མདུན་ཤོག- ཆབ་སྲིད་འཚོ་བ།- གྱོད་ལྟར་ཁྲིམས་གླེང་།

དཔལ་འབྱོར་ཁ་གསབ་དངུལ་ཁྱོ་ཤུག་སྤྱིའི་རྒྱུ་ནོར་དུ་གཏོགས་སམ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2012-04-22 10:59

[གྱོད་དོན།]

  ངའི་གྲོགས་པོ་ཚེ་ཐར་དང་ཁོའི་ཆུང་མ་གཉིས་ནི1986ལོར་རང་དབང་སྒོས་གཉེན་སྒྲིག་ཐོ་འགོད་བྱས་པར་མ་ཟད། ལོ་དེར་ཕ་ཡུལ་གྱི་གོམས་སྲོལ་ལྟར་གཉེན་སྟོན་གྱི་ཆོ་གའང་རྒྱ་ཆེར་སྤེལ། ཡིན་ནཡང་འཇིག་རྟེན་གྱི་དོན་དག་ནི་དངོས་གནས་ང་ཚོས་བློས་དཔོག་དཀའ་བ་ཞིག་རེད། ཁོ་ཚོ་ཁྱོ་ཤུག་བྱས་ཏེ་མཉམ་གཅིག་ཏུ་འཚོ་བ་རོལ་ནས་ལོ་ངོ་ཉི་ཤུ་ཙམ་འདས་སོང་མོད། འོན་ཀྱང་ན་ནིང་སྟེ2007ལོར་རྒྱུ་རྐྱེན་ལ་ལ་ཞིག་གི་དབང་གིས་ཁོ་གཉིས་ཀྱི་མི་དམངས་ཁྲིམས་ཁང་ལ་གཉེན་འཐོར་བྱེད་པའི་རེ་བ་བཏོན་ཞིང་། རྗེས་སུ་མི་དམངས་ཁྲིམས་ཁང་གིས་ཁོ་གཉིས་གཉེན་འཐོར་བྱེད་པར་གཏན་ཁེལ་བྱས་ཀྱང་། སྐབས་དེར་རྒྱུ་ནོར་བགོ་བཤའ་བྱེད་པའི་ཐད་ལ་ཐག་བཅད་ཅི་ཡང་མ་བྱས། གཉེན་སྒྲིག་གི་འབྲེལ་བ་ཡོད་དུས་ཁོ་ཁྱོ་ཤུག་གཉིས་ལ་ཚོང་ཁང་ཞིག་དང་རླངས་འཁོར་གཅིག་ཡོད། 2004ལོར་ཚེ་ཐར་དང་ཁོ་ཡོད་སའི་ལས་ཁུངས་གཉིས་ཀྱིས་ངལ་རྩོལ་འབྲེལ་བ་མེད་པར་བཟོས་ཤིང་། ལས་ཁུངས་ཀྱིས་ཚེ་ཐར་ལ་ཐེངས་གཅིག་གིས་དཔལ་འབྱོར་ཁ་གསབ་དངུལ་དང་དཔལ་འབྱོར་རོགས་སྐྱོར་དངུལ་བསྡོམས་པས་སྒོར་ཁྲི5བྱིན། ད་ལྟ་ཚེ་ཐར་གྱི་ཆུང་མས་སྒོར་ཁྲི་5དེ་སྤྱིའི་རྒྱུ་ནོར་དུ་བརྩིས་ནས་བགོ་བཤའ་བྱ་དགོས་པའི་རེ་བ་བཏོན། དེ་བས་དཔལ་འབྱོར་ཁ་གསབ་དངུལ་དེ་ཁྱོ་ཤུག་སྤྱིའི་རྒྱུ་ནོར་ཡིན་མིན་ཐད་དྲང་བདེན་གྱི་ལན་ཞིག་འདེབས་པར་འཚལ།

[གྱོད་དོན་དབྱེ་ཞིབ]

 ཐེངས་གཅིག་ལ་བྱིན་པའི་དཔལ་འབྱོར་ཁ་གསབ་དངུལ་དེ་ཁྱོ་ཤུག་སྤྱིའི་རྒྱུ་ནོར་ཡིན་མིན་ལ་རོགས་དངུལ་དེའི་ངོ་བོ་རྒྱུས་ལོན་ཡང་དག་བྱས་ཚེ། གནད་དོན་ཡང་མངོན་གསལ་དུ་འགྱུར་ངེས་ཡིན། དཔལ་འབྱོར་ཁ་གསབ་དངུལ་ནི་དོན་དངོས་སུ་ལས་ཤོར་ཁ་གསབ་དངུལ་གྱི་རིགས་ཤིག་རེད་ལ། དེ་ནི་མི་བཀོལ་ལས་ཁུངས་ཀྱིས་ངལ་རྩོལ་པས་བཞག་པའི་བྱས་རྗེས་དང་ངལ་རྩོལ་པ་ལས་ཤོར་བྱུང་རྗེས་འཚོ་གནས་ལ་ཁག་ཐེག་བྱེད་ཆད་བྱིན་པའི་ཁ་གསབ་དངུལ་ཞིག་རེད། འདི་ནི་ངལ་རྩོལ་པས་མི་བཀོལ་ལས་ཁུངས་དང་ངལ་རྩོལ་འབྲེལ་བ་མེད་པར་བཟོས་པ་ལས་ཐོབ་པའི་ཁ་གསབ་དངུལ་ཡིན་པས་ཡང་བསྐྱར་བྱ་བ་བཙལ་ཐུབ་མིན་གྱི་ཉེན་ཁ་ཧ་ཅང་ཆེ། འདི་ལྟ་བུའི་ཁ་གསབ་དངུལ་དང་ངལ་རྩོལ་པའི་རྒྱུན་ལྡན་གྱི་གླ་ཕོགས་སམ་བྱ་དགའ་སོགས་ཀྱི་ངལ་རྩོལ་གླ་ཡོན་གཉིས་ཀར་ངོ་བོའི་སྟེང་ནས་ཁྱད་པར་ཡོད། ངལ་རྩོལ་པའི་ཐད་ནས་བཤད་ན། དཔལ་འབྱོར་ཁ་གསབ་དངུལ་ནི་ངལ་རྩོལ་པས་དུས་ཡུན་རིང་བོའི་གཏན་འཇགས་ཀྱི་ངལ་རྩོལ་གླ་ཡོན་བློས་བཏང་སྟེ་ཐོབ་པ་ཞིག་ཡིན། དུས་མཚུངས་སུ་འགྲན་རྩོད་ཧ་ཅང་ཆེ་བའི་དེང་གི་སྤྱི་ཚོགས་འདིར་ངལ་རྩོལ་བྱ་བ་མེད་སོང་ཚེ་འཚོ་གནས་ལ་ཉེན་ཁ་བྱུང་བ་དང་མཚུངས། དེ་བས་དཔལ་འབྱོར་ཁ་གསབ་དངུལ་དེ་ཁྱོ་ཤུག་སྤྱིའི་རྒྱུ་ནོར་དུ་བརྩིས་ཏེ་བགོ་བཤའ་རྒྱག་མི་རུང་བར། ཁྱོ་ཤུག་གང་རུང་གི་མི་སྒེར་གྱི་རྒྱུ་ནོར་དུ་བརྩི་དགོས། 《ཆེས་མཐོ་མི་དམངས་ཁྲིམས་ཁང་གིས(གཉེན་སྒྲིག་བཅའ་ཁྲིམས)བཀོལ་སྤྱོད་བྱེད་པའི་གནད་དོན་འགའི་འགྲེལ་བཤད》དོན་ཚན11པ་དང《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན17པའི་ནང་དུ། “གཞན་པའི་སྤྱི་ལ་དབང་བའི་རྒྱུ་ནོར་ཁྲོད་དུ་དཔལ་འབྱོལ་ཁ་གསབ་དངུལ་མི་འདུ”ཞེས་གཏན་ཁེལ་བྱས་ཡོད། དེའི་རྐྱེན་གྱིས་དཔལ་འབྱོར་ཁ་གསབ་དངུལ་མི་སྒེར་གྱི་རྒྱུ་ནོར་དུ་གཏོགས།  །