མདུན་ཤོག- གནས་སྐོར།- གནའ་ཤུལ་གྲགས་ཆེན།

གནས་མཆོག

  ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།  2014-08-03 11:13

སྐུ་འབུམ་དགོན་པའམ་སྐུ་འབུམ་བྱམས་པ་གླིང་ཞེས་དེ་མཚོ་སྔོན་ཞིང་མི་དམངས་སྲིད་གཞུང་གནས་སའི་ཟི་ལིང་གྲོང་ཁྱེར་གྱི་ལྷོ་ནུབ་ཕྱོགས་སུ་སྤྱི་ལེ་ཉེར་ལྔའི་སར་ཡོད། དགོན་པ་འདི་ཉིད་ཐོག་མར་རྗེ་ཙོང་ཁ་པ་དགུང་ལོ་ཉེར་གཉིས་ལ་ཕེབས་སྐབས་ཏེ། རབ་བྱུང་དྲུག་པའི་ས་རྟ(1378)ལོར་མ་ཡུམ་གྱིས་རང་ཉིད་སྐུ་ན་བགྲེས་པ་དང་བཅས་རང་ཡུལ་དུ་མཇལ་འཕྲད་ལ་ཕེབས་དགོས་པའི་ཞུ་ཡིག་དང་དབུ་སྐྲ་དཀར་པོར་སོང་བའི་ལན་བུ་བཅས་བསྐུར་གནང་མཛད་པར། རང་ཡུལ་ཕྱོགས་སུ་ཕེབས་རྒྱུ་དགོས་པ་ཆུང་བར་གཟིགས་ཏེ་ཡུམ་དང་གཅེན་མོ་གཉིས་ལ་འདྲ་ཐང་རེ་དང༌། ཕྱག་བྲིས་རེ། རྒྱལ་བ་སེང་གེ་ང་རོའི་སྐུ་དཔར་གཅིག བདེ་མཆོག་གི་བུམ་སྐུ་བཅས་བསྐུར་གནང་མཛད་པ་བཞིན་དེའི་ཕྱི་ལོར་ཡུམ་གྱིས་ཐུགས་ཁུར་བཞེས་ཤིང་དད་ལྡན་མང་པོས་རོགས་རམ་བྱས་ཏེ། རྗེ་ཙོང་ཁ་པ་ཆེན་པོ་སྐུ་འཁྲུངས་ནས་ལྟེ་ཁྲག་བོར་བའི་ས་གནས་དེར་ཤིང་ཙནྡ་གྱི་སྡོང་པོ་ཞིག་སྐྱེས་པ་དེ་ཉིད་སྙིང་པོར་བཞུགས་ཤིང༌། རྒྱལ་བ་སེང་གེ་ང་རོའི་སྐུ་བརྙན་འབུམ་གཅིག་དཔར་དུ་བཏབ་པ་གཟུངས་སུ་ཕུལ་བའི་མཆོད་རྟེན་པདྨ་སྤུངས་པ་ཞིག་བཞེངས་པའི་མཐའ་བསྐོར་དུ་རྡོ་རྩིག་གི་ར་བས་བསྐོར་བ་བཅས་ཡོད་པའི་སྟེང་དུ་ལྷ་ཁང་རྫ་གཡམ་གྱི་ཐོག་བཀབ་པ་གསར་བཞེངས་གནང༌། རབ་བྱུང་བཅུ་པའི་མེ་གླང་(1577)ལོར་སྒོམ་ཆེན་རིན་ཆེན་བརྩོན་འགྲུས་རྒྱལ་མཚན་གྱིས་ཐུགས་ཁུར་བཞེས་ཏེ་རྒྱལ་བ་བྱམས་པའི་སྐུ་བརྙན་ཆེན་པོ་ཞིག་བཞུགས་པའི་བྱམས་ཁང་གསར་བཞེངས་གནང་བ་བཅས་ལྷ་ཁང་སྔ་རྗེས་གཉིས་ཀྱི་གནས་གཞི་ལ་བརྟེན་ནས་སྐུ་འབུམ་བྱམས་པ་གླིང་ཞེས་མཚན་དུ་གྲགས། རབ་བྱུང་བཅུ་པའི་ཆུ་ལུག(1583)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་ཐེངས་རྗེས་མའི་སྐབས་ཞིང་སྐྱོང་ནང་སོས་གནས་འདིར་གདན་དྲངས་པ་བཞིན་ཕེབས་ཏེ་ཉིན་ཤས་རིང་སྐུ་མཚམས་སུ་བཞུགས་པའི་གཟིམས་ཁང་ཞིག་ཀྱང་བཞེངས་ཤིང༌། སྒོམ་ཆེན་རིན་ཆེན་བརྩོན་འགྲུས་རྒྱལ་མཚན་དང༌། ཚོ་པ་ལྔའི་ནང་སོས་གཙོས་པའི་སྦྱིན་བདག་རྣམས་ལ་ཙོང་ཁའི་ཡུལ་གྱི་ལྟེ་གནས་འདིར་གདོན་སྡེ་ཞིག་ཚུགས་ན་འཕྲལ་ཕུགས་ལེགས་ཚུལ་གྱི་བཀའ་སློབ་གནང་བ་ལྟར་དང་ལེན་ཞུས་ཤིང༌། རྒྱལ་བ་རང་ཉིད་ཀྱི་འདྲ་ཐང་དང༌། ལྷ་མོ་དམག་ཟོར་མའི་རྟེན་ཐང༌། གནས་ཆུང་ཆོས་སྐྱོང་གི་རྟེན་ཐང་བཅས་གནང་ནས་རབ་གནས་མཛད། ཟི་ན་ཀླུ་རྒྱའི་སྡེ་པའི་ཁྱིམ་རྒྱུད་ལ་གནས་ཆུང་ཆོས་སྐྱོང་ཁོག་ཕེབས་དགོས་པའི་དམ་བསྒྲགས་མཛད་པ་བཞིན་དེ་ནས་མི་རབས་བཅུ་གསུམ་གྱི་བར་དུ་ཁོག་ཕེབས་བྱུང༌། རབ་བྱུང་བཅུ་པའི་ས་བྱི(1588)ལོར་རྒྱལ་དབང་མཆོག་གི་བཀའ་བཞིན་གསེར་སྡོང་བྱང་ཆུབ་མཆོད་རྟེན་གྱི་དབྱིབས་སུ་བསྒྱུར་བ་སོགས་སྐབས་བབས་ཀྱི་དགོས་པ་དམིགས་བསལ་ཅན་ལ་བརྟེན་བཟོ་དབྱིབས་འགྱུར་བར་བཏང་ཞིང༌། ཕྱོགས་མཐའི་ཉེ་སྐོར་དང༌། ཐག་རིང་སོག་ཡུལ་བཅས་ནས་སློབ་གཉེར་ཕེབས་མི་མི་ཇེ་མང་དུ་སོང་སྟེ་གྲྭ་ཚོགས་འཕེལ་རྒྱས་ཆེན་པོ་བྱུང་བར་བརྟེན་རིམ་བཞིན་མཚན་ཉིད་གྲྭ་ཚང་དཔལ་ལྡན་བཤད་སྒྲུབ་གླིང་དང༌། རྒྱུད་པ་གྲྭ་ཚང་གསང་སྔགས་བདེ་ཆེན་གླིང༌། གསོ་རིག་གྲྭ་ཚང་གཞན་ཕན་ནོར་བུའི་གླིང༌། དུས་འཁོར་གྲྭ་ཚང་རིགས་ལྡན་བློ་གསལ་གླིང༌། འཆམས་པ་གྲྭ་ཚང་བཅས་གྲྭ་ཚང་ལྔ་བྱུང༌། ཚོགས་ཆེན་འདུ་ཁང་ཡང་ཁྲི་ཐོག་བཅུ་དྲུག་པ་ཨ་ཀྱཱ་ཤེས་རབ་བཟང་པོའི་སྐབས་རབ་བྱུང་བཅུ་གཉིས་པའི་ས་སྦྲུལ(1689)ལོར་ཀ་བ་བརྒྱད་བཅུའི་བར་རྒྱ་སྐྱེད་བཏང་ཞིང༌། དེ་ནས་རབ་བྱུང་བཅུ་གསུམ་པའི་མེ་སྤྲེལ(1776)ལོར་ཨ་ཀྱཱ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་དང༌། ཐུའུ་བཀྭན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་ཉི་མ། ལཱ་སར་ཏཱ་བླ་མ་བློ་བཟང་ཆོས་དར་བཅས་ཀྱིས་མཐུན་རྐྱེན་སྦྱོར་གནང་གིས་སྔར་ཡོད་ཚོགས་ཆེན་འདུ་ཁང་ལ་ཀ་བ་བདུན་ཅུ་དོན་བཞི་གསར་དུ་ཁ་སྣོན་མཛད་དེ་ཀ་བ་བརྒྱ་དང་ལྔ་བཅུ་ང་བཞི་ཡོད་པ་ཞིག་ཏུ་རྒྱ་སྐྱེད་གནང་ཞིང༌། གཡས་གཡོན་རྒྱབ་མདུན་རྣམས་ཀྱི་ལྷ་ཁང་དང༌། གཟིམས་ཁང་གོང་འོག གྲྭ་ཚང་ཁག་གི་འདུ་ཁང༌། བཙན་ཁང༌། སྤྱི་སོ་ཁང༌། དཔར་ཁང་བཅས་རྒྱ་ཁྱོན་མུས་གྲུ་བཞི་མ་སྟོང་ཕྲག་འགའ་ཞིག་ཡོད།

