མདུན་ཤོག- གནས་སྐོར།- གནའ་ཤུལ་གྲགས་ཆེན།

རྫོང་རྒྱབ་ཀླུ་ཁང་།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   2014-07-30 11:29

དབེན་འཇམ་ཉམས་དགའི་ཀླུ་ཁང་གི་མཛེས་ལྗོངས།

འཛམ་གླིང་ཡང་རྩེའི་ལྟེ་བར་གནས་པའི་གནའ་གྲོང་དཔལ་གྱི་ཆོས་འཁོར་ལྷ་སར་མི་ལོ་ཆིག་སྟོང་སུམ་གསུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པ་དང་ཕོ་བྲང་པོ་ཏ་ལ་གཙོ་བོར་བྱས་པའི་གནའ་ཤུལ་གྲགས་ཅན་མང་པའི་གྲོང་ཁྱེར་ཞིག་ཡིན། དེར་བརྟེན་རྫོང་རྒྱབ་ཀླུ་ཁང་ཡང་དེའི་ནང་གི་མིང་གྲགས་ཆེ་བ་ཞིག་ཡིན། རྫོང་རྒྱབ་ཀླུ་ཁང་ནི་ཕོ་བྲང་པོ་ཏ་ལའི་རྒྱབ་ཏུ་གནས་ཡོད་ཅིང་ཚང་ཚིང་ལྗོན་ཤིང་གིས་ཡོངས་སུ་བསྐོར་བའི་སྐྱེད་ཚལ་དཀྱིལ་གྱི་མཚེའུ་ཡི་དབུས་སུ་ཐོག་བརྩེགས་གསུམ་ལྡན་གྱི་ཕོ་བྲང་ངོ་མཚར་ཆེ་བ་ཞིག་ཡོད་པ་འདི་ནི་རྒྱལ་དབང་སྐུ་ཕྲེང་ལྔ་པའི་དུས་སྐབས་སུ་ཕོ་བྲང་དཀར་པོ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་སུ་ཕོ་བྲང་དམར་པོ་བཞེངས་སྐབས་ཨར་བསྐྲུན་ལ་མཁོ་བའི་འདམ་པ་དང་ས་བླངས་པས་གནས་དེར་ས་དོང་ཆེན་པོ་ཞིག་ཆགས་ནས་རང་བཞིན་དུ་ཆུ་སྐྱེས་པས་རིམ་གྱིས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ལྔ་ཙམ་ཡོད་པའི་མ་བཅོས་རང་བྱུང་གི་མཚེའུ་ཆེན་པོ་ཞིག་ཆགས་པ་རེད།

བྱ་རིགས་ཚོགས་རྣམས་རང་འདོད་ཅི་དགར་རོལ་བ།

རྗེས་སུ་ཕོ་བྲང་པོ་ཏ་ལ་བསྐྱར་བསྐྲུན་ཟིན་མཚམས། དེའི་རྒྱུ་ཆ་ལྷག་མ་རྣམས་ཀྱིས་མཚེའུ་དེའི་དབུས་སུ་ཕོ་བྲང་ཟུར་བརྒྱད་ཅིག་བསྐྲུན་ནས་ཀླུ་མོ་མལ་གྲོ་གཟི་ཅན་གྱི་གནས་ཁང་དུ་ཕུལ་བར་གྲགས། རྫོང་རྒྱབ་ཀླུ་ཁང་གི་ལྡེབས་རིས་སུ་སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར་དང་པདྨ་འོད་འབར། འགྲོ་བ་བཟང་མོ་སོགས་ཀྱི་གཏམ་རྒྱྱད་རྩ་ཆེན་མང་པོ་ཡོད་ལ་ཕོ་བྲང་གི་དབུས་སུ་མལ་གྲོ་གཟི་ཅན་གྱི་ཀླུ་དང་ཀླུ་ཆེན་བརྒྱད་ཀྱི་སྐུ་བརྙན་ཡང་ཡོད། དེ་རྗེས་སྤྱི་ལོ1792ལྕགས་ཕག་ལོར་རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོས་ཀླུའི་ཕོ་བྲང་ཐོག་བརྩེགས་ཅན་དེ་གྲུ་བཞི་མདའ་ཡབ་དང་ཧོར་ཕིབས་ཏོག་ལྡན་བཅས་པ་གསར་བཞེངས་གནང་ནས་དབུ་རྩེར་གོང་སའི་གཟིམ་ཆུང་། དེ་འོག་གཙང་ཁང་ནང་ལྷ་གཅིག་ཀོང་ཇོའི་རྗེས་སུ་འབྲངས་པའི་ལྷ་ཆེན་གྲིབ་རྫོང་བཙན་པ་དང་། ཀླུའི་དཀྱིལ་འཁོར། གཏེར་རྫས། གཏེར་བུམ་སོགས་བཞུགས།

