ཀྲུང་གོ་བོད་ཀྱི་དྲ་བ།

ཕྱག་ཕྲེང་གི་མིང་གི་འབྱུང་ཁུངས།

ཡོང་ཁུངས། : ཁམས་པའི་བོད་ཡིག་དྲ་བ།ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-08-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1502075461880481.jpg

ཕྱག་ཕྲེང་གི་མིང་གི་འབྱུང་ཁུངས།

ཕྱག་ཕྲེང་གི་མིང་ཐོགས་དོན་ཐད་ལ་བཤད་སྲོལ་མི་འདྲ་འགའ་འདུག་སྟེ། སློབ་དཔོན་པད་མ་འབྱུང་གནས་ས་དེར་ཕེབས་པའི་སྐབས་མཆོག་གི་ཕྱག་ཕྲེང་ས་དེ་ལ་བརྗེད་པས་ཕྱག་ཕྲེང་ཞེས་མིང་བཏགས་པར་བཤད། 

1502075462366865.jpg

ལ་ལས་སྔར་བོད་རྒྱལ་བཙན་པོའི་དུས་སྐབས་ལ་མཐའ་མཚམས་སུ་སོ་སྲུང་བསྡད་དེ་གནས་ཚུལ་གང་ཡོད་མྱུར་དུ་ཆའམ་འཕྲིན་གྱི་ལམ་ནས་རྒྱལ་པོའི་དྲུང་དུ་སྙན་ཞུ་འཁྱེར་མཁན་གྱི་སྡོད་གནས་ཡིན་པས་ཆ་འཕྲིན་ཞེས་ཐོགས་པར་ཡིག་རྙིང་དག་ལས་བཤད། ཡང་འགའ་ཤས་ཀྱིས་ཕྱག་ཕྲེང་ཞེ་ན་ལག་ཏུ་ཕྲེང་བ་ཐོགས་པར་ཟེར་ཞིང་།  རྒྱུ་མཚན་ནི་ཤོར་ཆུ་དང་དམར་ཆུ།བདེ་ཆུ་བཅས་གསུམ་པོ་བྱང་ནས་ལྷོའི་མངའ་ཁོངས་སུ་བརྒྱུད་པའི་ཚུལ་ནི་ཕྱག་ཏུ་འདྲེན་པའི་ཕྲེང་མ་ཞིག་དང་མཚུངས་པས་མིང་དེ་ལྟར་ཐོགས་པ་རེད་ཅེས་ཟེར་རོ།།

1502075462581010.jpg

1502075462603574.jpg

ཕྱག་ཕྲེང་རྫོང་གི་གནས་ཚུལ་མདོར་བསྡུས།

ཕྱག་ཕྲེང་རྫོང་ནི་སི་ཁྲོན་ཞིང་ཆེན་ནུབ་རྒྱུད་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཚམས་དང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ནུབ་ཏུ་གནས་ཤིང་། ཤར་དུ་འདབ་པ་རྫོང་དང་བྱང་དུ་ལི་ཐང་རྫོང་། ནུབ་ཏུ་འབའ་ཐང་དང་སྡེ་རོང་རྫོང་དང་འབྲེལ་ཞིང་། ལྷོ་རུ་ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་རྫོང་དང་འབྲེལ་ཡོད།

1502075462497117.jpg

ཕྱག་ཕྲེང་རྫོང་གི་གྲོང་སྡེའི་འདུ་ཁང་ཁྲོད་ཀྱི་མིང་རྒྱལ་རབས་སྐབས་ཀྱི་ལྡེབས་རིས།

རྫོང་ཡོངས་ཀྱི་མི་གྲངས་བསྡོམས་འབོར26879ཡོད་པ་དང་མངའ་ཁོངས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ5016ཡོད། བོད་རིགས་དང་དབྱིས་རིགས། ཆའང་རིགས། མིའོ་རིགས། ཧུའེ་རིགས། སོག་རིགས། ཐུའུ་ཅ་རིགས། ལི་སུའུ་རིགས། མན་ཇུ་རིགས། ཡའོ་རིགས། ཏུང་རིགས། འཇང་རིགས། པུའུ་དབྱི་རིགས། པའེ་རིགས། ཀྲོང་རིགས། ཏའེ་རིགས་སོགས་མི་རིགས་དུ་མ་འཆམ་མཐུན་ངང་གནས་པའི་རྫོང་ཞིག་ཡིན། རྫོང་སྲིད་གཞུང་ནས་ཁུལ་སྲིད་གཞུང་གནས་ཡུལ་དར་མདོའི་བར་སྤྱི་ལེ488དང་ཁྲེང་ཏུའུ་བར་སྤྱི་ལེ860ཡོད།  ཡུན་ནན་བདེ་ཆེན་ཁུལ་སྲིད་གཞུང་གནས་སའི་སེམས་ཀྱི་ཉི་ཟླ་རྫོང་བར་སྤྱི་ལེ༢༢༢ཡོད་པ་རེད།

1502075462872701.jpg

ཕྱག་ཕྲེང་རྫོང་ལ་ལོ་རྒྱུས་ཡུན་རིང་ལྡན་ལ། ཕུན་སུམ་ཚོགས་པའི་ཁམས་པའི་རིག་གནས་ཀྱང་ཡོད། གནའ་བོའི་དམངས་སྲོལ་དང་ཆོས་ལུགས་རིག་གནས། ཁྱད་ཆོས་དམིགས་བསལ་ལྡན་པའི་བོད་ལུགས་ཁང་པ་སོགས་ལྡན་ཞིང་། རྫོང་ནང་བོད་བརྒྱུད་ནང་བསྟན་གྱི་ས་དགེ་བཀའ་རྙིང་དང་བོན་བཅས་གྲུབ་མཐའ་ཆེན་པོ་ལྔའི་དགོན་སྡེ་མང་པོ་ཡོད་ཅིང་། དེའི་ནང་ནས་དགོན་སྡེ་ཆེ་གྲས་བསམ་འཕེལ་གླིང་དགོན་པ་ཡོད། བོད་ཁུལ་ཡོངས་དང་མི་འདྲ་བའི་བུད་མེད་ཀྱི་རྒྱན་གོས་དང་ཁྱད་ཆོས་འབུར་དུ་ཐོན་པའི་བོད་ཁང་དཀར་པོ་སོགས་ཡོད།

1502075462930579.jpg

བོད་ཁང་དཀར་པོ།

དེའང་ཕྱག་ཕྲེང་གི་བོད་ཁང་དཀར་པོའི་བཟོ་ལྟ་དང་ཉམས་འགྱུར། མཛེས་རྒྱན་ལག་རྩལ་དང་མཐོང་ཚོར་གྱི་རྒྱུ་རྐྱེན་གྲུབ་སྟངས་ཐད་ལ་རང་ངོས་སྒྱུ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་། དེའི་ནང་ནས་སྲོལ་རྒྱུན་གྱི་བོད་ལུགས་འཛུགས་སྐྲུན་གྱི་གཞི་རྩའི་ཁྱད་ཆོས་སོར་བཞག་ཐོག་རང་གཤིས་དང་ཐུན་མོང་གི་རང་བཞིན་གང་ལེགས་མཚོན་ཡོད།བོད་ཁང་དཀར་པོ་ནི་ཕྱག་ཕྲེང་གི་ཁྱད་ཆོས་ཤིག་ཡིན།

1502075462717894.jpg

ཕྱག་ཕྲེང་གི་བོད་ཁང་གི་གྱང་ངོས་ཚང་མ་གྱང་བརྡུངས་ནས་གྲུབ་པ་ཞིག་ཡིན་ལ། ཁང་པའི་ནང་ལ་ཤིང་གི་ཀ་བ་མང་པོ་ཡོད། ཁང་པའི་ཆེ་ཆུང་ནི་ཀ་བ་མང་ཉུང་ལ་བརྟེན་ནས་གྲུབ་ཅིང་། ཉུང་བ་ལ35དང་མང་བ་ལ118ཡོད། ཀ་བ་ཅི་ཙམ་ཆེ་ན་ཁང་པའང་དེ་ཙམ་ཆེ།  ཕྱག་ཕྲེང་གི་བོད་ཁང་ཕལ་ཆེར་རྩེག་གསུམ་མམ་བཞི་ཡོད་ཅིང་། རྩེག་དང་པོར་ཁལ་མ་དང་ཕག་སོགས་བཙུད་ས་དང་རྩེག་གཉིས་པར་མི་སྡོད་ས་དང་རྩེག་གསུམ་པར་ཆོས་ཁང་ཡིན། 

1502075462134772.jpg  

ཁང་པ་དཀར་པོའི་འབྱུང་ཁུངས་ལ་བཤད་སྲོལ་འདི་འདྲ་ཞིག་ཡོད་དེ། གནའ་སྔ་མོ་ཞིག་ལ་ལྷག་བསམ་རྣམ་པར་དག་ཅིང་མཛེས་སྡུག་གི་ཡིད་དབང་འཕྲོག་པའི་ལྷ་མོ་ཞིག་ཕྱག་ཕྲེང་ལ་ཕེབས་དུས་ཁོང་གི་ཕྱག་ཕྲེང་གི་ཁང་པའི་གྱང་ངོས་ཡོངས་ནག་ཏིང་ཏིང་ཡིན་པས་མཐའ་འཁོར་གྱི་དྭངས་གཙང་མཛེས་སྡུག་གི་ཁོར་ཡུག་དང་མི་མཐུན་པར་དགོངས་ནས། ཤོར་ཆུ་ཕྱོགས་ཀྱི་བོད་ཁང་ལ་གཏད་ནས་སྤྱན་རས་གཟིགས་ཀྱིས་གནང་བའི་ས་དཀར་དེ་གཏོར་བས་ས་ཁ་ཤས་གྱང་ངོས་སུ་ལྷུང་བ་དང་ཡང་ས་འགའ་ཤས་ཆུ་འགྲམ་གྱི་བྲག་ཐོག་ཏུ་ལྷུང་ཞིང་། གྱང་ངོས་ལ་ཕོག་པས་གྱང་དེ་དཀར་ཞིང་གཙང་བ་ཞིག་ཏུ་གྱུར་བ་དང་བྲག་ཐོག་ལ་ལྷུང་བ་ནི་ད་ལྟར་གྱང་ངོས་ལ་བྱུགས་པའི་ས་དཀར་དུ་གྱུར་བ་རེད་ཅེས་བཤད་པ་རེད།

1502075462568457.jpg

ཡང་ལ་ལས་ཀརྨ་པ་ཕྱག་ཕྲེང་ནས་བྱོན་དུས། ཕྲེང་ལྡོག་གཉིས་ལྕགས་རྭའི་འཆི་མེད་ཚང་གི་ཁྱིམ་ལ་ལུས། དེའི་རྒྱུ་མཚན་གྱིས་ཀརྨ་པས་གསོལ་བ་སྨོན་ལས་བཏབ་པས་ཡུན་མི་རིང་བར་ཕྲེང་མ་ལྷུང་སར་ལྗང་ནག་གི་བྱང་ཆུབ་ཤིང་ཞིག་འཁྲུངས་ནས་དེ་ལ་བྱང་ཆུབ་འབྲས་བུ་མང་པོ་བཏགས། འཆི་མེད་ཚང་གི་ཁྱིམ་མིས་བྱང་ཆུབ་འབྲས་བུ་བརྒྱུས་ནས་ཁྱད་པར་ཅན་གྱི་ཕྲེང་མ་ཞིག་བཟོ་དུས། མི་རྣམས་ཀྱིས་ཆུ་བོ་འགྲམ་གཉིས་ལ་བྱང་ཆུབ་ཤིང་གྲངས་མེད་པར་སྐྱེ་བར་མཐོང་། ཁྱུང་མིག་འདྲ་བའི་བྱང་ཆུབ་འབྲས་བུ་དང་ཚེར་ཤིང་ཟུར་བཞི་ཅན་གྱི་བྱང་ཆུབ་འབྲས་བུ་སོགས་ནི་དེ་གའི་མི་དམངས་རྣམས་ཀྱི་ཡོང་འབབ་གཙོ་བོ་ཞིག་ཏུ་གྱུར།   དེ་བས་ཕ་ཡུལ་གྱི་མི་རྣམས་ཀྱིས་ཁང་པར་ས་དཀར་གྱི་དཀར་རྩི་བཏང་ནས་ཁང་པའི་དཀར་རྒྱན་བྱས་ཏེ་ཀརྨ་པའི་མཛད་རྗེས་དང་བཀའ་དྲིན་ལ་གུས་པའི་བསྟོད་འབུལ་ཞུས་བ་རེད། དེ་ཡང་གཟེར་མིག་ལས། དཔོན་གསས་དུང་གི་འཕྲེང་བར་བགྲང༌།། ཆབ་ནག་ཤེལ་གྱི་འཕྲེང་བར་བགྲང༌།། ཆབ་དཀར་རག་ཤའི་འཕྲེང་བར་བགྲང༌།། འཕན་ཡུལ་མན་ལུང་འཕྲེང་བར་བགྲང༌།། གཙང་མ་མཐོ་ཐོག་སྤྱི་རྒྱུག་ཐིག་ལེ་ཆེན་པོ་བཟླས་དང་བརྗོད་མེད་བྷོ་ཏི་ཙེ་ཡི་འཕྲེང་བར་བགྲང༌ཞེས་བཀོད་ལྟར་བྷོ་ཏི་ཙེའི་ཕྲེང་བ་ནི་ཚང་མས་ཁུར་ནས་བགྲང་རུང་བ་ཞིག་ཡིན་པས་ཀུན་གྱིས་བརྩི་མཐོང་བྱས་དང་བྱེད་བཞིན་ཡོད་དོ།།

1502075462225611.jpg

དཔལ་མོ་གནས་རི།

དཔལ་མོ་གནས་རི་ནི་ཕྱག་ཕྲེང་གི་མཚོན་རྟགས་སུ་གྱུར་བ་དང་། ལོ་རེའི་དབྱར་ཁར་ཕྱག་ཕྲེང་གིས་དཔལ་མོ་གནས་རིའི་དུས་སྟོན་རྒྱ་ཆེར་སྤེལ་ཞིང་།  བོད་སྐད་ཡིག་ནང་དཔལ་མོ་ནི་སྟག་བཞོན་པའི་སྤྱན་རས་གཟིགས་ཞེས་པའི་དོན་ཡིན་ལ། རྒྱང་ནས་གནས་རིར་བལྟས་ན་སྟག་ཅིག་དང་ཀུན་ནས་མཚུངས།

དཔལ་མོ་མཚེའུ་བདུན་གྱི་མཛེས་ལྗོངས་ཁུལ།

མཛེས་ལྗོངས་ཁུལ་དེ་ཕྱག་ཕྲེང་རྫོང་གྲོང་གི་ཤར་གྱི་རི་ཚོགས་ཀྱི་ཁྲོད་དུ་གནས་ཤིང་། མཛེས་ལྗོངས་གཙོ་གྲས་མཚེའུ་ཡི་ཚོགས་དང་རྦབ་ཆུ། ཕུ་ཆུ། ཚ་ཆུ།  གདོད་མའི་ནགས་ཚལ། རྩྭ་ས། གངས་རི། འབྲོག་ར། ཇ་འདྲེན་བདལ་ལམ་གྱི་ཤུལ། དགོན་པ།  བོད་གྲོང་། རྡོ་མཚར་སོགས་ཀྱིས་གྲུབ་པ་ཡིན།

རྟ་དོམ་འགག་རོང་ཆེན་པོ།

རྟ་དོམ་འགག་རོང་ཆེན་པོའི་མཛེས་ལྗོངས་ཁུལ་ནི་ཕྱག་ཕྲེང་རྫོང་ས་སྒང་ཤང་གི་ཁོངས་སུ་གནས་ཤིང་། ཡུན་ནན་སེམས་ཀྱི་ཉི་ཟླ་རྫོང་ནས་འདབ་པའི་ཉི་སྟེན་བར་ངེས་པར་དུ་བརྒྱུད་དགོས་པའི་གནས་ཤིག་ཡིན།  

རྟ་དོམ་འགག་རོང་ཆེན་པོའི་མཛེས་ལྗོངས་ལ་རྔམ་བརྗིད་དང་ཡ་མཚན། ཉེན་ཅན། མཛེས་པ་བཅས་ཀྱི་ཁྱད་ཆོས་ལྡན། ཕྱག་ཕྲེང་ནི་ཆུ་ཚན་ཁྱབ་པའི་ཁུལ་ཞིག་ཡིན་ལ། མངའ་ཁོངས་སུ་སྡེ་དགོན་ཚ་ཆུ་དང་། ཚ་ཁ་ཚ་ཆུ། ཆུ་འགྲམ་ཚ་ཆུ།  རུ་ཚའོ་ཚ་ཆུ། པའེ་ཀོ་ཚ་ཆུ་བཅས11གི་སར་ཚ་ཆུ་ཡོད།

ཕྱག་ཕྲེང་རྫོང་གྲོང་གི་ལམ་སྒྲོན་ནི་ཀ་བ་སྨུག་ནག་ཞིག་གི་དཀྱིལ་སྟོད་ཙམ་ལ་ཕྱག་ཕྲེང་རྫོང་གི་མཛེས་ལྗོངས་དང་རིག་གནས་ཡུལ་སྐོར་གྲགས་ཅན་གྱི་རི་མོ་བྲིས་ཡོད་པའི་གློག་སྒྲོན་གྲུ་བཞི་གཉིས་གཡས་གཡོན་དུ་བཀལ་ཡོད་པ་དང་། དེའི་ཐོག་ལ་འབྲུག་མགོའམ་ལག་པར་ཕྲེང་བ་དཀྲིས་ཡོད་པའི་ཚུལ་དུ་གྲུབ་པའི་འགེལ་ཤིང་ཞིག་གི་རྩེ་ལ་བཀྲ་ཤིས་བདེ་ལེགས་བྲིས་ཡོད་པའི་མ་ཎི་འཁོར་ལོའི་དབྱིབས་ཀྱི་སྒྲོན་སྣོད་གཉིས་གཡས་གཡོན་དུ་འཕྱངས་ཡོད། གློག་ཀའི་རྩེ་མོར་ནོར་བུ་མེ་འབར་ཏོག་སྒྲོན་གྱིས་བརྒྱན་ཡོད་པས་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ས་གནས་རིག་གནས་ཀྱི་ཤན་ཞུགས་ཡོད་པ་རེད། །

1502075462713814.jpg

ཕྱག་ཕྲེང་རྫོང་གི་ལམ་སྒྲོན་གྱི་ཁྱད་ཆོས།   

རྩོམ་སྒྲིག་པ། : ཀླུ་མོ་མཚོ།