མཚན་ཉིད་གྲྭ་ཚང་དཔལ་ལྡན་བཤད་སྒྲུབ་གླིང་རབ་བྱུང་བཅུ་པའི་ཆུ་ཡོས(1603)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ་སོག་ཡུལ་ནས་དབུས་སུ་ཕེབས་པའི་ལམ་བར་དགོན་པ་འདིར་ཕེབས་སྐབས་འདུལ་བ་ཆོས་རྗེ་འོད་ཟེར་རྒྱ་མཚོ་གདན་སའི་ཁྲིར་བསྐོ་གཞག་ཐོག མཚན་ཉིད་གྲྭ་ཚང་ཞིག་འཛུགས་དགོས་པའི་བཀའ་ཕབས་པ་ལྟར་རབ་བྱུང་བཅུ་པའི་ཆུ་བྱི(1612)ལོར་འདུལ་བ་ཆོས་རྗེས་ཐོག་མར་བསྡུས་ཆུང༌། བསྡུས་འབྲིང༌། བསྡུས་ཆེན། བློ་རིགས། རྟགས་རིགས་བཅས་རྣམ་འགྲེལ་འཛིན་གྲྭ་ལྔ་དང༌། ཕར་ཕྱིན་འཛིན་གྲྭ་གཉིས་ཡོད་པའི་མཚན་ཉིད་གྲྭ་ཚང་གསར་དུ་བཙུགས། དེ་ནས་ཁྲི་ཐོག་ཉི་ཤུ་རྩ་གཉིས་པ་སྟག་འཚེར་བློ་བཟང་རྡོ་རྗེའི་སྐབས་དབུ་མའི་འཛིན་གྲྭ་གསར་འཛུགས་གནང་ཞིང༌། ཁྲི་ཐོག་ཉེར་བརྒྱད་པ་ཆུ་བཟང་རིན་པོ་ཆེ་ངག་དབང་ཐུབ་བསྟན་དབང་ཕྱུག་སྐབས་ཕར་ཕྱིན་སྐབས་བཞི་པའི་འཛིན་གྲྭ་གསར་དུ་བཙུགས་པས་ཕར་ཕྱིན་འཛིན་གྲྭ་བཞི་དང༌། དུས་ཚོད་ཞིབ་ཕྲ་མ་གསལ་ཡང་སྔ་རྗེས་སུ་འདུལ་བའི་འཛིན་གྲྭ་དང༌། མཛོད་ཀྱི་འཛིན་གྲྭ་དཀའ་རམས་འཛིན་གྲྭ་བཅས་འཛིན་གྲྭ་བཅུ་གསུམ་བཙུགས། ལོ་གཅིག་གི་ཆོས་ཐོག་ལ་དཔྱིད་ཆོས་སྔོན་རྗེས་གཉིས་ལ་ཟླ་བ་རེ་རེ། དབྱར་ཆོས་ཟླ་བ་གཅིག དབྱར་གནས་ཆོས་ཐོག་ཟླ་བ་གཅིག་དང་ཟླ་ཕྱེད། སྟོན་ཆོས་ཟླ་བ་གཅིག བར་ཆོས་ཞག་བཅོ་ལྔ། དགུན་ཆོས་ཟླ་བ་གཅིག་བཅས་ཡོད་པ་དང༌། སློབ་ཁྲིད་ཀྱི་ཡིག་ཆ་ཐུན་མོང་མ་ཡིན་པ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དང་འཇམ་དབྱངས་བཞད་པ་རྣམ་གཉིས་ཀྱི་གསུང་རྩོམ་སྤྱི་དོན་དང་མཐའ་དཔྱོད་རྣམས་ཡིན༌། ཁྲི་ཐོག་ཉི་ཤུ་པ་མཁན་པོ་ནོ་མིན་ཧན་བློ་བཟང་དོན་གྲུབ་སྐབས་རབ་བྱུང་བཅུ་གཉིས་པའི་ས་ཁྱི(1718)ལོར་ལྷ་ས་སྨོན་ལམ་ཆེན་མོའི་ཕྱག་སྲོལ་ལྟར་སྨོན་ལམ་རབ་འབྱམས་པའི་དགེ་བཤེས་དམ་བཅའ་འཇོག་སྲོལ་བཙུགས་ཡོད།

རྒྱུད་པ་གྲྭ་ཚང་གསང་སྔགས་བདེ་ཆེན་གླིང་ནི་རབ་བྱུང་བཅུ་གཅིག་པའི་ས་གླང(1649)ལོར་ཀི་ན་ཆོས་རྗེ་ལེགས་པ་རྒྱ་མཚོས་གྲྭ་པ་སུམ་ཅུ་སོ་གཉིས་ལ་སློབ་ཁྲིད་དང་སྦྱོང་བརྡར་མཛད་དེ་གསར་འཛུགས་གནང་ཞིང༌། རྗེས་སུ་འཕེལ་རྒྱས་འགྲོ་རྒྱུར་དགོངས་ཏེ་རབ་བྱུང་བཅུ་གཉིས་པའི་ས་སྟག(1698)ལོར་ཀ་བ་བཞི་བཅུ་ཞེ་བརྒྱད་ཡོད་པའི་འདུ་ཁང་གསར་བཞེངས་ཐོག དབུས་ཀྱི་རྒྱུད་སྨད་པའི་ཕྱག་སྲོལ་ལྟར་གྱི་འདོན་ཆོག་དང༌། ཆོས་འཆད་ཉན་སོགས་ཀྱི་སྒྲིག་སྲོལ་ཆ་ཚང་བའི་སྟེང་དུ་ལྕགས་མཁར་ཟུར་དགུ་བའི་ཆོ་ག་ཡང་འཛུགས་པར་མཛད་པ་དང༌། མཁན་ཐོག་ཉེར་དྲུག་པ་མགོན་གྱ་གྲགས་པ་རྒྱལ་མཚན་སྐབས་སྔར་ཡོད་འདུ་ཁང་ཀ་བ་ཞེ་བརྒྱད་ཀྱི་སྟེང་དུ་ཀ་བ་བཅུ་གཉིས་གསར་དུ་བསྣན་ནས་ཀ་བ་དྲུག་ཅུ་བར་རྒྱ་སྐྱེད་མཛད། རབ་བྱུང་བཅུ་བཞི་པ་སེར་དྲིས་མཁན་ཆེན་དཀོན་མཆོག་བསྟན་འཛིན་རྒྱ་མཚོའི་སྐབས། རྒྱུད་སྨད་གྲྭ་ཚང་གི་ཕྱག་བཞེས་ལྟར་གྱི་རབ་གནས་དགེ་ལེགས་ཆར་འབེབས་ཀྱི་ཆོ་ག་ཚོགས་འདོན་དུ་འཛུགས་པར་མཛད་ཡོད།

གསོ་རིག་གྲྭ་ཚང་གཞན་ཕན་ནོར་བུའི་གླིང་ནི་ཐོག་མར་རབ་བྱུང་བཅུ་གཉིས་པའི་ལྕགས་ཡོས(1711)ལོར་ཆུ་བཟང་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་སྔགས་པ་གྲྭ་ཚང་ཞིག་འཛུགས་གནང་མཛད་ཀྱང་དེ་ནས་ལོ་བཅུ་གཉིས་སོང་བའི་ཆུ་ཡོས(1723)ལོར་མཚོ་སྔོན་ཆིང་ཝང་བློ་བཟང་བསྟན་འཛིན་གྱིས་མན་ཆིང་གོང་མའི་སྲིད་གཞུང་ལ་ངོ་ལོག་གི་དུས་ཟིང་བསླངས་པ་ལྷིང་འཇགས་གཏོང་སྐབས་སྐུ་འབུམ་དགོན་པ་གཏོར་བཤིག་ཆེན་པོ་བྱུང་བའི་རྐྱེན་གྱིས་གྲྭ་ཚང་རྩ་མེད་དུ་སོང་རྗེས་སྐུ་འབུམ་ཁྲི་ཐོག་ཉེར་གཅིག་པ་སེར་དྲིས་ཚུལ་ཁྲིམས་རིན་ཆེན་གྱིས་རབ་བྱུང་བཅུ་གཉིས་པའི་ཤིང་སྦྲུལ(1724)ལོར་སྔགས་པ་གྲྭ་ཚང་དེ་སྨན་པ་གྲྭ་ཚང་དུ་བསྒྱུར་ནས་རྩ་རྒྱུད་སོགས་རྒྱུད་བཞི་ལ་འཛིན་གྲྭ་བཞི་དང༌། ལམ་རིམ་འཛིན་གྲྭ་གཅིག་བཅས་ཁག་ལྔར་ཕྱེ་སྟེ་བོད་སྨན་གྱི་རིག་པའི་གཞུང་ལུགས་དང༌། ལག་ལེན་སྦྱོང་བརྡར། རྒྱུགས་སྤྲོད་བཅས་ཀྱི་ཕྱག་སྲོལ་ཆ་ཚང་གསར་འཛུགས་གནང་ཡོད།

དུས་འཁོར་གྲྭ་ཚང་རིགས་ལྡན་བློ་གསལ་གླིང་ནི་རབ་བྱུང་བཅུ་བཞི་པའི་མེ་གླང་(1817)ལོར་ཁྲི་ཐོག་ཞེ་ལྔ་པ་ཆེ་ཤོས་རིན་པོ་ཆེ་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མའི་སྐབས་གྲྭ་གྲངས་ཉི་ཤུ་ལྷག་ཙམ་ཞིག་ལ་སློབ་ཁྲིད་སྦྱོང་བརྡར་དང༌། འདུ་ཁང་གསར་བཞེངས་བཅས་ལོ་ངོ་གསུམ་གྱི་རིང་ལེགས་པར་གྲུབ་སྟེ། ཁྲི་ཐོག་ཞེ་བདུན་པ་གསེར་ཏོག་རིན་པོ་ཆེ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོའི་སྐབས་དུས་འཁོར་གྲྭ་ཚང་དངོས་སུ་འཛུགས་གནང་མཛད་པ་ཡིན།འཆམས་པ་གྲྭ་ཚང་ནི་ཁྲི་ཐོག་ཉི་ཤུ་པ་མཁན་པོ་ནོ་མིན་ཧན་བློ་བཟང་དོན་གྲུབ་སྐབས་རབ་བྱུང་བཅུ་གཉིས་པའི་ས་ཁྱི(1718)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོ་སྐུ་འབུམ་དུ་བཞུགས་པའི་གོ་སྐབས་དང་བསྟུན་ནས་རྩེ་རྣམ་རྒྱལ་གྲྭ་ཚང་གི་འཆམས་དཔོན་ཞིག་ལས་འཆམས་ཁག་འགའ་ཞིག་བསླབ་སྦྱངས་བྱེད་དུ་བཅུག་སྟེ་འཆམས་པ་གྲྭ་ཚང་གསར་འཛུགས་གནང་བ་ཞིག་ཡིན། དགོན་པ་འདིར་ལྷ་ཁང་དང༌། གཙུག་ལག་ཁང༌། གྲྭ་ཤག་བཅས་བསྡོམས་པའི་ཁང་མིག་དགུ་སྟོང་ལྷག་ཙམ་དང༌། ལྷ་ཁང་གཅིག་པུ་ཡང་བརྒྱད་བརྒྱ་ལྷག་ཡོད་ཅིང༌། དགེ་འདུན་ཞལ་གྲངས་མང་བའི་དུས་སུ་སུམ་སྟོང་དྲུག་བརྒྱ་ཙམ་ཡོད། དགོན་པ་འདི་ནས་བསྟན་འཛིན་གྱི་སྐྱེས་ཆེན་གྲངས་ལས་འདས་པ་བྱོན་པ་སོ་སོའི་མཛད་རྣམ་དང༌། ལྷ་ཁང་ཁག་གི་ནང་སྐུ་གསུང་ཐུགས་རྟེན་གང་དང་གང་ཡོད། ཧོས་ཧོས་དང་ཟ་ལར་གྱི་དམག་འཁྲུག་སྔ་རྗེས་སྐབས་ཉམས་རྒུད་ཇི་བྱུང་སོགས་ཞིབ་པར་གསེར་ཏོག་རིན་པོ་ཆེ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་མཛད་པའི«སྐུ་འབུམ་བྱམས་པ་གླིང་གི་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན།»མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ལྕགས་དཔར་མ་དེར་གཟིགས།

