མདུན་ཤོག- ཆབ་སྲིད་འཚོ་བ།- གྱོད་ལྟར་ཁྲིམས་གླེང་།

བྱིས་པ་དེ་གཉིས་ཀྱི་སྨན་ཡོན་ཇི་ལྟར་ཐག་གཅོད་དགོས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2012-03-25 11:03

[གྱོད་དོན]

  ཚེ་ཐར་ཚང་དང་ཀླུ་རྒྱལ་ཚང་གི་བྱིས་པ་གཉིས་རྩེད་འཇོར་རོལ་སྐབས་མ་འགྲིག་པར་རྡུང་རེས་བྱས་ལ། ཚེ་ཐར་ཚང་གི་བྱིས་པའི་མགོ་ལ་རྨས་སྐྱོན་བཟོས་པས་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས། ཀླུ་རྒྱལ་ཚང་གི་བྱིས་པའི་གདོང་གི་སྐྱི་ལྤགས་ལ་རྨས་སྐྱོན་ཅུང་ཙམ་བཟོས་ཤིང་སྤྱིར་ན་སྨན་ཁང་དུ་འགྲོ་མི་དགོས་མོད། འོན་ཀྱང་ཀླུ་རྒྱལ་ཚང་གིས་ཚེ་ཐར་ཚང་གི་བྱིས་པ་སྨན་ཁང་དུ་བསྡད་པ་ཤེས་ནས་རང་གིས་གྱོང་ཁུར་བར་འདོད་ནས་རང་ཚང་གི་བྱིས་པའང་སྨན་ཁང་དུ་འདུག་དུ་བཅུག ཚེ་ཐར་ཚང་གི་བྱིས་པའི་རྨས་སྐྱོན་དྲག་མོད། ཟླ་གཉིས་རིང་ལ་སྨན་ཁང་ནས་ལུས་གསོའི་གནམ་ཁབ་བརྒྱབ་ནས་བསྡད། ཀླུ་རྒྱལ་ཚང་གིས་ཚེ་ཐར་ཚང་གི་བྱིས་པ་སྨན་ཁང་ནས་མ་བུད་པ་ཤེས་ནས་རང་ཚང་གི་བྱིས་པའང་ཨུ་ཚུགས་ངང་སྨན་ཁང་ནས་འདུག་དུ་བཅུག དེའི་རྐྱེན་གྱིས་ཕྱོགས་གཉིས་ཀའི་ཁྱིམ་ཚང་གིས་མི་འོས་པའི་སྨན་ཡོན་གང་མང་ཞིག་བཀོལ། འདིར་འདྲི་རྒྱུ་ཞིག་ནི། ཁྱིམ་ཚང་དེ་གཉིས་ཀྱིས་བཀོལ་བའི་སྨན་ཡོན་ཇི་ལྟར་ཐག་གཅོད་བྱས་ན་བཟང་ངམ།

[གྱོད་དོན་དབྱེ་ཞིབ]

  《དམངས་ཁྲིམས་སྤྱི་སྲོལ》གྱི་དོན་ཚན106པའི་གཏན་ཁེལ་ལྟར་ན། “སྤྱི་དམངས་སམ་ཁྲིམས་མིས་རང་ཉིད་ཀྱི་ནོར་འཁྲུལ་གྱི་དབང་གིས་རྒྱལ་ཁབ་དང་ཐུན་མོང་གི་རྒྱུ་ནོར་ལ་ནོར་འཁྲུལ་བཟོས་པའམ། ཡང་ན་མི་གཞན་གྱི་རྒྱུ་ནོར་དང་མི་ལུས་ལ་ནོར་འཁྲུལ་བཟོས་ཚེ་དམངས་དོན་གྱི་འགན་འཁྲུ་འཁུར་འོས།”དོན་ཚན119པའི་གཏན་ཁེལ་ལྟར་ན། “སྤྱི་དམངས་ཀྱི་ལུས་ཕུང་ལ་གནོད་འཚེ་བཏང་སྟེ་རྨས་སྐྱོན་བཟོས་ཚེ། སྨན་ཡོན་དང་ལས་ཆག་གྲོན་དངུལ་སོགས་ཀྱི་སྐྱིན་ཚབ་འཇལ་དགོས།”དོན་ཚན133པའི་གཏན་ཁེལ་ལྟར་ན། “དམངས་དོན་བྱ་སྤྱོད་ནུས་པ་མེད་པའི་མིའམ་དམངས་དོན་བྱ་སྤྱོད་ནུས་པར་ཚད་བཀག་བྱས་པའི་མིས་མི་གཞན་ལ་གནོད་འཚེ་བཟོས་ཚེ། དེའི་ལྟ་རྟོག་མཁན་གྱིས་དམངས་དོན་གྱི་འགན་འཁྲི་འཁུར་དགོས། གལ་ཏེ་ལྟ་རྟོག་མཁན་གྱིས་ལྟ་རྟོག་འགན་འཁུར་ཡོད་ན་འོས་འཚམ་གྱིས་དེ་ཡི་དམངས་དོན་འགན་འཁྲི་ཇེ་ཡང་ལ་བཏང་ཆོག”

