའི་གྲོན་དངུལ་ངེས་ཅན་ཞིག་སྟེ་རྒྱུའི་ཁ་ཆད་བྱས། མིག་སྔར་ངས་ཁོ་རང་བུད་མེད་གཞན་དང་གཉེན་སྒྲིག་བྱ་རྒྱུ་ཡིན་པའི་གནས་ཚུལ་ཐོས་བྱུང་ལ། ཁོ་རང་གཉེན་སྒྲིག་བྱས་རྗེས་མ་གཡར་དེ་ངའི་བྱིས་པར་བཟང་རྒྱུ་ཡིན་མིན་དང་། བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་ཐུབ་མིན་ལ་སེམས་ཁུར་ཧ་ཅང་ཆེ། དེའི་རྐྱེན་གྱིས་ད་ལྟ་ངས་བྱིས་པ་རང་ཁྱིམ་ལ་བླངས་ནས་རང་དང་མཉམ་དུ་འཚོ་བ་རོལ་ཏུ་འཇུག་པར་འདོད། དེ་བས་ངས་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཚེ་བྱིས་པ་སྙོར་སྐྱོང་དབང་ཆ་བརྩོན་ལེན་བྱེད་ཐུབ་མིན་ཐད་དྲང་བདེན་གྱི་ལན་ཞིག་འདེབས་པར་འཚལ།

[གྱོད་དོན་དབྱེ་ཞིབ]

  རང་རྒྱལ《གཉེན་སྒྲིག་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་ན། བྱིས་པའི་སྙོར་སྐྱོང་དབང་ཆ་སུ་ལ་གཏོགས་པ་ཐག་གཅོད་བྱེད་དུས་བྱིས་པའི་ཁེ་ཕན་སྲུང་སྐྱོང་བྱེད་པར་ཕན་པ་ཡོད་པའི་རྩ་དོན་བརྩི་སྲུང་བྱ་དགོས། གལ་ཏེ་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་གནོད་པ་ཡོད་པའི་གནས་ཚུལ་ཡོད་ན། བྱིས་པའི་སྙོར་སྐྱོང་འབྲེལ་བར་བཅོས་སྒྱུར་བྱ་དགོས། དེ་བས། གཉེན་འཐོར་བྱས་རྗེས་བྱིས་པའི་སྙོར་སྐྱོང་འབྲེལ་བར་བཅོས་སྒྱུར་བྱས་ཆོག་མོད། འོན་ཀྱང་ངེས་པར་དུ་བཅའ་ཁྲིམས་གཏན་ཁེལ་གྱི་ཆ་རྐྱེན་དང་མཐུན་དགོས། བྱེ་བྲག་ཏུ་གཤམ་གྱི་དོན་ཚན་འགའ་ཡོད། གཅིག བྱིས་པའི་སྙོར་སྐྱོང་འབྲེལ་བར་བཅོས་སྒྱུར་བྱེད་ན་ཡང་བསྐྱར་གཏུག་བཤེར་བྱ་དགོས། གཉིས། ཁྲིམས་བཀོད་ཀྱི་རྒྱུ་རྐྱེན་ཡོད་ཚེ་སྙོར་སྐྱོང་འབྲེལ་བ་བཅོས་སྒྱུར་བྱེད་པར་རྒྱབ་སྐྱོར་བྱེད་འོས། བྱེ་བྲག་གི་ཁྲིམས་བཀོད་རྒྱུ་རྐྱེན་ནི། (1)བྱིས་པ་དང་མཉམ་དུ་འཚོ་བ་རོལ་བཞིན་པའི་ཕྱོགས་དེར་རིམས་ནད་ཚབས་ཆེན་ཡོད་པའམ་ཡང་ན་དབང་བོ་སྐྱོན་ཅན་ཡིན་པའི་རྐྱེན་གྱིས་མུ་མཐུད་དུ་སྙོར་སྐྱོང་བྱེད་མི་ཐུབ་པ།(2)བྱིས་པ་དང་མཉམ་དུ་འཚོ་བ་རོལ་བཞིན་པའི་ཕྱོགས་དེས་སྙོར་སྐྱོང་གི་འོས་འགན་མི་བསྒྲུབ་པ་དང་བྱིས་པར་མནར་གཅོད་གཏོང་བའི་བྱ་སྤྱོད་ཡོད་པའམ་ཡང་ན་དེ་དང་མཉམ་དུ་འཚོ་བ་རོལ་ཚེ་བྱིས་པའི་ལུས་སེམས་བདེ་ཐང་ལ་གནོད་པ་ཡོད་པ། (3)ལོ10ཡན་གྱི་ནར་མ་སོན་པའི་བྱིས་པས་ཕྱོགས་གཞན་དང་འཚོ་བ་རོལ་འདོད་ལ། ཕྱོགས་དེར་སྙོར་སྐྱོང་གི་ནུས་པ་ཡོད་པ། (4) གཞན་པའི་ལུགས་མཐུན་གྱི་རྒྱུ་རྐྱེན་ཡོད་པས་བཅོས་སྒྱུར་བྱེད་འོས་པ། ཕྱོགས་གཅིག་གིས་བྱིས་པར་སྙོར་སྐྱོང་གི་འབྲེལ་བ་བཅོས་སྒྱུར་བྱེད་པའི་རེ་བ་བཏོན་དུས་གོང་གི་གནས་ཚུལ་གཅིག་ཡོད་ན། མི་དམངས་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱེད་འོས། གསུམ། གྲོས་མཐུན་ལྟར་སྙོར་སྐྱོང་འབྲེལ་བ་བཅོས་སྒྱུར་བྱས་ཆོག བཞི། རང་འདོད་ཀྱིས་སྙོར་སྐྱོང་འབྲེལ་བ་བཅོས་སྒྱུར་བྱས་མི་ཆོག ཁྱོད་ཀྱི་གནས་ཚུལ་ལ་གཞིགས་ཚེ། ཁྱོད་ཀྱིས་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཆོག་ལ སྔོན་གྱི་ཁྱོ་ག་དང་གྲོས་མཐུན་སྒོས་སྙོར་སྐྱོང་འབྲེལ་བ་བཅོས་སྒྱུར་བྱས་ཆོག