བྱང་གི་དགོན་ཆེན་བཞི།

དགེ་ལྡན་བསྟན་པའི་མ་དགོན་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་།

དགེ་ལྡན་བསྟན་པའི་མ་དགོན་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་ནི།མདོ་སྨད་ཙོང་ཁ་བདེ་ཁམས་ཀྱི་ས་འཛིན་ཙོང་ལ་རིང་མོར་ཉིན་སྲིབ་ཀྱིས་ཕྱེ་བའི་ཡུལ་ཁམས་ལ་ལྷོ་བྱང་གི་ཆ་གཉིས་ལས།ལྷོ་ཕྱོགས་ཀྱི་ཆར་རྨ་ཀླུང་དལ་གྱིས་འབབ་པའི་ཉེ་འགྲམ།ད་ལྟ་ཧྭ་ལུང་རྫོང་ཁོངས་ཀྱི་བྲག་ཁྱུང་ཞེས་པའི་སར།རྗེ་ཙོང་ཁ་པའི་ཡོངས་འཛིན་ཤར་ཕྱོགས་རིགས་པའི་དཔའ་བོ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས(1309ནས1385)བོད་རབ་བྱུང་དྲུག་པའི་བགྲང་བྱ་ཉེར་གསུམ་པ་སྤྱི་ལོ(1349)ས་གླང་ལོར་བཏབ་ཅིང་། ད་ལྟའི་བར་ལོ་དྲུག་བརྒྱ་བཞི་བཅུ་ལྷག་ཕྱིན།

ཆོས་སྡེ་འདིར་དགོན་མ་ལག་ཉི་ཤུ་རྩ་ལྔ་ཡོད་པར་གསུངས་ལ།དུས་འཁོར་གྲྭ་ཚང་།རྒྱུད་པ་གྲྭ་ཚང་།སྨན་པ་གྲྭ་ཚང་།མཚན་ཉིད་གྲྭ་ཚང་བཅས་གྲྭ་ཚང་བཞི།གཞན་ཡང་གསེར་གདུང་ཆེན་མོའི་ལྷ་ཁང་།ལྷ་ཁང་ཆེན་མོ།གསེར་གདུང་ཆུང་ངུའི་ལྷ་ཁང་།འདུ་ཁང་ཆེན་མོ།ཨ་ར་པ་ཙའི་སྒྲུབ་ཁང་ངམ་འཇམ་དབྱངས་སྒྲུབ་ཁང་།དཔར་ཁང་ཆེན་མོ།སྒར་ཆེན་བཞི་སོགས་ཐོག་ཁར་རྒྱ་ཕིབས་དང་རི་དྭགས་ཆོས་འཁོར་གྱིས་མཛེས་པའི་གཙུག་ལག་ཁང་མང་བོ་ཡོད་ལ།སྐུ་རྟེན་དུ།ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་སྐུ་གདུང་གསེར་དངུལ་གྱིས་བཏུམས་པ།རྒྱལ་བ་དགེ་འདུན་རྒྱ་མཚོའི་དངོས་སློབ་ཨ་གྲོ་ཆོས་རྗེའི་སྐུ་གདུང་།རྡོ་རྗེ་ཕག་མོ་རང་བྱོན་དུ་གྲགས་པ།རྗེ་སྐུ་བཀྲ་ཤིས་དོ་ཁ་མ།བྱམས་པ་ཆུ་གཟིགས་མ།ཐུབ་པ་གྲོང་འབྱོན་མ་སོགས་དང་།གསུང་རྟེན་དུ།སྡེ་དགེ་བཀའ་འགྱུར།སྣར་ཐང་བསྟན་འགྱུར།སྟག་ཚང་ལོ་ཙཱ་བའི་ཐུགས་དམ་ཡུམ།ཅོ་ནེའི་བཀའ་འགྱུར།གཞན་ཡང་མདོ་སྔགས་རིག་གནས།མཚན་ཉིད་ཡིག་ཆ།རྒྱན་འཇུག་མཛོད་རྩ། རྗེའི་གསུང་འབུམ།མཛོད་འདུལ་ཕར་ཕྱིན།དྲང་ངེས་བློ་རྟགས་སོགས་པོ་ཏི་སྟོང་ཕྲག་ལས་བརྒལ་བ་བཞུགས་ཤིང་།ཐུགས་རྟེན་དུ།ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་སྐུ་ནང་རྟེན་དུ་བཞུགས་པའི་མཆོད་རྟེན་ཆེན་མོ། སངས་རྒྱས་འཁོར་བ་འཇིག་རྟེན་གི་ཚེམས་བཞུགས་པར་གྲགས་པའི་ཙན་དན་གྱི་མཆོད་རྟེན་གཉིས། ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོའི་ཚེམས་སྙིང་བོར་བཞུགས་པའི་རྣམ་རྒྱལ་མཆོད་རྟེན།བདེ་ཁང་བའི་སྐུ་གདུང་མཆོད་རྟེན་སོགས་ཐུགས་རྟེན་ཆེ་ཆུང་བཅུ་ཕྲག་ལྷག་ཡོད་ཅིང་།གྲྭ་བཙུན་ཆེས་མང་དུས་ཆིག་སྟོང་ལྔ་བརྒྱ་འདུས་པར་བརྗོད་པས། མདོ་སྨད་ཀྱི་དགོན་པ་ཆེ་གྲས་ཤིག་ལགས །

ཆོས་སྡེ་ཆེན་པོ་གསེར་ཁོག་དགོན་དགའ་ལྡན་དམ་ཆོས་གླིང་།

ཆོས་སྡེ་ཆེན་པོ་གསེར་ཁོག་དགོན་དགའ་ལྡན་དམ་ཆོས་གླིང་ནི།མདོ་སྨད་ཙོང་ཁ་བདེ་ཁམས་ཀྱི་སའི་ཆ།ཙོང་ཆུ་སྔོན་མོའི་བྱང་རྒྱུད།ད་ལྟ་ཏ་ཐུང་རྫོང་ཁོངས་ཀྱི་གསེར་ལུང་ཞེས་པར་བཙན་པོ་དོན་གྲུབ་རྒྱ་མཚོས།རབ་བྱུང་བཅུ་གཅིག་པའི་ལྕགས་སྟག་སྤྱི་ལོ(1650)ལ་བཏབ་ཅིང་།ད་ལྟའི་བར་ལོ་སུམ་བརྒྱ་བཞི་བཅུ་ལྷག་ཕྱིན།

ཆོས་སྡེ་འདི་བཙན་པོ་དོན་གྲུབ་རྒྱ་མཚས་བཏབ་པས་བཙན་དགོན་ཡང་ཟེར་ལ།ཆུ་འབྲུག( 1652)ལོར་རྒྱལ་དབང་ལྔ་བ་ཆེན་མོ་རྒྱ་ནག་ཏུ་ཆིབས་ཁ་བསྒྱུར་ནས་ཕྱིར་སླེབས་སྐབས།དགོན་པ་འདིར་གདན་དྲངས་པ་ལྟར་ཕེབས་ཏེ་དགོན་པར་དགའ་ལྡན་དམ་ཆོས་གླིང་ཞེས་མཚན་གསོལ་མཛད་ཅིང་གླིང་བཅུ་གསུམ་གྱི་གྲས་སུ་བཞགཆུ་ཡོས་ལོར(1653)མཚོ་སྔོན་བསྟན་འཛིན་ཝང་གིས་འཁྲུགས་པ་བསླངས་ཏེ།རྒྱ་ནག་ནས་དམག་ཆེན་འོངས་ཏེ་མཚོ་སྔོན་དཔོན་པོ་རྣམས་ཀྱི་འབྲེལ་བའི་དོགས་གཞིར་སྙམ་ནས་དགོན་ལུང་དང་བཙན་དགོན་འདིར་གཏོར་བཤིགས་ཆེན་མོ་ཐེབས་ཏེ་མིང་གི་ལྷག་མར་གྱུར་ན་ཡང་།སླར་ཡང་རབ་བྱུང་བཅུ་གཅིག་པའི་མེ་ལུག(1667)ལ་ཁྲི་ཐོག་གསུམ་པ་ནོ་མོན་ཧན་བློ་བཟང་བསྟན་འཛིན་རྒྱ་མཚོས་སླར་གསོ་གནང་ཞིང་།ཁྱད་པར་དུ་འཆད་ཉན་གྱི་རྩོད་གྲྭ་འཕེལ་རྒྱས་ཆེན་པོ་བྱུང་།སྡེ་འདིར་རྒྱུད་པ་གྲྭ་ཚང་།སྔགས་པ་གྲྭ་ཚང་།ལུང་རིགས་རྒྱ་མཚོ་གླིང་།མཁས་བཙུན་དར་རྒྱས་གླིང་།གསོ་རིག་གཞན་ཕན་གླིང་བཅས་གྲྭ་ཚང་ལྔ།ཇོ་བོ་ལྷ་ཁང་།མགོན་ཁང་།ཨ་ཕྱིས་ཁང་།འདུ་ཁང་ཆེན་མོ།ལི་མ་ཁང་།བཙན་ཁང་ཆེན་མོ་སོགས་ལྷ་ཁང་མང་བོ་དང་།བཙན་པོ་བླ་བྲང་།ཆུ་བཟང་བླ་བྲང་།ཞ་ལུ་བླ་བྲང་།མལ་བླ་བྲང་བཅས་སྒེར་ཁགསྟག་རྩེའི་ཇོ་བོ།འཕགས་པ་འཇའ་མ་ལི་རང་བྱོན། འཕགས་པ་ལོ་ཀེ་ཤྭ་ར་ཡ།ཤཱཀྱ་མུ་ནེའི་འདྲ་སྐུ།མི་བསྐྱོད་རྡོ་རྗེའི་འདྲ་སྐུ།སྤྱན་རས་གཟིགས་བཅུ་གཅིག་ཞལ་གསེར་ཟངས་ལས་གྲུབ་པ།བལ་བོ་ནས་འོངས་པའི་ཆོས་རྒྱལ་ལི་མ།སློབ་དཔོན་པདྨ་འབྱུང་གནས་ཀྱི་འདྲ་སྐུ།རྒྱལ་བ་ཚངས་དབྱངས་པས་རབ་གནས་མཛད་པའི་ཆོས་རྒྱལ་ཕྱི་སྒྲུབ་ཀྱི་ཞལ་འབག་སོགས་སྐུ་རྟེན་མཐའ་ཡས་པ་དང་།རྒྱལ་བའི་བཀའ་བསྟན་སྔ་ཕྱི་ཚར་བཅུ་ཕྲག་ཙམ་དང་།ཡུམ་གསེར་བྲིས།བརྒྱད་སྟོང་གསེར་བྲིས།བསྐལ་བཟང་གསེར་བྲིས།གཞན་ཡང་གསུང་རབ་ཀྱི་སྐོར་མང་བོ་བཅས་གསུང་རྟེན།ནོ་མོན་ཧན་བློ་བཟང་བསྟན་འཛིན་རྒྱ་མཚོའི་སྐུ་གདུང་མཆོད་རྟེན།བྱང་ཆུབ་མཆོད་རྟེན།ནོ་མོན་ཧན་ངག་བཟང་འཕྲིན་ལས་རྒྱ་མཚོའི་སྐུ་གདུང་མཆོད་རྟེན་བཅས་ཐུགས་རྟེན་ཆེ་ཆུང་མང་བོ་བཞུགས་ཤིང་།གྲྭ་བཙུན་ཆེས་མང་དུས་ཉིས་སྟོང་ཙམ་ལ་སླེབས་པར«མདོ་སྨད་ཆོས་འབྱུང»ལས་གསུངས་སོ། །

ཆོས་སྡེ་ཆེན་པོ་དགོན་ལུང་བྱམས་པ་གླིང་།
ལྕང་སྐྱའི་བླ་བྲང་།

ཆོས་སྡེ་ཆེན་པོ་དགོན་ལུང་བྱམས་པ་གླིང་ནི།མདོ་སྨད་ཀྱི་གངྒཱ་གཉིས་པ་ཙོང་ཆུ་སྔོན་མོ་འབབ་ཡུལ་ལ་གདགས་སྲིབ་ཀྱི་ཆ་གཉིས་སུ་བགོས་པ་ལ་ཙོང་ཁ་བདེ་ཁམས་ཞེས་གྲགས་པའི་བྱང་གི་ཆ། དམར་གཙང་བྲག་གི་གཡས་འགྲམ།ད་ལྟ་ཧུའུ་ཀྲུའུ་རྫོང་དུ་འབོད་པ་རུ་རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོས་རབ་བྱུང་བཅུ་བའི་ཆུ་ཡོས(1603)ལོར་ཕྱག་འདེབས་མཛད་ཅིང་།ད་ལྟའི་བར་མི་ལོ་སུམ་བརྒྱ་དགུ་བཅུ་ལྷག་ཕྱིན།

ཆོས་སྡེ་འདིར་དམ་པ་གོང་མ་ནས་རིམ་གྱིས་བཞེངས་པའི་གཙུག་ལག་ཁང་མང་བོ་ཡོད་ལ།རྒྱས་སྲས་ཉིད་དང་སུམ་པ་སློབ་དཔོན་སོགས་ཀྱིས་བཞེངས་པའི་འདུ་ཁང་ཉིས་ཐོག་རུང་ཁང་དང་བཅས་པ།ལྷ་མོ་ཕོ་བྲང་།རྒྱུད་ཁང་།ལི་མ་ཁང་།ལྕང་སྐྱའི་བླ་བྲང་།ཐུའུ་བཀྭན་བླ་བྲང་།སུམ་པ་བླ་བྲང་བཅས་དང་།ཆོས་སྡེ་འདིའི་རྟེན་གྱི་གཙོ་བོ་རྒྱལ་བ་བྱམས་པའི་སྐུ་རང་རྒྱལ་ཕྱག་མཛུབ་མ།རྗེ་སྐུ་ང་འདྲ་མ།དཔལ་ལྡན་དམག་ཟོར་རྒྱལ་མོའི་སྐུ་ཐང་།ཐུབ་པ་མེ་ཐུབ་བཅས་སྐུ་རྟེན་དང་།བཀའ་འགྱུར་འཛམ་གླིང་གཡས་བཞག་ཅེས་པ་གསེར་ཞུན་མས་བྲིས་པ།དེའི་དཀར་ཆག་ལྕང་སྐྱ་རིན་པོ་ཆེས་མཛད་པ།རྒྱལ་བ་དགེ་འདུན་གྲུབ་ཀྱི་ཕྱག་བྲིས་མར་གྲགས་པའི་འགྲེལ་བ་སྒྲོན་མ་གསལ་བ་བཅས་གསུང་རྟེན།ཐུའུ་བཀྭན་ངག་དབང་མཆོག་ལྡན་གྱི་དངུལ་གདུང་མཆོད་རྟེན་གཙོ་བྱས་པའི་ཐུགས་རྟེན་བཅས་རྟེན་གསུམ་བསམ་གྱིས་མི་ཁྱབ་པ་མང་བོ་བཞུགས་ཤིང་།གནས་ཀྱི་བཀོད་པ་ཡང་ཤར་གྱི་བྲག་ཅིག་ལ་ཕྱག་ན་རྡོ་རྗེ་རང་བྱོན་དང་།གཞན་ཡང་སྒྲོལ་མ།ལྷ་མོ་སོགས་རང་བྱོན་དང་སྒྲུབ་ཆུ་བྱིན་ཅན་མང་བོ་དང་།ཀརྨ་རོལ་བའི་རྡོ་རྗེ།རྒྱལ་སྲས་བློ་བཟང་བསྟན་འཛིན་སོགས་ཀྱི་ཞབས་རྗེས་རྡོ་ལ་བཀོད་པ་མང་བོར་མཇལ་རྒྱུ་ཡོད་ཅིང་།ཆོས་སྡེ་འདིར་བོད་ཀྱི་རིག་གནས་གོང་སྤེལ་ཐད་ལ་མཛད་རྗེས་ཆེ་བའི་མཁས་དབང་ལྕང་སྐྱ་རོལ་བའི་རྡོ་རྗེ་དང་།ཐུའུ་བཀྭན་ཆོས་ཀྱི་ཉི་མ་སོགས་དྲན་དབང་མང་བོ་ཡང་ཕེབས་མྱོང་ངོ་། །

ཆུ་བཟང་དགོན་པ།

ཆུ་བཟང་དགོན་པ་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆོས་སྡེ་ཆེན་པོ་ཞིག་ཡིན།དགོན་འདི་མཚན་ལ༼ཆུ་བཟང་ན་མི་འགྱུར་དགའ་ལྡན་གླིང༽ཞེས་གསོལ་ཞིང་།ཕྱིས་སུ༼ཐུབ་བསྟན་རབ་རྒྱས་གླིང ༽ཞེས་པར་བསྒྱུར།དགོན་འདིའི་གནས་ཡུལ་ནི་མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་ནན་མོན་ཞཱ་ཞང་གི་ཁོངས་སུ་གཏོགས་པའི་རྭ་ལོ་ཐང་གི་འབུམ་ལུང་བཀྲ་ཤིས་ཐང་ཞེས་པར་གྲགས་པའི་ས་ཆ་དེ་ཡིན།དགོན་འདི་ནས་རྫོང་མཁར་བར་སྤྱི་ལེ་ཉི་ཤུ་ཙམ་ལས་མེད།དགོན་གྱི་ཤར་ནུབ་གཉིས་ལ་རི་ཚོགས་ཀྱིས་ཉེ་བར་བསྐོར་ཏེ།གཡས་རི་ནི་གཡུ་འབྲུག་སྔོན་མོ་འཁྱིལ་བ་དང་འདྲ་ཞིང་།གཡོན་རི་ནི་བྱ་རྒྱལ་ཁྱུང་ཆེན་འཕུར་བ་དང་འདྲ་བ་ལྷུན་ཅིང་བརྗིད་ཆགས་པར་གནས་ཤིང་།ཉེ་འདབས་ཀྱི་རི་ལུང་ཀུན་ཏུ་ཤུག་གསོན་གྱི་ལྗོན་ཤིང་ཡོངས་སུ་ཁེབས་པ།རི་དྭགས་སྣ་མང་རང་དགར་རྩེ་ཞིང་རྒྱུ་བ།མདུན་ཕྱོགས་སུ་རི་བོ་གཡུ་སེང(ལྷོ་རི)དང་རི་བོ་གླང་དཀར(ཨ་མྱེས་གླང་ཆེན)གཉིས་འཕྲེད་དུ་ཆགས་ཏེ་ཕྱིའི་ལྕགས་རི་དང་འདྲ་བར་གནས་མཆོག་འདི་སྲུང་འདུག ས་བཅུའི་དགེ་མཚན་མངོན་པར་གསལ་ཞིང་བརྗིད་ཆགས་ཉམས་དགའ་བའི་དགེ་བའི་ཞིང་མཆོག་འདི་ནི་དད་ལྡན་མང་ཚོགས་རྣམས་གྱིས་བསྔགས་པའི་ཡུལ་དང་བསྟོད་པའི་གནས་སུ་གྱུར་ཏོ། །

དགོན་པ་དེ་ཐོག་མར་སྦྲ་གུར་དགོན་པ་ཞིག་ཡིན་ཞིང་། ལོ་ངོ་བཅུ་གཅིག་གི་རིང་ལ་སྦྲ་གུར་དུ་ཆོས་ཀྱི་འཆད་ཉན་མཛད་པ་ཡིན། ཕྱིས་སུ་ཆུ་བཟང་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་རྣམ་རྒྱལ་དཔལ་འབྱོར་མཆོག་གིས་ཆིང་གོང་མ་ཧྲུན་ཀྲི་ཁྲི་ལོ་དྲུག་པ་སྟེ་སྤྱི་ལོ1649ལོར་འབུམ་ལུང་བཀྲ་ཤིས་ཐང་དུ་དགོན་པའི་གཞི་བཏབ། དགོན་པ་འདེབས་མཁན་རྣམ་རྒྱལ་དཔལ་འབྱོར་མཆོག་དབུས་ཕྱོགས་ཆུ་བཟང་ཞེས་པའི་སར་འཁྲུངས་པ་ཡིན་པས་དགོན་མིང་ལ་ཡང་ཆུ་བཟང་ཞེས་གསོལ་ནས་དེར་རྗེས་དྲན་བྱེད་པ་ཡིན། དངོས་མིང་ལ(དགའ་ལྡན་ཐུབ་བསྟན་རབ་རྒྱས་གླིང་)ཞེས་གསོལ། རྗེས་སུ་གོང་མའི་དབུ་བླ་ལྕང་སྐྱ་རིན་པོ་ཆེ་མཆོག་གིས་རྒྱབ་སྐྱོར་མཛད་འོག་ཚོགས་ཆེན་འདུ་ཁང་དང་།བཙན་ཁང་།བྱམས་ཁང་།ཀླུ་དབང་རྒྱལ་པོའི་ལྷ་ཁང་།སྐུ་གདུང་མཆོད་རྟེན་སོགས་རྟེན་དང་བརྟེན་པ་མང་དུ་བཞེངས་ཤིང་།བླ་བྲང་དང་གྲྭ་ཤག་སོགས་ཀྱང་མང་དུ་ཆགས་པས་དགོན་པའི་གཞི་རྒྱ་ཧ་ཅང་ཆེ་ཞིང་བཟོ་བཀོད་མཛེས་ཤིང་བརྗིད་ཉམས་ལྡན་པ།མ་ལག་ཐམས་ཅད་ཡོངས་སུ་ཚང་བའི་དགོན་པ་ཞིག་ཏུ་གྲུབ་བོ།རེ་ཞིག་དགོན་པ་འདིར་གྲྭ་བཙུན་ཆིག་སྟོང་ལྷག་བཞུགས་ཡོད་པ་དང་།དུས་འཁོར་གྲྭ་ཚང་དང་། མཚན་ཉིད་གྲྭ་ཚང་སོགས་གྲྭ་ཚང་བཞི་པོ་ཚང་ཞིང་རྒྱས་སུ་དར་བ། མདོ་སྔགས་ཀྱི་གཞུང་དང་། སྒྲ་རིག་པ།སྙན་ངག་མངོན་བརྗོད་སྐར་རྩིས་ལ་སོགས་པའི་ཆོས་དང་རིག་གནས་སྐོར་གྱི་འཆད་ཉན་རྒྱ་ཆེར་སྤེལ་པ་ཡིན།ཆིང་གོང་མ་ཡུང་ཀྲི་ཁྲི་ལོ་གསུམ་པ་སྤྱི་ལོ1721ལོར་ཆིན་ཝང་བློ་བཟང་བསྟན་འཛིན་གྱིས་ཆིང་གོང་མར་ངོ་ལོག་ཟིང་འཁྲུག་གི་དོན་རྐྱེན་བསླངས་པས།ཆུ་བཟང་རིན་པོ་ཆེ་སྐུ་ཕྲེང་བཞི་པ་མ་ཉེས་ཁ་གཡོག་ཐེབས་ཏེ་བཀྲོངས།ཆུ་བཟང་དགོན་པ་ཡང་དམག་འཁྲུག་གི་གནོད་སྐྱོན་ཚབས་ཆེན་ཐེབས།ཡུང་ཀྲི་ཁྲི་ལོ་བཅུ་བ་སྤྱི་ལོ༡༧༣༢ལོར་ལྕང་སྐྱ་དབུ་བླ་ཆེན་མོས་གོང་མ་ལ་མདོ་སྨད་ཀྱི་དགོན་པ་ཁག་གཅིག་བསྐྱར་བཞེངས་བྱེད་པའི་ཞུ་འབུལ་མཛད་པ་ལ།གོང་མས་བྱེད་ཆོག་པའི་བཀའ་མཆན་གནང་། དེ་ལ་བརྟེན་ནས་ཆུ་བཟང་དགོན་པ་དེ་ཡང་སླར་བཞེངས་ཐུབ་པའི་གོ་སྐབས་བྱུང་།ལྕང་སྐྱ་རིན་པོ་ཆེ་དང་ཆུ་བཟང་རིན་པོ་ཆེ་གཉིས་ཀྱི་སྐུ་ཕྲེང་རིམ་བྱོན་ནི་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ཐོག་གོ་གནས་དང་བྱེད་ནུས་གལ་ཆེན་ཡོད་པའི་བླ་མ་ཆེན་པོ་ཡིན་པའི་དབང་གིས།ཆིང་གོང་མ་ཏའོ་ཀོང་ཁྲི་ལོ་བཅུ་པར།གོང་མ་སྐུ་དངོས་ཀྱིས་ཡོན་བདག་མཛད་དེ་འཛམ་བུ་གླིང་འདིར་སྙན་པའི་གྲགས་པ་ཀུན་ཏུ་ཁྱབ་པའི་གཙུག་ལག་ཁང་ཆེན་པོ་སངས་རྒྱས་སྟོང་སྐུ་ལྷ་ཁང་ཞེས་པ་བརྗིད་ཉམས་རྒྱལ་པོའི་ཕོ་བྲང་དང་དབྱེར་མ་མཆིས་པ་ཞིག་བཞེངས་སོ། །དེ་ལ་གསེར་གྱི་རྒྱ་ཕིབས་དང་གཡུ་འབྲུག་དགུ་འཁྱིལ་གྱི་རྒྱན་གྱིས་རྣམ་པར་བརྒྱན་པ།གསེར་འོད་ལམ་ལམ་དུ་འཕྲོ་ཞིང་གཟི་བརྗིད་ཀྱི་ཉམས་དཔག་དུ་མེད་པ་སྣང་ངོ་། །གཟི་བྱིན་སྲིད་ན་དཀོན་པའི་ཆོས་སྤྱད་དང་རིན་ཐང་གཞལ་དུ་མེད་པའི་མཆོད་རྫས་ཀྱང་མང་དུ་མཆིས་སོ།།ལྷ་ཁང་དེའི་བཟོ་བཀོད་ལ་བོད་ཀྱི་གྲུབ་མཐའ་གཞན་པའི་ཁྱད་ཆོས་ཀྱང་ལྡན་པར་སྣང་སྟེ།ལྷ་ཁང་གི་གྱང་ངོས་དམར་པོས་རྙིང་མ་མཚོན་པ་དང་།སེར་པོས་དགེ་ལུགས་པ།ཁྲ་བོས་ས་སྐྱ་པ་སོགས་གྲུབ་མཐའི་ཁྱད་ཆོས་མངོན་པར་མཚོན་པ་དེ་ནི་ལྕང་སྐྱ་རིན་པོ་ཆེས་རྒྱལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་གྲུབ་མཐའ་ཁག་ཡོངས་ལ་དབང་དུ་བསྒྱུར་པའི་མཚོན་རྟགས་ཞིག་ཡིན་ནོ།།དེ་མ་ཟད་གོང་མས༼ཀོང་ཅི་ཟི༽ཞེས་པའི་མཚན་བསྩལ་ཅིང་།བོད་དང་།རྒྱ།སོག་པོ།མན་ཇི་བཅས་ཡིག་རིགས་བཞི་ཡིས་བྲིས་པའི་པེན་བྱང་གནང་།གཞན་ཡང་གོང་མས་ཆེད་དམིགས་ཀྱིས་བཀའ་བསྩལ་ནས་སྟོང་སྐུའི་ལྷ་ཁང་གི་སྒོ་