དད་ལྡན་སེར་སྐྱ་མང་ཚོགས་ཀླུ་ཁང་དུ་བསྐོར་བར་བསྐྱོད་པ།

སྤྱི་ལོ1801ལོར་རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་དང་པཎ་ཆེན་བསྟན་པའི་ཉི་མ་རྣམ་གཉིས་རྫོང་རྒྱབ་ཀླུ་ཁང་དུ་ལྷན་དུ་ཕེབས་ནས་ཀླུའི་བུམ་པ་སྒྲུབ་ཆོག་གནང་ནས་ཆར་འབེབས་དང་། མཚོའི་ནང་ཀླུ་བུམ་འབུལ་གནང་གིས་ཤིང་གྲུར་བཞུགས་ནས་མཚོ་སྐོར་དང་གླང་ཆེན་ཆིབས་པ་སོགས་སྤྲོ་འཆམ་དང་སེ་འབྲས་ཀྱི་མཚན་ཉིད་པ་ཚོས་ཀྱང་གཞུང་ཆེན་མོའི་བགྲོ་གླེང་གི་བཤད་གྲྭ་བཙུགས་པ་དང་འབྲེལ་ལྷན་རྒྱས་གསོལ་སྟོན་གནང་མྱོང་བ་དང་དེ་ནས་བཟུང་ལོ་ལྟར་ཆར་ཆུ་དུས་སུ་བབ་ཆེད་ཀླུའི་བུམ་པ་སྣ་ཚོགས་སྦ་ཆོག་བྱེད་པ་དང་བོད་ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་སྟོན་པ་བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་པ་དང་སྐུ་མྱ་ངན་ལས་འདས་པའི་དུས་ཆེན་ཁག་ཁེལ་བས། དེ་ཉིན་ལྷ་སའི་མང་ཚོགས་རྒན་གཞོན་ཚང་མ་སྔ་དྲོར་དགེ་བའི་ལས་ལ་བརྩོན་ཞིང་ཕྱི་དྲོར་གླིང་ཁ་གཏོང་བའི་སྲོལ་ཡོད། ཡིན་ནའང་ལོ་བཅུའི་ཟང་ཟིང་སྤྱི་ཚོགས་ནང་ཀླུ་ཁང་ལ་ཉམས་ཆག་བྱུང་ཡང་དེང་སྐབས་ཡང་དག་པའི་སྲིད་ཇུས་བཟང་པོའི་འོག་ཀླུ་ཁང་ལ་ཉམས་གསོ་གང་ལེགས་བྱུང་ནས་ལྗོན་ཤིང་སྣ་མང་ལ། ཁོར་ཡུག་གཙང་སྦྲ་དོད་པ། མི་བསྐྱོད་ལམ་བུ་བདེ་བ། ནེའུ་གསིང་སྲུང་སྐྱོབ་ལེགས་པའི་དབེན་འཇམ་ཉམས་དགའི་མཛེས་ལྗོངས་ཤིག་ཡིན་ལ། ལོ་ལྟར་དབྱར་ཁ་ཤར་བ་དང་མི་རྣམས་སྤྲོ་སྐྱིད་གཏོང་སའི་ཁོར་ཡུག་ལེགས་ཤོས་ཤིག་ཏུ་གྱུར་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག