མདུན་ཤོག- ཆབ་སྲིད་འཚོ་བ།- གྱོད་ལྟར་ཁྲིམས་གླེང་།

འགན་ལེན་བྱས་པའི་ས་རྒོད་སྟེང་གཏེར་ཁུངས་སྔོག་འདོན་བྱས་ན་ཆོག་གམ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2012-03-29 11:43

[གྱོད་དོན]

  ང་ནི་སྡེ་བ་ག་གེ་མོ་ཞིག་གི་སྡེ་མི་ཕལ་བ་ཞིག་ཡིན། ང་ཚོའི་སྡེ་བའི་ཉེ་འཁོར་ན་རྡོ་སོལ་གཏེར་ཁུངས་འགའ་ཡོད། སྡེ་མི་སངས་ཆེ་གེ་མོས་ལོ་འགའི་སྔོན་དུ་སྡེ་བའི་ས་རྒོད་མུའུ380འགན་གཙང་ལེན་བྱས་ཏེ་སྡོང་བོ་བཙུགས་པ་རེད། འགན་ལེན་དུས་ཡུན་ནང་གཏེར་ཁུངས་ཕྱོགས་ཀྱི་ཤེས་ལྡན་མི་སྣ་ཡིན་ཟེར་བའི་མི་ཞིག་ཡོང་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་སངས་ཆེ་གེ་མོས་འགན་ལེན་བྱས་པའི་ས་རྒོད་ཀྱི་འོག་ཏུ་རྡོ་སོལ་ཡོད་པར་ཐག་བཅད་པ་མ་ཟད། སངས་ཆེ་གེ་མོ་དང་མཉམ་གཅིག་ཏུ་གཏེར་ཁུངས་སྔོག་འདོན་བྱ་རྒྱུ་གྲོས་ཐག་བཅད་པ་དང་ཆབས་ཅིག་ཏུ་གྲོས་མཐུན་ཡི་གེ་ཡང་བཞག ད་དུང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འཐད་པ་བརྒྱུད་ནས་དེའི་ཐམ་ཀའང་བརྒྱབ་ལ། སངས་ཆེ་གེ་མོས་ལོ་རེར་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་སྒོར་ཁྲི3.6སྟེར་རྒྱུ་བྱས། དེ་ནས་ཁོ་གཉིས་ཀྱིས་སྒྲིག་ཆས་ཉོས་ཏེ་མི་གླས་རྗས་གཏེར་ཁུངས་སློག་པའི་འགོ་བརྩམས། ཞང་དང་རྫོང་ཐོག་གི་ལས་བྱེད་མི་སྣ་ཐེངས་དུ་མར་ཡོང་ནས་བཀག་འགོག་དང་སློབ་གསོ་བཏང་མོད། འོན་ཀྱང་སངས་ཆེ་གེ་མོས་ཁོ་རང་ལ་སྐྲག་སློང་བ་ཙམ་ཡིན་བསམ་ནས་མུ་མཐུད་དུ་གཏེར་ཁུངས་སློག་པ་རེད། ངས་འདིར་འདྲི་འདོད་པ་ཞིག་ནི་སངས་ཆེ་གེ་མོའི་བྱ་སྤྱོད་དེ་ཁྲིམས་འགལ་ཡིན་ནམ།

[གྱོད་དོན་དབྱེ་ཞིབ]

  འགན་ལེན་མཁན་གྱིས་འགན་ལེན་བྱས་པའི་ས་ཞིང་སྟེང་གཏེར་ཁུངས་སྔོག་འདོན་བྱས་མི་ཆོག དེ་ལས་ལྡོག་ན་ཆད་པའམ་ཁྲིམས་ཆད་འཁུར་དགོས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཏེར་རྗས་ཐོན་ཁུངས་བཅའ་ཁྲིམས》ཀྱི་ནང་དེ་ལ་གཏན་ཁེལ་གསལ་བོ་བྱས་ཡོད། དོན་ཚན3པར། གཏེར་རྫས་ཐོན་ཁུངས་ནི་རྒྱལ་ཁབ་ལ་གཏོགས་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་གཏེར་རྗས་ཐོན་ཁུངས་བདག་དབང་ལག་བསྟར་བྱེད་བཞིན་ཡོད། རྒྱལ་ཁབ་ཀྱི་ས་སྟེང་དང་ས་འོག་གི་གཏེར་ཁུངས་ཐོན་རྫས་བདག་དབང་དེ་ས་ཞིང་བདག་དབང་དང་བེད་སྤྱོད་དབང་ཆ་གཞན་ལ་འགན་ལེན་བྱས་པ་ལས་འགྱུར་ལྡོག་མི་བྱུང་། སངས་ཆེ་གེ་མོས་ས་རྒོད་དེའི་འགན་ལེན་བདག་གཉེར་དབང་ཆ་བླངས་མོད། འོན་ཀྱང་ས་རྒོད་དེའི་འོག་གི་རྡོ་སོལ་གཏེར་ཁུངས་ནི་རྒྱལ་ཁབ་ལ་དབང་བ་ཡིན། དེའི་སྔོག་འདོན་དབང་ཆ་རྒྱལ་ཁབ་ཀྱིས་སྟེར་དགོས་པའམ་ཡང་ན་རྒྱལ་ཁབ་ཀྱིས་འབྲེལ་ཡོད་སྡེ་ཁག་ལ་མངགས་བཅོལ་བྱས་ནས་སྔོག་འདོན་བྱ་དགོས་པ་ལས། མི་གཞན་སུ་ཡིན་རུང་སྔོག་འདོན་བྱེད་པའི་དབང་ཆ་མེད། བཅའ་ཁྲིམས་འདིའི་གཏན་ཁེལ་ལྟར་ན། གཏེར་ཁུངས་སྔོག་འདོན་བྱེད་ན་ངེས་པར་དུ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་ཆོག་མཆན་བརྒྱུད་དགོས། བཅའ་ཁྲིམས་དེའི་དོན་ཚན5པའི་གཏན་ཁེལ་ལྟར་ན། གཏེར་རྫས་ཐོན་ཁུངས་སྔོན་འདོན་བྱེད་ན་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་ཐོན་ཁུངས་ས་ཁྲལ་དངུལ་དང་ཐོན་ཁུངས་ཁ་གསབ་དངུལ་སྟེར་དགོས། དོན་ཚན15པའི་གཏན་ཁེལ་ལྟར་ན། གཏེར་རི་ཁེ་ལས་འཛུགས་ན་ངེས་པར་དུ་རྒྱལ་ཁབ་ཀྱིས་གཏན་ཁེལ་བྱས་པའི་ཆ་རྐྱེན་དང་མཐུན་དགོས་པར་མ་ཟད། བཅའ་ཁྲིམས་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་ཞིབ་བཤེར་སྡེ་དག་གིས་གཏེར་ཁུངས་ཀྱི་ཁྱབ་ཁུངས་དང་གཏེར་རིའི་ཇུས་འགོད། གཏེར་ཁུངས་སྔོག་འདོན་བྱེད་པའི་འཆར་འགོད། ཐོན་སྐྱེན་ལག་རྩལ་ཆ་རྐྱེན། བདེ་འཇགས་བྱེད་ཐབས། ཁོར་ཡུག་སྲུང་སྐྱོང་བྱེད་ཐབས་སོགས་ལ་ཞིབ་བཤེར་བྱས་ཏེ་ཚད་ལྡན་ཡིན་ཚེ་ཆོག་མཆན་བཀོད་ཆོག དོན་ཚན19པའི་གཏན་ཁེལ་ལྟར་ན། ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་བྱེད་ཐབས་བཏོན་ཏེ་རང་སྲིད་འཛིན་ས་ཁུལ་གྱི་རྒྱལ་གཏོགས་གཏེར་རི་ཁེ་ལས་དང་གཞན་པའི་གཏེར་རི་ཁེ་ལས་ཀྱི་རྒྱུན་ལྡན་གོ་རིམ་ལ་འགེབས་སྲུང་བྱ་དགོས་ལ། ལས་ཁུངས་དང་མི་སྒེར་སུ་ཡིན་རུང་ཁྲིམས་ལྟར་བཙུགས་པའི་གཏེར་ཁུངས་ས་ཁུལ་ནས་གཏེར་ཁུངས་སྔོན་འདོན་བྱེད་པ་གཏན་འགོག་བྱ་དགོས། རང་འདོད་ཀྱིས་གཏེར་ཁུངས་སྔོན་འདོན་བྱེད་པ་ནི་ཁྲིམས་འགལ་ཡིན་པར་མ་ཟད་ཧ་ཅང་ཉེན་ཁ་ཆེ་བའི་ལས་ཤིག་རེད། དེ་ལྟར་བྱས་ན་ཉེས་དོན་ཉེས་ཅན་དུ་འགྱུར་བར་ཡང་ཧ་ཅང་ཐག་ཉེའོ།  །