མོའི་མདུན་དུ་རྩིག་སྐྱོར་ཁྱད་པར་ཅན་ཞིག་བཞེངས་ཏེ།དེ་ནི་པེ་ཅིང་པེ་ཧེ་སྤྱི་གླིང་གི༼གཡུ་འབྲུག་དགུ་འཁྱིལ་ལྡེབས་རིས་ཀྱི་རྩིག་སྐྱོར༽དང་འགྲན་ཟླ་ཐུབ་པ་ཞིག་ཡིན་པར་བཤད།རང་རྒྱལ་གྱི་ཆོས་ལུགས་བྱུང་འཕེལ་གྱི་ལོ་རྒྱུས་ཡོངས་སུ་བརྟག་ན།ནུབ་བྱང་ས་ཁུལ་ལམ་ཐ་ན་རྒྱལ་ཡོངས་ཀྱི་ཕྱོགས་སོ་སོ་ན་ཆགས་པའི་དགོན་པ་དང་།ཆོས་སྡེ།ལྷ་ཁང་།སྒྲུབ་སྡེ་བགྲང་གིས་མི་ལང་བ་ཡོད་ཀྱང་།གོང་མས་ཆེད་དམིགས་ཀྱིས་བཞེངས་པའི༼གཡུ་འབྲུག་དགུ་འཁྱིལ་ལྡེབས་རིས༽ཡོད་པའི་དགོན་པ་ནི་དེ་གཅིག་པུ་ཁོ་ན་ཡིན་པར་གྲགས་སོ། །ཆིང་ཐུང་ཀྲི་ཁྲི་ལོ་ལྔ་པ་སྤྱི་ལོ1866ལོར་ནུབ་བྱང་ས་ཁུལ་ཧོས་རིགས་ཀྱིས་ཆིང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ཟིང་འཁྲུག་བྱུང་བས།སྟོང་སྐུ་ལྷ་ཁང་དང་།ལྕང་སྐྱ་བླ་བྲང་།ཆུ་བཟང་བླ་བྲང་།རྩིག་སྐྱོར་གཡུ་འབྲུག་དགུ་འཁྱིལ་ལྡེབས་རིས་ཅན་བཅས་མ་གཏོགས་གཞན་ཐམས་ཅད་མེ་སྐྱོན་ཐེབས་ནས་བརླགཆིང་གོང་མ་ཀོང་ཞུ་ཁྲི་ལོ་བཅུ་གསུམ་པ་སྤྱི་ལོ1882ལོར་ཆུ་བཟང་སྐུ་ཕྲེང་ལྔ་པ་དང་ལྕང་སྐྱ་དབུ་བླ་མཆོག་གིས་བསྐྱར་དུ་བཞེངས་སྐྲུན་གནང་།1935ལོར་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དགུ་པ་མཆོག་དགོན་འདིར་ཞབས་ཀྱིས་བཅགས་ནས་སྟོང་སྐུ་ལྷ་ཁང་ལ་གཟིགས་རྗེས༼བོད་གངས་ཅན་ནམ་རྒྱལ་ཡོངས་ཀྱི་ས་ཁུལ་གང་དུ་ཡང་བདག་གིས་འདི་ལྟ་བུའི་མཛེས་ཤིང་བརྗིད་ཉམས་ལྡན་པའི་ལྷ་ཁང་ཞིག་མཐོང་མ་མྱོང༽ཞེས་བསྔགས་བརྗོད་མཛད་པ་ཡིན།སྤྱི་ལོ1958ལོར།ཆོས་ལུགས་བཅོས་བསྒྱུར་གྱི་ལས་འགུལ་ནང་གྲྭ་བཙུན་ཐམས་ཅད་གྲྭ་ལོག་བྱས་ཏེ་རང་ཡུལ་དུ་སོང་།བྱིན་ཅན་གྱི་རྟེན་ཕལ་ཆེར་བརླགརིག་གནས་གསར་བརྗེ་ཆེན་པོའི་ནང་དུ་དགོན་པའི་ཁང་ཁྱིམ་ཐམས་ཅད་དང་།ཆོས་སྤྱད་མཆོད་རྫས་ཡོད་ཚད་རྫོང་དང་ཡུལ་ཚོ་སྲིད་གཞུང་གིས་རིན་གོང་ཕབ་སྟེ་བཙོངས་པ་དང་སྐོར་ཞིག་རིན་མེད་དུ་བཀོད་དེ་བཞག་གོ།སྐབས་དེར་དགོན་ཆེན་འདིར་ལྕང་སྐྱ་བླ་བྲང་དང་ཆུ་བཟང་བླ་བྲང་གི་ཁང་པ་ཁག་ཅིག་སྲིད་གཞུང་གིས་བསྡུས་ཏེ་བཞག་པ་ལས་གཞན་པའི་ལྷ་ཁང་དང་དངོས་རྫས་ཐམས་ཅད་བརླག་སྟེ་མིང་གི་ལྷག་མ་ཙམ་དུ་གྱུར་ཏོ།།1981ལོའི་ཟླ6པའི་ཚེས6ཉིན།གོང་རིམ་འབྲེལ་ཡོད་སྡེ་ཁག་གིས་ཆོག་མཆན་བཀོད་པ་ལྟར་ཆུ་བཟང་དགོན་པ་སླར་གསོ་བྱས་ཤིང་།ཆོས་ལུགས་ཀྱི་མཛད་སྒོ་སྤེལ་པ་ཡིན།1989ལོའི་ཟླ5པའི་ཚེས22ཉིན་ནས་བཟུང་སྟེ་ལོ་གཉིས་ཀྱི་ནང་དུ་ཆུ་བཟང་བླ་བྲང་དང་ལྕང་སྐྱ་བླ་བྲང་གི་ཁང་མིག44ཞིག་གསོ་བྱས།འགྲོ་གྲོན་བསྡོམས་སྒོར་ཁྲི་ལྔ་ལས་རྒྱལ་ཁབ་ཀྱི་དངུལ་སྦྱིན་སྒོར་ཁྲི་གཉིས་ཡོད།1985ལོའི་ཟླ3པའི་ཚེས1ཉིན་ནས་སྟོང་སྐུ་ལྷ་ཁང་གི་ཤུལ་དུ་ལྷ་ཁང་ཞིག་གསར་དུ་བཞེངས་མགོ་བརྩམ།1987ལོའི་ཟླ8པའི་ཚེས16ཉིན་ལས་གཞི་མཇུག་སྒྲིལ་པ་ཡིན།ཁྱོན་བསྡོམས་འགྲོ་གྲོན་སྒོར་ཁྲི་ལྔ་བཅུ་ང་གཉིས་ལྷག་སོང་ལ།དེའི་ནང་དུ་རྒྱལ་ཁབ་ཀྱིས་དངུལ་སྦྱིན་སྒོར་ཁྲི་བཅུ་བཏང་བ་དང་།ཆུ་བཟང་རིན་པོ་ཆེས་དངུལ་སྦྱིན་ཁྲི་བཞི་བཅུ་ཞེ་གཉིས་ཕུལ།ལྷ་ཁང་དུ་རྟེན་གཙོ་བོ་སྟོན་པ་ཤཀྱཱ་ཐུབ་པ་དང་།འཇམ་དབྱངས།སངས་རྒྱས་མི་འཁྲུགས་པ།སངས་རྒྱས་སྨན་ལྷ།རྡོ་རྗེ་སེམས་དཔའ།རྗེ་ཙོང་ཁ་པ།བྱམས་པ་སོགས་ཀྱི་སྐུ་བརྙན་བཞུགས་པ་དང་།ལྷ་ཁང་གི་ཤར་ནུབ་གཞོགས་གཉིས་སུ་སངས་རྒྱས་ཀྱི་སྐུ་བརྙན་ཆུང་བ་བརྒྱ་རྩ་བརྒྱད་དང་གླེགས་བམ་སུམ་ཅུ་ལྷག་བཞུགས་ཡོད་དོ། །དེང་སྐབས་དགོན་འདི་ལ་གྲྭ་བཙུན30ཡོད་པ་དང་།དེའི་ནང་དུ་སྤྲུལ་སྐུ་༢ཡོད།1998ལོའི་ཟླ12པའི་ཚེས31ཉིན།མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་ལྟར་ཆུ་བཟང་དགོན་པ་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཏུ་ཚུད་པ་ཡིན་ནོ། །