  ཆེས་མཐོ་མི་དམངས་ཁྲིམས་ཁང་གི《མི་ལུས་གནོད་འཚེ་སྐྱིན་ཚབ་གྱོད་གཞི་ཞིབ་བཤེར་བྱེད་དུས་བཀོལ་བའི་བཅའ་ཁྲིམས་གནད་དོན་འགའི་འགྲེལ་བཤད》ཀྱི་དོན་ཚན17པའི་གཏན་ཁེལ་ལྟར་ན། “གནོད་འཚེ་ཁེལ་ཡུལ་གྱི་མི་ལུས་ལ་གནོད་འཚེ་ཐེབས་ཏེ། སྨན་བཅོས་ཐད་འགྲོ་སོང་གཏོང་དགོས་པའི་འགྲཽ་གྲོན་སྣ་ཚོགས་དང་ལས་ཆག་བྱུང་བའི་རྐྱེན་གྱིས་ཇེ་ཉུང་དུ་སོང་བའི་ཡོང་སྒོ། དེའི་ནང་དུ་སྨན་ཡོན་དང་ལས་ཆག་གྲོན་དངུལ། ནད་གཡོག་གྲོན་དངུལ། འགྲིམ་འགྲུལ་གྲོན་དངུལ། འདུག་གླ། སྨན་ཁང་དུ་སྡོད་དུས་ཀྱི་ཟ་མའི་ཁ་གསབ་དངུལ། དགོས་ངེས་ཀྱི་ལུས་གསོའི་གྲོན་དངུལ་སོགས་འདུ་ལ། དེ་དག་ཚང་མ་སྐྱིན་ཚབ་འོས་འགན་ཡོད་པའི་མི་དེས་སྟེར་འོས།”

  བྱིས་པ་ནི་བྱ་སྤྱོད་ནུས་པ་མེད་པའི་མིའམ་བྱ་སྤྱོད་ནུས་པར་ཚད་བཀག་བྱས་པའི་མི་རུ་གཏོགས་པས། ལྟ་རྟོག་མཁན་གྱིས་དེའི་བྱ་སྤྱོད་ལ་འགན་འཁུར་དགོས། སྐྱིན་ཚབ་འགན་འཁུར་ཡོད་པའི་ཕྱོགས་དེར་ཕྱོགས་གཞན་པའི་སྨན་ཡོན་སོགས་སྐྱིན་ཚབ་གྲངས་ཀར་དོགས་པ་ཡོད་ན་འབྲེལ་ཡོད་ལས་ཁུངས་ལ་རེ་འདུན་ཞུས་ནས་གསལ་འབྱེད་བྱེད་དུ་བཅུག་ཆོག་ལ། སྟེར་མི་འོས་པའི་སྨན་ཡོན་དེར་གསལ་འབྱེད་ལས་ཁུངས་ཀྱིས་གསལ་བཤད་བྱེད་ངེས་ཡིན། མི་དམངས་ཁྲིམས་ཁང་གིས་ཀྱང་གསལ་འབྱེད་ལས་ཁུངས་ཀྱི་གསལ་འབྱེད་ལྟར་འགྲོ་གྲོན་དེ་དག་འཕྲི་འཐེན་བྱེད་ངེས་ཡིན།  །