མདུན་ཤོག- ཆབ་སྲིད་འཚོ་བ།- བཅའ་ཁྲིམས་ཁྲིམས་སྲོལ།

《མཚོ་སྔོན་ཞིང་ཆེན་གྱི་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་སྲུང་སྐྱོང་བྱེད་ཐབས》

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2015-04-30 16:51

《མཚོ་སྔོན་ཞིང་ཆེན་གྱི་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་སྲུང་སྐྱོང་བྱེད་ཐབས》ལ་སློབ་སྦྱོང་ནན་ཏན་དང་ལག་ལེན་ མཐར་ཕྱིན་བྱས་ཏེ། ཁྲིམས་སྐྱོང་རྒྱང་སྒྲོག་བརྙན་འཕྲིན་འཛུགས་སྐྲུན་ལ་མྱུར་དུ་སྐུལ་འདེད་གཏོང་དགོས། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་གློག་བརྙན་བརྙན་འཕྲིན་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཅུས་ཀྲང་། ཅིན་ཧི་ཆིན།

《མཚོ་སྔོན་ཞིང་ཆེན་གྱི་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་སྲུང་སྐྱོང་བྱེད་ཐབས》(གཤམ་དུ《བྱེད་ཐབས》ཞེས་པར་བསྡུས་ཡོད)ལ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ཧའོ་ཕིན་གྱིས་སྲིད་གཞུང་གི་བཀའ་རྒྱའི་སྟེང་མིང་རྟགས་བཀོད་དེ། 2015ལོའི་ཟླ6པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ། 《བྱེད་ཐབས》འདི་ཁྱབ་སྒྲོག་དང་ལག་བསྟར་བྱས་པ་ནི་རང་ཞིང་གི་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་སྲུང་སྐྱོང་བྱ་བའི་ཐད་ཀྱི་དོན་ཆེན་ཞིག་ཡིན་ལ།རང་ཞིང་གི་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ལ་སྲུང་སྐྱོང་བྱེད་པའི་ཐད་ཀྱི་སྲིད་གཞུང་གི་སྒྲིག་སྲོལ་ཨང་དང་པོའང་ཡིན་པས། རང་ཞིང་གི་རྒྱང་སྒྲོག་བརྙན་འཕྲིན་ལས་དོན་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན། 《བྱེད་ཐབས》འདི་ཁྱབ་སྒྲོག་བྱས་པས་ཞིང་ཆེན་ཡོངས་ཀྱིས་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ལ་ཁྲིམས་ལྟར་སྲུང་སྐྱོང་དང་བདེ་འཇགས་ངང་ཕྱིར་གཏོང་བྱེད་པའི་རྒྱུན་ལྡན་སྒྲིག་ལམ་ལ་སྲུང་སྐྱོང་བྱས་ཏེ། ཁྲིམས་སྐྱོང་རྒྱང་སྒྲོག་བརྙན་འཕྲིན་འཛུགས་སྐྲུན་ལ་མྱུར་དུ་སྐུལ་འདེད་གཏོང་བའི་ཐད་བཅའ་ཁྲིམས་ཀྱི་གཞི་འཛིན་ས་འདོན་སྤྲོད་བྱས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)དང་རྫོང་སོ་སོའི་རྒྱང་སྒྲོག་བརྙན་འཕྲིན་སྲིད་འཛིན་དོ་དམ་སྡེ་ཁག་གིས《མཚོ་སྔོན་ཞིང་ཆེན་གྱི་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་སྲུང་སྐྱོང་བྱེད་པའི་བྱེད་ཐབས》ལ་སློབ་སྦྱོང་ནན་ཏན་དང་ལག་ལེན་མཐར་ཕྱིན་བྱས་ཏེ། རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ལ་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་།རྒྱང་སྒྲོག་བརྙན་འཕྲིན་གྱི་ཁྲིམས་ལྟར་སྲིད་འཛིན་བྱེད་པའི་ཆུ་ཚད་བསྟུད་མར་ཇེ་མཐོར་བཏང་ནས།ཞིང་ཆེན་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་བཅོས་བསྒྱུར་འཕེལ་རྒྱས་སུ་གཏོང་བའི་ཐད་ནུས་ཤུགས་ལྡན་པའི་ཁྲིམས་སྐྱོང་ཁོར་ཡུག་འདོན་སྤྲོད་བྱ་དགོས། དང་པོ། ཁྲིམས་འཛུགས་དམིགས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། རང་ཞིང་གི་རྒྱང་སྒྲོག་བརྙན་འཕྲིན་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་འགན་སྲུང་བྱ་དགོས། ཉེ་བའི་ལོ་འདི་འགར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་དང་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་བྱེ་བྲག་གི་ཁྲིད་སྟོན་འོག