རོང་བོ་དགོན་ཆེན་ཏེ་རོང་བོ་བདེ་ཆེན་ཆོས་འཁོར་གླིང་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནས་ཤར་ལྷོར་སྤྱི་ལེ180ཆོད་པའི་རེབ་གོང་རོང་བོ་གྲོང་བརྡལ་དུ་མཆིས། འདི་ནི་མདོ་སྨད་ས་ཁུལ་གྱི་ལོ་རྒྱུས་རིང་ཞིང་གཞི་རྒྱ་ཆེ་ལ་མིང་གྲགས་ལྡན་པའི་ནང་བསྟན་དགེ་ལུགས་པའི་དགོན་པ་ཞིག་ཡིན།

བོད་ཀྱི་ལོ་རྒྱུས་ཡིག་ཆར་འཁོད་པ་ལྟར་ན། ཡོན་གོང་མའི་དུས་སུ། གཉན་ཆེན་ཐང་ལྷའི་འདབས་རོལ་གྱི་འདམ་ཁོག་རོང་བོ་ཞེས་བྱ་བའི་ས་ཆར་བོད་ཀྱི་གསོ་དཔྱད་ལ་མཁས་པའི་རྣལ་འབྱོར་བ་ཆེན་པོ་རོང་ཆེན་ལྷ་རྗེ་ཞེས་འབོད་པ་ཞིག་ཡོད་པ་དེ་ས་སྐྱར་འགྲོ་མགོན་འཕགས་པ་རིན་པོ་ཆེར་འཇལ་དུ་ཕྱིན་པར། བླ་མའི་ཞལ་ནས། ཁྱོད་རང་འདིར་མ་འདུག་པར་ཨ་མདོར་སོང་དང་། ས་རྡོ་རྗེའི་དབྱིབས་དང་འདྲ་བའི་སྐེད་པར་ཁྱོད་ཀྱི་རིགས་རུས་ཀྱིས་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་དགོས་པ་ཡོད་དོ་ཞེས་གསུངས་པ་ལྟར་། མདོ་སྨན་རེབ་གོང་དུ་བྱོན་ནས་རྒྱལ་ཐང་དང་ཧོར་སྙན་བཟང་གཉིས་སུ་གཞིས་བཏབ། ས་སྐྱའི་གྲུབ་མཐའ་སྤེལ། གསོ་རིག་གིས་འགྲོ་ཕན་ཤིན་ཏུ་ཆེ་བ་བྱུང་། དེའི་སྲས་མདོ་སྡེ་འབུམ་གྱིས་ས་དེའི་སྤྱི་དཔོན་གྱི་འགན་བཞེས་ཤིང་ས་སྐྱའི་སྲིད་དབང་དང་རྗེས་སུ་མཐུན་པའི་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་དབང་བཙུགས་ཏེ་ཆོས་སྲིད་གཉིས་ཀྱི་འཕྲིན་ལས་རྒྱ་ཆེར་སྤེལ་བས་རིམ་བཞིན་རྨ་ཆེན་ཆུའི་ལྷོ་ཕྱོགས་ཀྱི་ས་ཁྱོན་ཡངས་པོར་དབང་སྒྱུར་པའི་ས་གནས་སྲིད་དབང་ཆེན་པོ་ཞིག་ཏུ་གྱུར། དེའི་སྲས་རོང་བོ་བླ་མ་བསམ་གཏན་རིན་ཆེན་ནི་ཆུང་དུས་ནས་རབ་ཏུ་བྱུང་། ཤར་ཕྱོགས་རིག་པའི་དཔའ་བོ་ཞེས་བྱ་བ་ཆོས་རྗེ་དོན་གྲུབ་རིན་ཆེན་ལས་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་མནོས་ཤིང་ཟབ་རྒྱས་ཀྱི་བགོ་སྐལ་ཟད་མི་ཤེས་པ་བཞེས།ས་དཀྱིལ་ཏཱ་པེ་ཧུ་དང་མཆོད་ཡོན་དུ་འབྲེལ་ནས་རྒྱལ་ཐང་གི་དབུས། ས་རྡོ་རྗེ་འདྲ་བའི་ལྟེ་བར་རབ་བྱུང་དྲུག་པའི་ཆུ་རྟ་སྤྱི་ལོ1324ལོར་རོང་བོ་བདེ་ཆེན་ཆོས་འཁོར་གླིང་གི་གཞི་དང་པོ་བཏིངས་ཏེ་ས་འཛིན་ལྷ་ཁང་དུ་དུས་གསུམ་སངས་རྒྱས་བཞེངས། དེའི་སྤུན་མཆད་བློ་གྲོས་སེང་གེ་ནི་རིག་པའི་གནས་སོ་སོར་སྦྱངས་པ་ཆེ་ཞིང་འཕྲིན་ལས་ཤིན་ཏུ་རྒྱས་པ་ཞིག་ཡིན་པས། ཏཱ་མིང་ཟོན་ཏེ་རྒྱལ་པོས་རྒྱལ་ནང་དུ་སྤྱན་དྲངས། རྒྱལ་པོ་འཁོར་བཅས་ལ་རྣམ་འཇོམས་དཀར་པོའི་རྗེས་གནང་གིས་ཐོག་དྲངས་ཟབ་རྒྱས་ཆོས་ཀྱི་ཆར་བ་དགུང་ནས་ཕབ་བས། རྒྱལ་པོ་ཐུགས་ཤིན་ཏུ་དགྱེས་ཏེ་ཁོང་ལ་ཧུང་ཟིའུ་དམེའུ་ཀོཤྲཱིའི་ལས་ཀ གསེར་ཐམ་གྲུ་སྒེར་སོགས་གནང་།

ཏཱ་མིང་ཝན་ལིའི་དུས་སུ། དགེ་ལུགས་པའི་གྲུམ་མཐའ་མདོ་སྨད་ཡུལ་དུ་རྒྱ་ཆེར་སྤེལ་བ་དང་བསྟུན་དགོན་པའི་ཆོས་ཀྱི་གྲུབ་མཐའ་དགེ་ལུགས་པར་བསྒྱུར། འདུ་ཁང་ཆེན་མོ་གསར་དུ་བཞེངས། སྤྱི་ལོ1622ལོར་ཏཱ་མིང་ཤིན་ཙུང་རྒྱལ་པོས་ནུབ་ཕྱོགས་ཡིད་དགའི་ཞིང་ཁམས་ཞེས་པའི་སྒོ་བྱང་ཞིག་ཕྱག་བྲིས་མཛད་དེ་གནང་།

གསེར་ལྗོངས་ཡུལ་གྱི་སྐྱབས་མགོན་ཐམས་ཅད་མཁྱེན་པ་གྲུབ་ཆེན་སྐལ་ལྡན་རྒྱ་མཚོས་རོང་བོ་བླ་མ་བསམ་གཏན་རིན་ཆེན་གྱི་སྐྱེ་བ་མངོན་དུ་བཞེས་པས་ཀུན་གྱིས་གཙུག་གི་རྒྱན་དུ་བཀུར། ཉིད་ཀྱི་ཁུ་བོ་ཆོས་པ་རིན་ཆེན་ཡང་ཡང་བསྐུལ་ངོར་དགུང་ལོ་ཉེར་གཞིའི་སྟེང་རོང་བོའི་གདན་ས་ཆེན་མོར་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་གསར་དུ་བཙུགས་ཤིང་ལུགས་གཉིས་ཀྱི་སྒོ་ནས་བསྐྱངས་པས་འཆད་ཉན་དབྱར་མཚོ་བཞིན་དུ་འཕེལ། རྗེ་འདི་ཉིད་ཀྱིས་སྐུ་ཚེ་གང་བོར་མདོ་སྨད་ཀྱི་དབེན་པའི་རི་སུལ་དང་རྫ་ཁྲོད་མིག་གིས་མཐོང་ཚད་དང་རྣ་བས་ཐོས་ཚད་དུ་བྱོན་ཏེ་ཉིན་གྱི་ལྟོ་དང་མཚན་གྱི་གཉིད་མི་སེམས་པར་སྐུའི་འཕོངས་ཤ་རོར་སོང་སོང་གི་བར་དུ་སྒྲུབ་པ་རྩེ་གཅིག་ཏུ་གཞོལ་བས། ཀུན་གྱིས་མདོ་སྨད་སྒྲུབ་བརྒྱུད་ཀྱི་བསྟན་པའི་ཤིང་རྟ་པ་ཆེན་པོར་བསྔགས།

དེ་ཡང་ཡབ་རྗེ་སྐུ་ཕྲེང་གཉིས་པ་ངག་དབང་འཕྲིན་ལས་རྒྱ་མཚོས་སྤྱི་ལོ1734ལོར་རྒྱུད་པའི་གྲྭ་ཚང་བཙུགས་ཤིང་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྲོལ་བཏོད། སྐུ་ཕྲེང་གསུམ་པ་དགེ་འདུན་འཕྲིན་ལས་རབ་རྒྱས་ཀྱིས་སྤྱི་ལོ1733ལོར་དུས་འཁོར་གྲྭ་ཚང་བཙུགས། སྐུ་ཕྲེང་བཞི་བ་བློ་བཟང་ཆོས་གྲགས་རྒྱ་མཚོས་ཤར་བླ་བྲང་རྒྱ་ཆེར་བསྐྱེད། སྐུ་ཕྲེང་དྲུག་པ་བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན་གྱིས་མཚན་ཉིད་གྲྭ་ཚང་གི་འདུ་ཁང་ཆེན་མོ་རྒྱ་བསྐྱེད་དེ་སླར་ཡང་བཞེངས་ཤིང་གོས་སྐུ་ཆེན་མོ་བཞེངས་གྲུབ་བྱུང་བ་བཅས་ལ་བརྟེན། སྐུ་ཕྲེང་བདུན་པ་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོའི་སྐབས་དགོན་པའི་བཟོ་བཀོད་ཀྱི་གཞི་ཁྱོན་མུའུ་བཞི་བརྒྱར་ཉེ་བ་ཟིན་ཅིང་། གཙུག་ལག་ཁང་ཆེ་ཆུང་ཁྱོན་བསྡོམས31བླ་སྤྲུལ་གྱི་ནང་ཆེན43གྲྭ་ཤག303། གྲྭ་པ་མང་ཚེ2300ཟིན་པའི་དགོན་ཆེན་པོ་ཞིག་ཏུ་གྱུར་ཏོ། །དེ་མིན་གདན་ས་ཆེན་པོ་འདིར་མདོ་སྔགས་ཀྱི་བསླབ་སྦྱངས་སྒྲིག་གཞི་ཆ་ཚང་ཞིང་ཚགས་དམ་ལ་འཆད་ཉན་གྱི་འཕྲིན་ལས་ཤིན་ཏུ་རྒྱས་པར་བརྟེན། ཀུན་གྱིས་ཡིད་སྨོན་འཆའ་བའི་ནང་བསྟན་རིག་གནས་ཀྱི་ལྟེ་གནས་ཤིག་ཏུ་མངོན་པར་གྲུབ་བོ། །

གདན་ས་ཆེན་པོ་འདི་ལ་ལོ་རེར་ཆོས་ལུགས་ཀྱི་མཛད་སྒོ་དང་བྱ་འགུལ་མང་པོ་ཡོད་དེ། དེའི་ནང་ནས་གཙོ་ཆེར་ལོ་རེའི་ཆོ་འཕྲུལ་སྨོན་ལམ་ཆེན་པོ་ནི་ཧོར་ཟླ་དང་པོའི་ཚེས་བདུན་ནས་བཅུ་དྲུག་བར་ཡིན། བཞི་པའི་ཚེས་བཞི་ནི་སྟོན་པས་ཆོས་འཁོར་བསྐོར་བའི་རྗེས་དྲན་གྱི་ཉིན་ཡིན་ཞིང་། དྲུག་པའི་བཅོ་ལྔ་ནས་བརྒྱད་པའི་ཚེས་གཅིག་བར་ཉིན་ཞེ་ལྔར་དགོན་པའི་དབྱར་གནས་ཡིན། བདུན་པའི་ཚེས་དྲུག་ནི་ཡང་རྗེ་སྐལ་ལྡན་རྒྱ་མཚོ་སྐུ་མྱ་ངན་འདས་པའི་འདས་མཆོད་ཀྱི་ཉིན་མོ་ཡིན། དགུ་པའི་ཉེར་གཉིས་ནི་སྟོན་པ་ལྷ་ལས་བབས་པའི་དུས་ཆེན་ཡིན་པས་རྗེས་དྲན་གྱི་ཆོ་ག་གཟབ་རྒྱས་ཡོད། བཅུ་བའི་ཉེར་ལྔའི་ཉིན་ནི་རྗེ་ཙོང་ཁ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་པའི་རྗེས་དྲན་གྱི་ཉིན་མོ་ཡིན་ཕྱིར། ཚོགས་མཆོད་གཟབ་རྒྱས་ཡོད་པ་བཅས་སོ། །གདན་ས་ཆེན་པོ་འདི་དནི་ལོ་བཅུའི་ནང་ཟིང་གི་སྐབས་སུ་གཏོར་བརླག་ཚབས་ཆེན་ཐེབས། 1980ལོར་ཆོས་ཀྱི་སྒོ་མོ་སླར་ཡང་ཕྱེ་བའི་བསྐལ་བཟང་ཉི་མ་ཤར། སྐྱ་སེར་ཐུན་མོང་ནས་ལོ་ངོ་ཉི་ཤུ་ཙམ་གྱི་བླ་མེད་རྩོལ་བ་ལ་བརྟེན་ད་ལྟ་གདན་ས་ཆེན་པོ་འདིའི་སྔ་མའི་རྣམ་པ་མ་ཉམས་ཙམ་ཀུན་གྱི་མཐོང་ལམ་དུ་མངོན་པར་ཤར་བ་འདི་ཉིད་ལགས་སོ། །1991ལོར་སྐྱབས་མགོན་བུདན་པ་ཆེན་པོའི་ཡས་སྲིད་འཁྲུལ་མེད་བསྟན་འཛིན་འཇིགས་མེད་སྐལ་ལྡན་མཆོག་རང་གི་གདན་ས་ཆེན་པོར་འབྱོར་ཞིང་ཁྲི་འདོན་མཛད་སྒོ་གཟབ་རྒྱས་མཛད་པས་དད་ལྡན་སྐྱ་སེར་ཀུན་གྱི་རེ་བ་ཁེངས། 1996ལོའི་ཟླ་བ11པའི་ཚེས20ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་གནད་ཆེའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཏུ་ཁྱབ་བསྒྲགས་བྱས། །

ཁྭ་ཏའི་ཁའི་དགོན་པ་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་བཀའ་མ་ལོག་རྫོང་ཁོངས་སུ་ཆགས་ཤིང་། དེ་ནི་ཕག་གྲུ་སྲིད་དབང་གི་སྐབས་སུ་བཀའ་མ་ལོག་རྫོང་དུ་མངའ་བའི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་གྲུབ་མཐའི་དགོན་ཆེན་གསུམ་སྟེ་མཛོ་མོ་མཁར་དང་། ལིན་གཙང་དགོན། ཁྭ་ཏའི་ཁའི་དགོན་གྱི་ཡ་གྱལ་ཡིན། རྗེ་ཙོང་ཁ་བ་བློ་བཟང་གྲགས་པའི་དགེ་ཕྲུག་བྱང་བླ་མ་ཆོས་ཀྱི་རྒྱལ་བོས་ཕག་གྲུ་སྲིད་དབང་ངམ་མིན་རྒྱལ་རབས་ཀྱི་སྐབས་སུ་བཞེངས་པ་ཡིན།

གཙང་པ་རྒྱལ་པོའི་སྐབས་ཀྱི་རྒྱའི་ཡིག་ཚང་དུ་ཅིན་ཉིན་ཟི་ཞེས་བཀོད་འདུག་ལ། ཁྭ་ཏའི་ཁའི་དགོན་པ་ཞེས་པའི་མིང་གི་ཐོགས་ཚུལ་ཐད་བོད་ཡིག་གི་ལོ་རྒྱུས་ཡིག་ཚང་དུ་འདི་ལྟར་བཀོད་འདུག་པ་སྟེ། བྱང་བླ་མ་ཆོས་ཀྱི་རྒྱལ་པོས་ལྷ་སའི་ཡུལ་ནས་ཇོ་བོ་ཤཱཀྱ་མུ་ནེའི་ལྷ་སྐུ་ཞིག་གདན་དྲངས་ཏེ་གནས་འདརི་དགོན་པ་ཞིག་བཏབ་ཅིང་། ཉིན་ལ་ཕྱི་རོལ་གྱི་ཁ་བའི་ཁྲོད་བྱིས་པའི་རྐང་རྗེས་གསར་བ་ཞིག་འདུག་པ་མཐོང་ནས་དེད་སོང་བ་ན། ཙན་དན་གྱི་སྡོང་བོ་ཞིག་དང་འཕྲད། དེའི་རྩེ་མོ་རུ་བྱ་ཁཱ་ཏ་ཞིག་གིས་མགྲིན་དབྱངས་སྒྲོག་བཞིན་ཁ་ནས་གསེར་སྐུད་ལྟ་བུའི་མཆུ་མ་འཛར་པ་དང་། དེའི་སྟེང་དུ་ཉི་འོད་འཕྲོས་ཕྱོགས་ཤིག་གིས་འཇའ་ཤར་བ་ལྟ་བུའི་འོད་མདངས་བཀྲ་ཞིང་རྒྱལ་མཚན་གྱི་དབྱིབས་ལྟར་ཆགས་པའི་དགེ་མཚན་ཁྱད་དུ་འཕགས་པ་ཞིག་ཏུ་མཐོང་ནས། གནས་འདི་ནི་གནས་མཆོག་ཏུ་གྱུར་བ་ཞིག་རེད་སྙམ་སྟེ་དགོན་ཆེན་ངོ་མཚར་པ་ཞིག་བཞེངས་པ་དང་། མིང་དུ་ཁྭ་ཏའི་ཁའི་དགོན་ཞེས་གསོལ་བ་རེད།

དགོན་སྡེ་འདི་ཐོག་མར་མཁར་རྫོང་གི་ཁྲོད་དུ་ཆགས་ཤིང་། དར་རྒྱས་ཆེ་བའི་དུས་སུ་ས་ཁྱོན་ལ་མུའུ60ལྷག་དང་། ལྷ་ཁང་ཆེ་ཆུང13། དགེ་འདུན་པ་སྟོང་ལ་ཉེ། དགོན་ལག་ལ་ད་ལྟའི་བཀའ་མ་ལོག་རྫོང་གི་མདོ་བ་དགོན་དགའ་ལྡན་ཆོས་འཁོར་གླིང་དང་། ནོར་བ་དགོན་བཀྲ་ཤིས་བསམ་གཏན་གླིང་། བ་ཡན་རྫོང་ཐ་ཀྱ་དགོན་བཀྲ་ཤིས་བསམ་གཏན་གླིང་སོགས་དགོན་སྡེ་དྲུག་འདུས། ཆིན་རྒྱལ་རབས་ཀྱི་ཐུན་ཀྲི་ལོར་དམག་བཏང་ནས་དགོན་པ་མེར་བསྲེགས། རྗེས་སུ་དགོན་བདག་ཞིན་གྱ་བླ་མས་སོག་རིགས་ས་ཁུལ་དུ་བསོད་སྙོམས་བསླངས་ཏེ་སླར་གསོ་བྱས་མོད། སླར་གསོ་བྱས་པ་དེ་སྔར་བས་ཅུང་རྒྱ་ཆུང་ལ། དགོན་སྡེ་འདིར་གཙོ་བོ་འདུ་ཁང་ཆེན་མོ་དང་། མགོན་ཁང་། བག་རྩེ་ལྷ་ཁང་། ཐུན་ལྔའི་ལྷ་ཁང་སོགས་བཞེངས་འདུག་ཅིང་། རྟེན་གཙོ་བོ་ལ་རྗེ་ཙོང་ཁ་བ་གཙོ་བྱས་པའི་ཁོང་གི་ཡོངས་འཛིན་དང་དགེ་ཕྲུག་རྣམས་ཟུར་རྒྱན་དུ་བཀོད་པའི་མཛེས་ཤིང་རིན་ཐང་གཞལ་ཡས་པའི་ཐང་ག་གཅིག་བཞུགས་འདུག ངག་སྒྲོས་ལྟར་ན་ཕག་གྲུ་སྲིད་དབང་གི་དུས་སུ་ཡུལ་འདིའི་ཚོང་དཔོན་ནོར་བུ་ཞེས་པ་ལྷ་སར་ཚོང་འགྲེམ་པར་སོང་སྟེ་རྗེ་ཙོང་ཁ་བ་དང་ཞལ་འཛོམས་ནས་རྗེ་ཙོང་ཁ་བའི་མ་ཡུམ་གྱིས་བསྐུར་བའི་སྐྲ་ལོ་ཉག་གཅིག་དང་ངག་འཕྲིན་སོགས་ཇི་མ་ཇི་བཞིན་དུ་རྗེ་ཉིད་ལ་སྤྲད་དེ་ཕྱིར་ལོག་ཁར། རྗེ་ཉིད་ཀྱིས་སླར་ཡང་ཁོང་གི་རྣ་ཁྲག་དང་ཚོས་སྣ་གཞན་སྡེབ་པ་ལས་གྲུབ་པའི་ཐང་ག་ཞིག་བཞེངས་ཏེ་མ་ཡུལ་ལ་བསྐུར། དེ་ནས་ཚོང་དཔོན་ནོར་བུས་ཐང་ག་འདི་སྤྱིར་བཏང་བ་ཞིག་མ་རེད་སྙམ་སྟེ། དེ་དང་གཅིག་མཚུངས་སུ་གྱུར་བ་ཞིག་བཞེངས་ནས་དེ་རྗེ་ཙོང་ཁ་བའི་མ་ཡུལ་ལ་ཕུལ(ད་ལྟ་སྐུ་འབུམ་བྱམས་པ་གླིང་དུ་ཉར་ཡོད)བ་དང་། རྗེ་ཙོང་ཁ་བས་དངོས་སུ་བཞེངས་པའི་ཐང་ག་དེ་ཁྭ་ཏའི་ཁའི་དགོན་དུ་ཕུལ་བས། ཁྭ་ཏའི་ཁའི་དགོན་བོད་ཁུལ་ཡོངས་སུ་སྙན་གྲགས་རབ་ཏུ་རྒྱས་ཤིང་། བོད་བརྒྱུད་ནང་བསྟན་གྱི་གནས་མཆོག་ཅིག་ཏུ་གྱུར། ཐང་ག་ཆེན་མོ་དེར་ཡུལ་དེ་གའི་སེར་སྐྱ་ཕོ་མོ་ཡོངས་ཀྱི་སྲུང་སྐྱོབ་གང་ལེགས་བྱས་པས་གནོད་སྐྱོན་ཅི་ཡང་མ་ཐེབས་པར་བདེ་བླང་ངང་གནས་ཐུབ་ལ། 2002ལོར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ས་གནས་གལ་ཆེན་གྱི་ཁོངས་སུ་བདམས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག