མདུན་ཤོག- ཆབ་སྲིད་འཚོ་བ།- གྱོད་ལྟར་ཁྲིམས་གླེང་།

ཆད་ཡིག་སྟེང་རང་ཉིད་ཀྱི་མིང་འགོད་དུས་ཇི་ལྟར་མཉམ་འཇོག་བྱ་དགོས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2012-04-22 10:59

[གྱོད་དོན]

  དཀོན་མཆོག་དང་ཀླུ་མོ་གཉིས་ནི་སྡེ་བ་གཅིག་གི་སྡེ་མི་ཡིན་ལ། ཁོ་གཉིས་ཀྱིས་དུས་རྒྱུན་དུ་ཕྱུགས་ཟོག་གི་འཚོང་རྒྱག་བཞིན་ཡོད། ན་ནིང་ཟླ9པའི་ཉིན་ཞིག་དཀོན་མཆོག་དང་ཀླུ་མོ་གཉིས་ཀྱིས་ལུག་ཉི་ཤུ་ལྷག་སྡེ་བ་གཞན་གྱི་ཚོང་གྲོགས་རྡོ་རྗེ་ལ་བཙོངས་ཤིང་། སྐབས་དེར་རྡོ་རྗེ་ཡི་ལག་ཏུ་སྒོར་དེ་འདྲ་མང་པོ་ཞིག་མེད་པའི་རྐྱེན་གྱིས་དཀོན་མཆོག་དང་ཀླུ་མོ་གཉིས་ལ་ཆད་ཡིག་ཅིག་བྲིས་རྗེས་ལུག་རིན་གནས་སྐབས་སུ་ཆད་ལ་བཞག་པ་ཡིན། སྐབས་དེར་ཀླུ་མོ་དང་ཁོའི་ནུ་བོ་གཉིས་ཀྱིས་མ་དངུལ་མཉམ་དུ་བསྲེས་ནས་ཚོང་རྒྱག་བཞིན་ཡོད་པས། ཁོ་རང་གི་ནུ་བོ་ཡིད་མི་ཆེས་པར་བསམས་ནས་དཀོན་མཆོག་གིས་ཆད་ཡིག་སྟེང་མིང་ཡིག་བཀོད་དེ་བདེན་དཔང་བྱེད་པའི་རེ་བ་བཏོན་ཞིང་དཀོན་མཆོག་གིས་ཀྱང་དང་ལེན་བྱས། རྗེས་སུ་དཀོན་མཆོག་དང་ཀླུ་མོ་གཉིས་ཀྱིས་རྡོ་རྗེ་བཙལ་ནས་ལུག་རིན་སློང་དུས་ཁོས་མི་གཞན་ལའང་སྒོར་མོ་མང་པོ་ཆད་པས་ཁོ་གཉིས་ཀྱི་ཆད་སྒོར་སྟེར་བའི་ནུས་པ་མེད་པ་རྟོགས་བྱུང་། ད་ལོའི་ཟླ8པར་ཀླུ་མོ་ཡིས་གློ་བར་དུ་ང་བཙལ་ནས་ལུག་རིན་སྟེར་དགོས་པའི་རེ་བ་བཏོན་ལ། རྒྱུ་མཚན་ནི་ཆད་ཡིག་སྟེང་ངའི་མིང་ཡིག་བཀོད་ཡོད་པ་དེ་རེད། ཁོས་ད་དུང་བཤད་རྒྱུར། གལ་ཏེ་ལུག་རིན་མི་སྟེར་ཚེ་ང་དང་རྡོ་རྗེ་གཉིས་ཀ་མཉམ་གཅིག་ཏུ་མི་དམངས་ཁྲིམས་ཁང་ལ་གཏུག་རྒྱུ་ཡིན་ཟེར། དེ་བས་འདིར་འདྲི་རྒྱུ་ཞིག་ནི། ངས་ཆད་ཡིག་སྟེང་རང་གི་མིང་བཀོད་ཚེ་ཆད་སྒོར་རྣམས་ངེས་པར་དུ་ངས་སྟེར་དགོས་སམ།

[གྱོད་དོན་དབྱེ་ཞིབ]

  གྱོད་གཞི་འདིའི་གནད་འགག་ནི་རྡོ་རྗེ་ཡིས་ཆད་པའི་ལུག་རིན་ཁྱོད་ཀྱི་སྟེང་ལ་སྤོར་ཐུབ་མིན་དེ་ཡིན། ཁྱོད་ཀྱིས་བཤད་པའི་གནས་ཚུལ་ལ་གཞིགས་ཚེ་ལུག་རིན་ཁྱོད་ཀྱིས་སྟེང་ལ་སྤོར་མི་ཐུབ་པ་རེད། བུ་ལོན་སྤོ་བསྒྱུར་ལ་གན་རྒྱའི་འོས་འགན་གྱི་སྤོ་བསྒྱུར་ཡང་ཟེར། དེ་ནི་བུན་བདག་དང་བུ་ལོན་འཇལ་མཁན། མི་གསུམ་པ་བཅས་ལ་གྲོས་མཐུན་བྱུང་བའི་གནས་ཚུལ་འོག་བུ་ལོན་མི་གསུམ་པས་འགན་འཁུར་བ་ལ་ཟེར། རང་རྒྱལ་གྱི་བཅའ་ཁྲིམས་གཏན་ཁེལ་ལྟར་ན། བུ་ལོན་སྤོ་བསྒྱུར་ལ་ངེས་པར་དུ་གཤམ་གྱི་ཆ་རྐྱེན་དག་འཛོམས་རྗེས་ནུས་པ་ཐོན་པ་ཡིན། གཅིག ངེས་པར་དུ་ནུས་ཡོད་ཀྱི་བུ་ལོན་ཡིན་དགོས། གཉིས། སྤོ་བསྒྱུར་བྱེད་པའི་བུ་ལོན་དེར་སྤོ་བསྒྱུར་རང་བཞིན་ཡོད་དགོས། གསུམ། མི་གསུམ་པ་དང་བུན་བདག་གམ་ཡང་ན་བུ་ལོན་འཇལ་མཁན་བར་ལ་སྤོ་བསྒྱུར་བྱེད་པར་གྲོས་མཐུན་བྱུང་བ། བཞི། བུ་ལོན་འགན་འཁུར་བར་ངེས་པར་དུ་བུན་བདག་འཐད་པ་ཡིན་དགོས། ལྔ། དམིགས་བསལ་གྱི་གནས་ཚུལ་འོག་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་ཁེལ་ལྟར་ཆོག་མཆན་དང་ཐོ་འགོད་ཀྱི་འགྲོ་ལུགས་བསྒྲུབ་དགོས་པ་སོགས་གོང་གི་འགྲོ་ལུགས་དེ་དག་བསྒྲུབས་རྗེས་ནུས་པ་ཐོན་པ་ཡིན། གྱོད་དོན་འདི་ལ་བལྟས་ན། ཁྱོད་ཀྱིས་རྡོ་རྗེ་ཡིས་ཁྱོད་དང་ཀླུ་མོ་གཉིས་ལ་བྲིས་པའི་ཆད་ཡིག་སྟེང་མིང་ཡིག་བཀོད་པ་དེའི་དོན་དངོས་ཀྱི་ནང་དོན་ནི་བདེན་དཔང་བྱེད་པའི་བྱ་སྤྱོད་ཅིག་ཡིན། དེ་ཡིས་རྡོ་རྗེ་ཡིས་ཀླུ་མོ་ལ་སྒོར་མོ་ཆད་པ་དོན་དངོས་ཡིན་པ་བདེན་དཔང་བྱས་པ་ཡིན། ཀླུ་མོ་ལ་བུ་ལོན་ཁྱོད་ཀྱི་སྟེང་སྤོ་བསྒྱུར་བྱེད་པའི་བརྡ་སྦྱོར་ཡང་མ་བཏང་། མདོར་ན་རྡོ་རྗེ་ཡིས་ཀླུ་མོ་དང་ཁྱོད་གཉིས་ལ་བུ་ལོན་སྤོ་བསྒྱུར་གྱི་ཕྱོགས་ནས་གྲོས་བསྡུར་ཅི་ཡང་བྱས་མེད། དེའི་རྐྱེན་གྱིས་ཆད་ཡིག་སྟེང་མིང་ཡིག་བཀོད་པ་ཙམ་གྱིས་བུ་ལོན་སྤོ་བསྒྱུར་བྱེད་པར་ངོས་འཛིན་བྱེད་མི་ཐུབ་ལ། ཁྱོད་ཀྱིས་ཀྱང་ཀླུ་མོ་ཡི་ལུག་རིན་སྟེར་བའི་འོས་འགན་འཁུར་མི་དགོས། ཡིན་ནའང་འདི་ནས་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ཆེད་དུ་གསལ་འདེབས་བྱ་རྒྱུ་ཞིག་ནི། རང་ཉིད་ཀྱི་མིང་ཡིག་བཀོད་པའི་རྐྱེན་གྱིས་བཅའ་ཁྲིམས་ཀྱི་འོས་འགན་འཁུར་དགོས་པའི་ཉེན་ཁ་ཡོད། དེ་བས་རང་ཉིད་ཀྱི་མིང་ཡིག་འགོད་དུས་ཧ་ཅང་མཉམ་འཇོག་བྱ་དགོས། རབ་ཡིན་ན་རང་ཉིད་ཀྱི་མིང་ཡིག་བཀོད་པའི་རྒྱུ་མཚན་ཡང་བྲིས་ན་བཟང་།  །