རང་ཞིང་གི་རྒྱང་སྒྲོག་བརྙན་འཕྲིན་ཁེབས་ཚད་དང་སྐུད་ཡོད་བརྙན་འཕྲིན་དྲ་རྒྱའི་ཨང་ཀི་ཅན་གྱི་བཟོ་འགོད་འཛུགས་སྐྲུན་དང་རྒྱང་སྒྲོག་བརྙན་འཕྲིན་གྱི་སྤྱི་པའི་རིག་གནས་ཞབས་ཞུ་སོགས་ཀྱི་ཕྱོགས་ལ་གྲུབ་འབྲས་མངོན་གསལ་ཐོབ་མོད། འོན་ཀྱང་དཔལ་འབྱོར་དང་སྤྱི་ཚོགས།རིག་གནས་འཛུགས་སྐྲུན་མྱུར་དུ་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་སྲུང་སྐྱོང་བྱ་བའི་ཐད་ནས་ཀྱང་གནས་ཚུལ་གསར་བ་དང་གནད་དོན་གསར་བ་མང་པོ་བྱུང་བ་སྟེ། དཔེར་ན། མཁར་གྲོང་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བས། གྲོང་ཁྱེར་གྱི་བཟོ་བཀོད་སྔར་ལས་མང་ཞིང་སྔར་ལས་མཐོ་བས། ད་ཡོད་ཀྱི་རྒྱང་སྒྲོག་བརྙན་འཕྲིན་བརྡ་རྟགས་ཕྱིར་གཏོང་དང་བརྒྱུད་འདྲེན། ལྟ་ཞིབ་ཚད་ལེན་བཅས་ཀྱི་ནུས་པར་གནོད་འཚེ་ཐེབས། དུས་མཚུངས་སུ་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཉིན་རེ་བཞིན་ཇེ་མང་དུ་སོང་བར་མ་ཟད། འདྲེན་གཏོང་ལམ་ཐག་ཇེ་རིང་དང་ཁྱབ་རྒྱ་ཇེ་ཆེར་སོང་བའི་དབང་གིས།སྒྲིག་ཆས་ལ་གཏོར་བརླག་དང་འདྲེན་སྐུད་རྐུ་ཁྱེར་དང་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་གྱི་བརྡ་རྟགས་གང་འདོད་དུ་གཅོད་ལེན་བྱས་པའི་སྣང་ཚུལ་སྐབས་འགར་འབྱུང་བཞིན་ཡོད་པས། རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་བདེ་འཇགས་དང་བརྡ་རྟགས་འདྲེན་གཏོང་གི་བདེ་འཇགས་ཐད་མི་མངོན་པའི་རྐྱེན་ངན་མང་པོ་བཟོ་བཞིན་ཡོད། དེ་ལས་གཞན་ད་རུང་སྲིད་འཛིན་ལས་ཁུངས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས། རྒྱང་སྒྲོག་བརྙན་འཕྲིན་སྲིད་འཛིན་སྡེ་ཁག་དང་ལས་དོན་སྡེ་ཁག་སོ་སོར་དབྱེ་བས། རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་སྲུང་སྐྱོང་བྱ་བའི་སྲོག་ཤིང་དེ་སྔོན་ཆད་ཀྱི་རྒྱང་སྒྲོག་བརྙན་འཕྲིན་སྲིད་འཛིན་དོ་དམ་སྡེ་ཁག་གཙོ་ཡིན་པ་ནས་ད་ལྟའི་རྒྱང་སྒྲོག་བརྙན་འཕྲིན་ཕྱིར་གཏོང་དང་བརྒྱུད་འདྲེན།བརྒྱུད་སྐྱེལ་བཅས་ཀྱི་སྒྲིག་ཆས་དོ་དམ་སྡེ་ཁག་གཙོ་ཡིན་པའི་དོ་དམ་སྲུང་སྐྱོང་སྲོག་ཤིང་དུ་བསྒྱུར། རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ལ་སྲུང་སྐྱོང་བྱེད་པར་ཤུགས་སྣོན་པ་དང་།རྒྱང་སྒྲོག་བརྙན་འཕྲིན་བདེ་འཇགས་ངང་ཕྱིར་གཏོང་བ་དང་བརྒྱུད་འདྲེན། བརྒྱུད་སྐྱེལ་བཅས་བྱེད་པར་འགན་སྲུང་བྱེད་པ། རྒྱ་ཆེའི་མང་ཚོགས་ཀྱིས་རྒྱང་སྒྲོག་ལ་ཉན་པ་དང་དང་བརྙན་འཕྲིན་ལ་བལྟ་བའི་གཞི་རྩའི་རིག་གནས་ཁེ་དབང་ལ་འགན་སྲུང་བྱེད་པ་བཅས་ནི་སྔར་བས་ཀྱང་རྒྱང་སྒྲོག་བརྙན་འཕྲིན་སྲིད་འཛིན་དོ་དམ་སྡེ་ཁག་གིས་ཞིབ་འཇུག་བྱས་ནས་འགག་སྒྲོལ་དང་ཁྲིམས་འཛུགས་ཐད་ནས་ཐག་གཅོད་བྱ་དགོས་པའི་གནད་དོན་གཙོ་བོར་གྱུར། 2000ལོའི་ཟླ11པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་སྲུང་སྐྱོང་སྲོལ་ཡིག》བསྒྲགས་བྱས་པ་ནས་བཟུང་། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས《སྲོལ་ཡིག》སྟེང་གི་ཆོད་དོན་སྣ་ཚོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་པ་དང་།རང་ཞིང་གི་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་སྲུང་སྐྱོང་བྱེད་པའི་བྱ་བའི་ནང་རྐྱེན་ཧུར་བརྩོན་སྒོས་འཚོལ་ཞིབ་བྱས་པར་མ་ཟད། 《མཚོ་སྔོན་ཞིང་ཆེན་གྱི་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་སྲུང་སྐྱོང་བྱེད་ཐབས》ལ་རྟོག་ཞིབ་དང་འཆར་ཟིན་འགོད་པའི་བྱ་བ་མགོ་བརྩམས།ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཐབས་ཇུས་བྱེད་ཕྱོགས་བཏོན་པས། རང་ཞིང་གིས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བ་དང་ཁྲིམས་སྐྱོང་རྒྱང་སྒྲོག་བརྙན་འཕྲིན་འཛུགས་སྐྲུན་བྱེད་པའི་ཐད་ཁ་ཕྱོགས་གསལ་བོ་བཏོན་པ་དང་། ཞིང་ཆེན་སྲིད་གཞུང་བཅའ་ཁྲིམས་གཞུང་ལས་ཁང་གི་སེམས་ཞིབ་མོའི་ཁྲིད་སྟོན་འོག ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་རང་ཞིང་གི་དོན་དངོས་དང་སྦྲེལ་ཞིང་ཞིང་ཆེན་གཞན་པའི་ཉམས་མྱོང་སྡུད་ལེན་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི《རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་སྲུང་སྐྱོང་སྲོལ་ཡིག》གི་འབྲེལ་ཡོད་ཆོད་དོན་སྔར་ལས་ཇེ་ཞིབ་ཏུ་གཏོང་རྒྱུ་ཡིན་པ་དང་། ལག་རྩལ་གསར་བ་དང་བྱེད་སྒོ་གསར་བའི་དོ་དམ་ནང་དོན་ཇེ་མང་དུ་གཏོང་བ་དང་མཉམ་དུ། ཆེད་མཁས་པ་མང་པོས་ཐེངས་མང་པོར་རིགས་པས་སྒྲུབ་པ་བརྒྱུད།རང་ཞིང་གི་ས་གནས་ཁྱད་ཆོས་དང་མཐུན་པའི་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་སྲུང་སྐྱོང་ཐད་ཀྱི་སྲིད་གཞུང་གི་སྒྲིག་སྲོལ་མང་པོ་བཟོས་པར་མ་ཟད། 2015ལོའི་ཟླ3པའི་ཚེས27ཉིན་གྱི་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས41པའི་སྟེང་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། 《བྱེད་ཐབས》འདི་ཁྱབ་བསྒྲགས་དང་ལག་བསྟར་བྱས་ན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་དང་། འབྲེལ་ཡོད་སྡེ་ཁག་སོ་སོས་ཁྲིམས་བཀོད་འགན་འཁྲི་ལག་བསྟར་བྱས་ཏེ། རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ལ་མཉམ་དུ་སྲུང་སྐྱོང་བྱེད་པའི་ཐད་ཁྲིད་སྟོན་གྱི་ནུས་པ་གལ་ཆེན་ལྡན། གཉིས་པ། ཁྲིམས་སྐྱོང་དྲིལ་བསྒྲགས་ཤུགས་ཆེར་སྤེལ་ཏེ། 《བྱེད་ཐབས》ལག་ལེན་མཐར་ཕྱིན་བྱེད་པར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས། རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་བདེ་འཇགས་ཡོང་བ་དང་རྒྱང་སྒྲོག་བརྙན་འཕྲིན་བདེ་འཇགས་ངང་གཏོང་བར་ཁག་ཐེག་བྱ་རྒྱུ་དེ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོར་འབྲེལ་བ་ཡོད་པའི་དམངས་འཚོ་དོན་ཆེན་ཞིག་ཡིན་པས། རྒྱལ་ཁབ་ཀྱི་རིག་གནས་དང་ཆ་འཕྲིན་བདེ་འཇགས་ལ་ཐད་ཀར་འབྲེལ་བ་ཡོད་ལ། ཏང་དང་རྒྱལ་ཁབ་ཀྱི་གཞི་རྩའི་ལམ་ཕྱོགས་དང་བྱེད་ཕྱོགས།སྲིད་ཇུས་བཅས་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་པར་འབྲེལ་བ་དམ་པོའང་ཡོད། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)དང་རྫོང་སོ་སོའི་རྒྱང་སྒྲོག་བརྙན་འཕྲིན་སྲིད་འཛིན་དོ་དམ་སྡེ་ཁག་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་རྒྱང་སྒྲོག་བརྙན་འཕྲིན་དང་དྲ་བ།ཚགས་དེབ་སོགས་གསར་འགྱུར་སྨྱན་བྱེད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། 《བྱེད་ཐབས》དྲིལ་བསྒྲགས་དང་སློབ་གསོ་ནུས་པ་ཇེ་ཆེར་གཏོང་དགོས་ལ། ནང་སྒོས་སུ་རྒྱང་སྒྲོག་བརྙན་འཕྲིན་གྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ངོ་བོ་དྲིལ་བསྒྲགས་དང་སློབ་གསོ་ཤུགས་ཆེར་སྤེལ་ཏེ། མི་དམངས་མང་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་གི་འདུ་ཤེས་དང་བཅའ་ཁྲིམས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ་དང་། སྤྱི་ཚོགས་ཡོངས་དེའི་ནང་དུ་ཞུགས་པར་ཧུར་བརྩོན་གྱིས་སྐུལ་ཁྲིད་བྱེད་པ་བཅས་བྱས་ཏེ། མཉམ་དུ་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ལ་སྲུང་སྐྱོང་བྱ་དགོས་པ་དང་། 《བྱེད་ཐབས》གཏིང་ཟབ་སྒོས་ལག་ལེན་མཐར་ཕྱིན་བྱེད་པར་བསམ་བློའི་རྨང་གཞི་ལེགས་པོ་འདིང་དགོས། གཅིག་ནས་བྱེད་ཐབས་མང་པོ་སྤྱད་དེ། ཁྲིམས་སྐྱོང་སློབ་སྦྱོང་དང་གསོ་སྦྱོང་ཤུགས་ཆེར་སྤེལ་དགོས། ཞིང་ཆེན་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་མ་ལག་གིས《བྱེད་ཐབས》ཁྱབ་བསྒྲགས་བྱེད་པའི་གོ་སྐབས་དང་བསྟུན་ནས། དྲིལ་བསྒྲགས་འགྲེམ་ཡིག་དཔར་བ་དང་ཁྲིམས་སྲོལ་གསོ་སྦྱོང་འཛིན་གྲྭ་བསྡུ་བ། བཞུགས་མོལ་ཚོགས་འདུ་བསྡུ་བ་སོགས་ཀྱི་རྣམ་པ་སྤྱད་དེ། ལས་བྱེད་པ་དང་ལས་བཟོ་པ་ཡོངས་ཀྱི་ཁྲོད་རྒྱང་སྒྲོག་བརྙན་འཕྲིན་ཐད་ཀྱི་སྲིད་འཛིན་ཁྲིམས་སྲོལ་དང་སྲིད་འཛིན་སྒྲིག་ཡིག་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་བྱ་འགུལ་རྒྱ་ཆེར་སྤེལ་བ་དང་། ནང་སྒོས་སུ་རྒྱང་སྒྲོག་བརྙན་འཕྲིན་ཐད་ཀྱི་ཁྲིམས་ལུགས་ལས་བྱེད་པ་དང་ཁྲིམས་བསྟར་མི་སྣར་རྩ་འཛུགས་སྒོས་སློབ་སྦྱོང་བྱེད་དུ་བཅུག་ནས།ལས་ཞུགས་མི་སྣར་འབྲེལ་ཡོད་ནང་དོན་ཁོང་དུ་ཆུད་པར་བྱ་དགོས་པ་དང་། 《བྱེད་ཐབས》ཀྱི་ཞིབ་ཕྲའི་དོན་ཚན་ཡང་དག་གིས་རྒྱུས་ལོན་དང་ཤེས་སུ་འཇུག་དགོས། གཉིས་ནས་བྱེད་ཐབས་ཇེ་དྲག་ཏུ་བཏང་ནས། རྒྱང་སྒྲོག་བརྙན་འཕྲིན་ཐད་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱ་བར་སྐུལ་འདེད་གཏོང་དགོས། 《བྱེད་ཐབས》དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་པ་དང《ཉེས་ཁྲིམས》དོན་ཚན124པའི་ནང་གི་ཁྲིམས་འཛིན་འགྲེལ་བཤད་གཉིས་ཟུང་འབྲེལ་དམ་པོ་བྱས་ཏེ། གཙོ་བོར་སྒྲིག་ཆས་སྲུང་སྐྱོང་ཐད་ཀྱི་གཏན་འགོག་རང་བཞིན་གྱི་དོན་ཚན་དང་སྲུང་སྐྱོང་འགན་འཁྲི། འགན་འཁྲི་རྩད་གཅོད་སོགས་ཀྱི་ནང་དོན་དྲིལ་བསྒྲགས་བྱ་དགོས་ལ།ཧུར་བརྩོན་གྱིས་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ལ་སྲུང་སྐྱོང་དང་ཁྲིམས་འགལ་ཉེས་བསགས་བྱ་སྤྱོད་ལ་རྡུང་རྡེག་གཏོང་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་ལེགས་པོ་ཞིག་བསྐྲུན་དགོས། གསུམ་ནས་དྲིལ་བསྒྲགས་བྱེད་ཐབས་གསར་གཏོད་བྱས་ཏེ། གླེང་ཕྱོགས་ཀྱི་སྣང་ཚུལ་ལེགས་པོ་ཞིག་བསྐྲུན་དགོས། རྒྱང་སྒྲོག་བརྙན་འཕྲིན་གྱི་སྨྱན་བྱེད་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། གཙོ་གནད་འབུར་ཐོན་དང་ཕྱོགས་ཡོངས། ཐབས་ལམ་མང་པོ་བཅས་ཀྱིས་དྲིལ་བསྒྲགས་དང་གནས་ཚུལ་འགོད་པའི་བྱ་བ་ལེགས་པོར་བསྒྲུབ་དགོས་པར་མ་ཟད། བརྡ་ཐོ་སྤེལ་བ་དང་སྤྱི་ཕན་བརྡ་ཁྱབ་བཟོ་བ། དྲི་བ་འདོན་པ་དང་བཅར་འདྲི་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། དྲིལ་བསྒྲགས་བྱ་བ་ཚ་ཚ་འུར་འུར་གྱིས་སྤེལ་ནས། རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་སྲུང་སྐྱོང་བྱ་བ་ཁྱིམ་ཚང་རེ་རེ་དང་མི་རེ་རེར་ཤེས་སུ་འཇུག་དགོས་ལ། སྤྱི་ཚོགས་ཡོངས་ཀྱིས《བྱེད་ཐབས》བརྩི་སྲུང་བྱེད་པའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་བསྟུད་མར་ཇེ་མཐོར་གཏོང་དགོས། བཞི་ནས་གཙོ་གནད་དང་གནད་འགག་དམ་འཛིན་བྱས་ཏེ། 《བྱེད་ཐབས》སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་ཚད་ཇེ་དྲག་ཏུ་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་མ་ལག་གི་ལས་བྱེད་པ་དང་ལས་བཟོ་པས་སྣེ་ཁྲིད་སྒོས《བྱེད་ཐབས》སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ།རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་སྲུང་སྐྱོང་གི་ཁྱབ་ཁོངས་དང་གཞན་ད་རུང་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁྲི་གཏན་ཁེལ་གསལ་བོར་ཤེས་སུ་བཅུག་ནས།སྒྲིག་ཆས་ལ་སྲུང་སྐྱོང་བྱེད་པའི་བྱ་བ་སྔར་ལས་ཚད་ལྡན་དང་ཤུགས་དྲག་ཏུ་གཏོང་དགོས། ལྔ་ནས་ཡར་ཞུ་དང་བསམ་བློ་བརྗེ་རེས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས།ཧུར་བརྩོན་གྱིས《བྱེད་ཐབས》ལག་བསྟར་བྱས་པའི་གནས་ཚུལ་དེ་ས་གནས་ཏང་ཨུ་དང་དམངས་ཆེན། སྲིད་གཞུང་བཅས་ལ་སྙན་ཞུ་འབུལ་དགོས་པ་དང་། འབྲེལ་ཡོད་སྡེ་ཁག་ལ་བརྗེ་རེས་དང་འབྲེལ་མཐུད། འབྲེལ་ཡོད་སྡེ་ཁག་སོ་སོའི་རྒྱབ་སྐྱོར་དང་མཉམ་སྡེབ་བརྩོན་ལེན་བྱས་ཏེ། རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་སྲུང་སྐྱོང་བྱ་བ་དེ་ཁྱབ་ཁོངས་སོ་སོའི་ལས་རིགས་སོ་སོར་དངོས་འབེབས་བྱ་དགོས།དྲུག་ནས་ཁོངས་གཏོགས་ས་ཆས་དོ་དམ་བྱེད་པའི་རྩ་དོན་དངོས་འབེབས་བྱས་ཏེ། ས་གནས་སྲིད་འཛིན་གྱི་ཁྲིམས་སྐྱོང་ནུས་ཤུགས་ཇེ་ཆེར་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱིས་ཧུར་བརྩོན་སྒོས་ཕྱོགས་བསྡུས་བཅོས་སྐྱོང་དང་སྤྱི་བདེ། ཁྲིམས་འཛིན་བཅས་ཀྱི་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ། རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ལ་གཏོར་བརླག་གཏོང་བའི་གྱོད་དོན་ནན་ཏན་གྱིས་མཐུན་སྦྱོར་དང་རྒྱུ་རྐྱེན་ལ་དབྱེ་ཞིབ། ཁྱད་ཆོས་ཁོང་དུ་ཆུད་པ་བཅས་བྱ་དགོས་པ་དང་། ཡུལ་དངོས་ནས་འཛིན་པ་དང་གྱོད་གཞི་རྙིང་བ་རྩད་གཅོད་བྱས་ཏེ། ཧུར་བརྩོན་གྱིས་རྡུང་རྡེག་ནན་མོ་གཏོང་བའི་སྣང་ཚུལ་ཆགས་སུ་འཇུག་དགོས་ལ། རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ལ་སྲུང་སྐྱོང་བྱེད་པའི་བྱ་བ་དེ་གཏིང་ཟབ་སར་སྤེལ་དགོས། གསུམ་པ།བསམ་བློ་བརྗེ་རེས་དང་མཐུན་སྦྱོར་བྱེད་པར་ཤུགས་བསྣན་ཏེ། རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱ་དགོས། རྒྱང་སྒྲོག་བརྙན་འཕྲིན་གྱི་སྤྱི་ཚོགས་དོ་དམ་དང་སྒྲིག་ཆས་ལ་སྲུང་སྐྱོང་བྱེད་པའི་བྱ་བ་ནི་སྤྱི་ཚོགས་རང་བཞིན་དྲག་པོ་ལྡན་པའི་བྱ་བ་ཞིག་ཡིན་པས། ཕྱོགས་སོ་སོ་དང་གནད་འགག་རེ་རེར་འབྲེལ་ཡོད། སྔོན་ཆད་འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན།རྒྱང་སྒྲོག་བརྙན་འཕྲིན་སྲིད་འཛིན་དོ་དམ་སྡེ་ཁག་གི་བར་ལ་མཐུན་སྦྱོར་དང་འབྲེལ་མཐུད་བྱེད་པ་མི་འདང་བས། བཟོ་འགོད་ལས་གཞི་ལས་མགོ་བརྩམས་རྗེས། རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་བཀོད་སྒྲིག་དང་གྲུབ་ཚུལ་བར་འགལ་ཟླ་བྱུང་བར་མ་ཟད། རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་བཀོལ་སྤྱོད་བྱེད་ནུས་ལ་གནོད་པ་དང་ཆག་སྐྱོན་བཟོ་བའམ་ཡང་ན་བཟོ་འགོད་འཛུགས་སྐྲུན་བྱས་ཏེ་རྒྱང་སྒྲོག་བརྙན་འཕྲིན་གྱི་བརྡ་རྟགས་དང་སྦྲེལ་སྐབས་དཀའ་ཁག་མང་པོར་འཕྲད་སྲིད་པ་དང་། ཡང་ནས་བསྐྱར་དུ་ལེགས་སྒྱུར་དང་འཛུགས་སྐྲུན་བྱ་དགོས་པས་ཆུད་ཟོས་མང་པོ་བཟོས་པ་རེད། དེའི་རྐྱེན་གྱིས་སྔོན་ཆད་བྱུང་མྱོང་བའི་གནད་དོན་རྙིང་བ་འདི་དག་དང་རྗེས་མར་འབྱུང་སྲིད་པའི་གནད་དོན་གསར་བར་ཇི་ལྟར་གཡོལ་དགོས་ཤེ་ན། སྡེ་ཁག་སོ་སོ་དང་ལས་རིགས་སོ་སོའི་བར་བསམ་བློ་བརྗེ་རེས་དང་མཐུན་སྦྱོར་མང་དུ་བྱས་ནས་འགན་འཁྲི་གསལ་བོར་བྱ་དགོས། རིམ་པ་སོ་སོའི་རྒྱང་སྒྲོག་བརྙན་འཕྲིན་སྲིད་འཛིན་དོ་དམ་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་བསམ་བློ་བརྗེ་རེས་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། རང་སྲིད་འཛིན་ཁྱབ་ཁོངས་ནང་གི་ད་ཡོད་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་ཞིབ་ཕྲའི་བཀོད་སྒྲིག་དང་ཁྱབ་ཚུལ་སོགས་ཀྱི་དཔྱད་གཞིའི་ཡིག་རིགས་དུས་ལྟར་འདོན་སྤྲོད་བྱ་དགོས། དེ་དང་མཉམ་དུ་ད་རུང《བྱེད་ཐབས》ཀྱི་འབྲེལ་ཡོད་དོན་ཚན་ལྟར། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན(འཆར་འགོད)སྲིད་འཛིན་དོ་དམ་སྡེ་ཁག་གིས་མཁར་གྲོང་གི་འཆར་འགོད་ལེགས་སྒྲིག་དང་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པར་འབྲེལ་བ་ཡོད་པ་དང་འཛུགས་སྐྲུན་བཟོ་འགོད་འཆར་འགོད་ཀྱི་ཆོག་འཐུས་དཔང་ཡིག་ཞིབ་བཤེར་འགྲེམ་གཏོང་བྱེད་སྐབས། རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་དང་སྦྲེལ་ན།སྔོན་ལ་རིམ་མཚུངས་རྒྱང་སྒྲོག་བརྙན་འཕྲིན་སྲིད་འཛིན་དོ་དམ་སྡེ་ཁག་གི་བསམ་འཆར་སྡུད་ལེན་བྱ་དགོས་པར་མ་ཟད། རྒྱང་སྒྲོག་བརྙན་འཕྲིན་ཕྱིར་གཏོང་ཁེབས་ཚད་བསྐྲུན་པའི་བྱ་བར་མཉམ་དུ་ཇུས་འགོད་དང་མཉམ་དུ་ཨར་ལས།མཉམ་དུ་ཞིབ་བཤེར་རྩིས་ལེན་བཅས་བྱས་ཏེ། རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་འཛུགས་སྐྲུན་དེ་འཆར་འགོད་ཀྱི་བླང་བྱ་དང་མཐུན་པར་བྱ་དགོས། དེའི་རྐྱེན་གྱིས། 《བྱེད་ཐབས》འགྲེམ་སྤེལ་དང་ལག་བསྟར་བྱས་པ་དེས། རྒྱང་སྒྲོག་བརྙན་འཕྲིན་གྱི་སྤྱི་ཚོགས་དོ་དམ་དང་སྒྲིག་ཆས་སྲུང་སྐྱོང་བྱ་བའི་རྩ་འཛུགས་ཆུ་ཚད་ཆེས་ཆེར་ཇེ་མཐོར་བཏང་བ་དང་མཉམ་དུ། སྡེ་ཁག་སོ་སོ་དང་ལས་རིགས་སོ་སོར《བྱེད་ཐབས》ཀྱི་འབྲེལ་ཡོད་དོན་ཚན་ལྟར།བསམ་བློ་བརྗེ་རེས་དང་འབྲེལ་གཏུག་བྱེད་པར་ཤུགས་སྣོན་པ་དང་། སྤྱི་ཡོངས་ལ་ལྟ་རྟོག་དང་ཕན་ཚུན་ལ་རོགས་རམ། མཉམ་སྡེབ་དམ་པོ་བཅས་བྱས་ཏེ། ནུས་ཤུགས་གཅིག་སྒྲིལ་དང་ཐུན་མོང་གིས་བྱ་བ་འདི་ལེགས་པོར་སྒྲུབ་པའི་སྣང་ཚུལ་བསྐྲུན་དགོས། བཞི་པ། དོ་དམ་ལ་ཤུགས་སྣོན་པ་དང་ཆུ་ཚད་ཇེ་མཐོར་བཏང་ནས། ཁྲིམས་སྐྱོང་རྒྱང་སྒྲོག་བརྙན་འཕྲིན་གྱི་འཛུགས་སྐྲུན་ལ་ཕན་ནུས་ཐོན་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། 《བྱེད་ཐབས》ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་དེ་ནི་རང་ཞིང་གི་རྒྱང་སྒྲོག་བརྙན་འཕྲིན་མ་ལག་གིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ཁྱོན་ཡོངས་ནས་ལག་བསྟར་དང་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཐབས་ཇུས་བཀོད་སྒྲིག་དང་བླང་བྱར་སྐུལ་འདེད་བཏང་ནས། ཁྲིམས་སྐྱོང་རྒྱང་སྒྲོག་བརྙན་འཕྲིན་འཛུགས་སྐྲུན་བྱེད་པའི་བཅོས་བསྒྱུར་ཐབས་ལམ་གལ་ཆེན་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་མ་ལག་གིས《བྱེད་ཐབས》སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་གོ་སྐབས་འདི་དམ་འཛིན་དང་། རང་ཞིང་གི་རྒྱང་སྒྲོག་བརྙན་འཕྲིན་བྱ་བའི་དོན་དངོས་དང་ཟུང་དུ་སྦྲེལ་ཏེ། དོ་དམ་ལ་སྔར་ལས་ཤུགས་སྣོན་པ་དང་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་བ། གཙོ་བོར་ཁྲིམས་ལྟར་སྲིད་འཛིན་དོ་དམ་དང་དྲིལ་བསྒྲགས་ཁྲིད་སྟོན་དོ་དམ། སྨྱན་བྱེད་ལས་ཁུངས་དོ་དམ། བདེ་འཇགས་ཕྱིར་གཏོང་དོ་དམ། ལས་གཞི་དོ་དམ།ཐོན་ལས་དང་ཁེ་ལས་དོ་དམ་བཅས་ཇེ་དྲག་ཏུ་གཏོང་དགོས་པར་མ་ཟད། ལམ་ལུགས་སྣ་ཚོགས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་ཁྲིམས་སྐྱོང་རྒྱང་སྒྲོག་བརྙན་འཕྲིན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། གཅིག་ནས་ལམ་ལུགས་དང་ནང་རྐྱེན་འཛུགས་པ་དང་འཐུང་ཚང་དུ་བཏང་ནས། དོ་དམ་དང་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་དགོས། 《མཚོ་སྔོན་ཞིང་ཆེན་གྱི་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་སྲུང་སྐྱོང་བྱེད་ཐབས》ཀྱི་ཁྲིམས་འཛུགས་ཡོངས་སུ་འགྲུབ་པའི་རྨང་གཞིའི་སྟེང་། 《མཚོ་སྔོན་ཞིང་ཆེན་གྱི་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་སྲུང་སྐྱོང་དང་དོ་དམ་བྱེད་ཐབས》དང《མཚོ་སྔོན་ཞིང་ཆེན་གྱི་རྒྱང་སྒྲོག་བརྙན་འཕྲིན་གྱི་སྤྱི་པའི་ཞབས་ཞུ་དོ་དམ་བྱེད་ཐབས》བཟོ་བ་དང་འགྲེམ་སྤེལ་བྱེད་དགོས་པ་དང་། ལམ་ལུགས་ཀྱི་སྟེང་ནས《མཚོ་སྔོན་ཞིང་ཆེན་གྱི་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་སྲུང་སྐྱོང་བྱེད་ཐབས》ལ་འདེགས་སྐྱོར་དང་འཐུས་ཚང་དུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་བརྡ་རྟགས་བདེ་འཇགས་ཡོང་བ་དང་སྤུས་ལེགས་སྒོས་གཏོང་བ། ཕྱིར་གཏོང་དང་བརྒྱུད་སྐྱེལ། རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་པའི་འགན་སྲུང་བྱ་བ་བཅས་ལེགས་པོར་བསྒྲུབ་དགོས།གཉིས་ནས་ཁྲིམས་ལྟར་སྲིད་འཛིན་པ་རྒྱུན་འཁྱོངས་བྱས་ཏེ།ལས་རིགས་ལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་དགོས། རྒྱང་སྒྲོག་བརྙན་འཕྲིན་དང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་ལ་སློབ་སྦྱོང་དང་གོ་བ་ལེན་པར་ཤུགས་བསྣན་ཏེ། ཁྲིམས་ལྟར་སྲིད་འཛིན་པ་དང་ཁྲིམས་ལྟར་དོ་དམ་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་ལ། ཞིང་ཆེན་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་མ་ལག་གིས་ཁྲིམས་ལྟར་ཇུས་གཞི་འདོན་པ་དང་ཁྲིམས་ལྟར་སྲིད་འཛིན་པ། ཁྲིམས་ལྟར་དོ་དམ་བྱེད་པ། ཁྲིམས་ལྟར་བདག་གཉེར་བྱེད་པ་བཅས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། རྒྱང་སྒྲོག་བརྙན་འཕྲིན་གྱི་འགུལ་ཚད་དང་བརྒྱུད་ལམ་དོ་དམ་ལ་དངོས་གནས་ཤུགས་བསྣན་ཏེ། དྲ་བ་བརྒྱུད་དེ་ཉན་པ་དང་བལྟ་བའི་ལེ་ཚན་ལ་ཉན་ཞིབ་དང་ལྟ་ཞིབ་བྱེད་པར་ཤུགས་བསྣན་དགོས། མངའ་ཁོངས་ཕྱིའི་འཁོར་སྐར་སྡུད་ལེན་བྱེད་པའི་སྒྲིག་ཆས་ལ་ཆེད་དམིགས་སྒོས་གཙང་སེལ་དང་ལེགས་སྒྲིག་བྱེད་པའི་བྱ་བའི་ཤུགས་ཚད་ཇེ་ཆེར་བཏང་ནས། “སླ་ང་ནག་པོ་མེད་པའི”རྫོང (གྲོང་ཁྱེར)དང་སྡེ་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་འགུལ་སྤེལ་བ་དང་། སྤྱི་ཚོགས་དོ་དམ་གསར་སྐྲུན་དང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཐད་དགོས་ངེས་ཀྱི་བྱས་རྗེས་འཇོག་དགོས།གསུམ་ནས་ཁྲིམས་སྐྱོང་རྒྱང་སྒྲོག་བརྙན་འཕྲིན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་ཏུ་བཏང་སྟེ། རྒྱང་སྒྲོག་བརྙན་འཕྲིན་གྱི་སྤྱི་པའི་ཞབས་ཞུ་མ་ལག་འཛུགས་པར་འདེགས་སྐྱོར་འདོན་སྤྲོད་བྱ་དགོས། “ལྔ·བཅུ་གསུམ”གྱི་རྒྱང་སྒྲོག་བརྙན་འཕྲིན་འཕེལ་རྒྱས་འཆར་འགོད་སྒྲིག་བཟོ་བྱེད་པར་མཉམ་འབྲེལ་བྱས་པ་དང་། ཁྲིམས་སྐྱོང་རྒྱང་སྒྲོག་བརྙན་འཕྲིན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དེ་རྒྱང་སྒྲོག་བརྙན་འཕྲིན་གྱི་བྱ་བ་སྣ་ཚོགས་ཁྲོད་བསྟར་ལ་བརྒྱུས་ཏེ། དམིགས་འབེན་སྔར་ལས་གསལ་བོ་དང་འགན་འཁྲི་དོན་འཁྱོལ་བྱེད་པ། ཞིང་ཆེན་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་ཚད་གཞི་དང་ལག་བསྟར་འཆར་གཞི་བཟོས་ནས། འཆར་འགོད་ཐབས་ལམ་ཇེ་ཞིབ་ཏུ་གཏོང་ཞིང་གཙོ་གནད་ལས་གཞི་དང་བྱེད་ཐབས་སྟེང་དུ་འབབ་དགོས་པ་དང་འཆར་གཞི་ལ་ལག་ལེན་རང་བཞིན་སྔར་ལས་ལྡན་དུ་འཇུག་དགོས། “ཁེབས་ཚད་ཇེ་ལེགས་སུ་གཏོང་བ་དང་བརྒྱུད་སྐྱེལ་ཇེ་མཐོར་གཏོང་བ། སྒྲིག་བཟོ་ལ་ཤུགས་སྣོན་པ། ཐོན་ལས་སྐྱེད་སྲིང་བྱེད་པ”བཅས་ཀྱི་སྤྱིའི་རིགས་ལམ་ལྟར། ཁྱིམ་ཚང་རེ་རེར་གཏོང་བ་དང་སྐུད་ཡོད་བརྙན་འཕྲིན་གཙོ་ཡིན་པའི་ཁེབས་སྟངས་ཀྱི་རྒྱང་སྒྲོག་་བརྙན་འཕྲིན་ཞབས་ཞུའི་སྒྲོམ་གཞི་ཤུགས་ཆེན་པོས་འཛུགས་སྐྲུན་བྱ་དགོས། རྒྱང་སྒྲོག་བརྙན་འཕྲིན་གྱི་ཁེབས་ནུས་ཇེ་ལེགས་སུ་གཏོང་བ་དང་རྒྱང་སྒྲོག་བརྙན་འཕྲིན་གྱི་འདྲེན་གཏོང་ནུས་པ་ཇེ་མཐོར་གཏོང་བ། རྒྱང་སྒྲོག་བརྙན་འཕྲིན་གྱི་སྒྲིག་བཟོ་ནུས་པ་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། རྒྱང་སྒྲོག་བརྙན་འཕྲིན་གྱི་སྤྱི་པའི་ཞབས་ཞུ་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། རྫོང་རིམ་པའི་རྒྱང་སྒྲོག་བརྙན་འཕྲིན་སྡེ་ཁག་རྨང་གཞི་ཡིན་པའི་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་འཁོར་སྐྱོད་ལ་སྲུང་སྐྱོང་བྱེད་པའི་འདྲེན་གཏོང་སྒྲིག་བཟོ་དང་ལྟ་ཞིབ་ཚད་ལེན་དོ་དམ་མ་ལག་བཙུགས་ནས། སྤྱི་པའི་ཞབས་ཞུ་ནུས་པ་ཁྱོན་ཡོངས་ནས་ཇེ་མཐོ་དང་དམངས་འཚོ་ཞབས་ཞུའི་ནུས་པ་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་དགོས།  །

 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག