ཀྲུང་གོ་བོད་ཀྱི་དྲ་བ།

བྲག་དཀར་ཐེམ་ཆེན། རྟ་མཆོག་གི་ཕ་ས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

777777.jpg

༡ས་ཡི་བཀོད་པ།

རི་བོ་བྲག་དཀར་ཐེམ་ཆེན་འདི་ས་མདོ་སྨད་ཕྱོགས་ན་རི་བོ་ཆེན་པོ་13་ཡོད་པའི་གྲས་ཀྱི་གཅིག་ཡིན། ཐེམ་ཆེན་རྫོང་མཁར་དམར་ཡུལ་ཚོའི་ལྷོ་ཕྱོགས་ཀྱི་སྤྱི་ལེ་3ཡས་མས་མཚམས་ན་ཡོད།སའི་གོ་ལའི་འཕྲེད་གཞུང་ཏུའུ་གྲངས།37°20′33.29″Nདང98°་48′12.02″Eཡིན་ཞིང་། མཚོ་ངོས་ལས་མཐོ་ཚད་སྨི4125.4ལྷག་ཡོད། ཐེམ་ཆེན་རྫོང་གི་ཞིན་ཡིན་གྲོང་རྡལ་ནས་ལྷོ་ནུབ་ཕྱོགས་སུ་སྤྱི་ལེ20ཡས་མས་མཚམས་སུ་རྔམ་བརྗིད་ལྡན་པའི་ངང་གནས་ཡོད། བྲག་དཀར་ཐེམ་ཆེན་ནི་བོང་སྟག་སྡེ་བའི་བླ་རི་ཡིན་པ་སྔོན་ཆད་ཀྱང་བཤད་སྲོལ་ཡོད། རིའི་དབྱིབས་མཎྜལ་ཞིག་དང་འདྲ། མདུན་ཕྱོགས་ན(མདུན་ལུང་ངམ་ལབ་ཙེའི་ལུང་བ།)བྲག་དཀར་ཐེམ་ཆེན་གྱི་ལབ་ཙེ་ཡོད། དེའི་མར་གཤམ་ན་དྲེད་ལུང་རྒྱ་སྐད་ཀྱིས(哈熊沟)ཟེར་བ་དང་བོད་ཀྱི་ལོ་རྒྱུས་རང་བཞིན་བྲག་ངོས་སུ་བརྐོས་ཡོད་པའི་བྲག་དཀར་མཛོ་ལུང་ཡོད། ལྷོ་ཕྱོགས་སུ་སྒྲོལ་མ་བརྒྱ་ཐང་ངམ་སྒྲོལ་མའི་སྐུ་རང་བྱོན་བྲག་ངོས་སུ་བབས་ཡོད་པའི་སྒྲོལ་ལུང་ཟེར་བ་དེ་ཡོད། ལྷོ་ནུབ་གཉིས་ཀྱི་ཕྱོགས་ན་གཞན་དང་མི་འདྲ་བའི་བྲག་རྫོང་མང་པོ་ཡོད་ལ། ནུབ་ཕྱོགས་སུ་སོ་དེའུ་རི་རྒྱུད་ལྷུན་པོ་དེ་གཉེན་སྲུང་དགྲ་འགོག་གི་སོ་པ་བཞིན་འགྱིང་ངེར་བཞུགས་ཡོད། བྱང་ཕྱོགས་སུ་ཡན་ལག་བརྒྱད་ལྡན་གྱི་བེའུ་ཧའི་ཆུ་བོ་དེ་ཨ་མྱེས་བྲག་སེར་གྱི་མདུན་དུ་གཡུ་འབྲུག་སྔོན་མོས་འགྲོས་ལྟར་ནུབ་ནས་ཤར་དུ་མཚོ་ཁྲི་གཤོག་རྒྱལ་མོའི་ཨམ་ཕྲག་ཏུ་འཛུལ་ནས་ཡོད། གནས་དེར་1958གྱི་སྔོན་ལ་དགུ་རོང་བླ་མ་དང་ཨ་ལགས་གཏེར་སྟོན་རྣམ་པ་གཉིས་གཙོ་བྱས་པའི་སྐྱེས་ཆེན་དུ་མའི་མཚམས་ཁང་ཟེར་བའི་མཚམས་ཁང་ངམ་ཆོས་སྒྲུབ་གནས་ཡ་མཚན་པ་ཡོད་ཅིང་། གླིང་གེ་སར་གྱི་རྟ་ཕུར་ཡིན་ཟེར་བའི་རང་བྱུང་གི་རྡོ་རིང་ངམ་བྲག་ཁེར་ཆད་དུ་མའང་ཡོད།

11111.jpg

༢ ཐེམ་ཆེན་རི་བོའི་མིང་གི་ཐོགས་ཚུལ་བཤད་པ།

བྲག་དཀར་ཐེམ་ཆེན་འདི་གཞན་དང་མི་འདྲ་བ་ནི་མཚོ་སྔོན་པོ་ཕྱོགས་ཀྱི་ས་གང་ནས་བལྟས་ན་མཐོང་ཐུབ་ཅིང་། རི་བོའི་ཤར་ལྷོའི་མཚམས་ན་རི་རྩེར་གཏུགས་པའི་ལམ་ཆུང་ཞིག་ཡོད་པ་དེ་དེད་ནས་རི་རྩེར་སྙེག་ཚེ་ཐེམ་པ་ཆེན་པོ་ཞིག་ཡོད། ངག་རྒྱུན་ལ་ཐེམ་ཆེན་རི་བོ་ཐོགས་དོན་ཡང་འདི་ལས་བྱུང་ཟེར། བྲག་དཀར་ཐེམ་ཆེན་ཡང་ཟེར་ལ། དེ་ནི་རི་དེའི་བྲག་རི་དཀར་བོ་ཡིན་པའི་ཆ་ནས་བཏགས་པ་ཞིག་ཡིན་ཞིང་། ལོ་རྒྱུས་ཡིག་ཚང་ལ་ལ་ནས་ཨ་མྱེས་ཐེམ་ཆེན་ཚཱ་ཧན་ཧྲན་ཞེས་བོད་རྒྱ་སོག་གསུམ་གྱི་སྐད་བསྲེས་མའི་མིང་ཞིག་ཀྱང་ཡོད།

userid233686time20110721081852.jpg

༣ བྲག་དཀར་ཐེམ་ཆེན་གྱི་མཛེས་ལྗོངས་དང་འབྲེལ་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་བཤད་པ།

བྲག་དཀར་ཐེམ་ཆེན་ལ་ནམ་རྒྱུན་རྫ་མགོ་སྨུག་དང་རྫ་སྐེད་ནགས། རྫ་འདབས་ན་ཡིན། ན་མེ་ཏོག་གི་སྐྱེས་རྒྱ་ཡོད་ས། འབུ་སྦྲང་མས་གླུ་དབྱངས་ལེན་ས། བྱ་ཁུ་ལོས་གསུང་སྙན་སྒྲོག་ས། ཤྭ་ཡུ་མོས་རྩེད་ལྡིང་བྱེད་ས། དུས་རྒྱུན་རི་དྭགས་ཤྭ་དང་། གནའ། དགོ་བ་གསུམ་གཙོ་བྱས་ནས་རི་སྐྱེས་སྲོག་ཆགས་ཀྱིས་རྩྭ་ཆུ་བག་གཡེང་དུ་རོལ་ནས་རི་དྭགས་ཀྱིས་རྒྱུན་འཛིན་བྱས་ཡོད་པའི་གནས་མཆོག་ཅིག་ཡིན། རྩྭ་རྩི་ཏོག་གི་དྲི་བསུང་། འབུ་སྦྲང་མས་རྩེད་ལྡིང་དང་གླུ་སྒྲས་ཕྱོགས་བཞིར་ཁྱབ་ནས་འདུག་པ་མ་ཟད། བསིལ་རླུང་འཇམ་པོའི་རྒྱུ་བ་དང་བསྟུན་ནས། ཚང་ཚིང་གཡུ་ལོའི་ཡལ་འདབ་ཤིག་ཤིག་ཏུ་གཡོ་བའི་ངང་ཚུལ་དེ་གཞོན་ནུ་མ་གར་མའི་ལུས་ཀྱི་སྟངས་སྟབས་དང་འགྲོགས་ནས་གནག་སྣུམ་སྐྲ་ལོའི་ལན་བུ་སིལ་སིལ་ཏུ་གཡོ་བ་དང་ཀུན་ནས་མཚུངས། འདི་ལ་ས་གནས་མང་ཚོགས་ཀྱིས་ཀྱང་གཅེས་སྐྱོང་དང་བདག་སྐྱོང་བཟང་པོ་བྱེད་པ་འདི་ནི་ཏང་གི་སྲིད་ཕྱོགས་ནས་བཤད་པའི་ཁོར་ཡུག་སྲུང་སྐྱོབ་དང་། རི་ཆུ་གཅེས་སྐྱོང་བྱེད་པ་དམིགས་སུ་བཟུང་ནས་དྲིལ་བསྒྲགས་བྱེད་པའི་ཁ་ཕྱོགས་དང་མཐུན་ཞིང་། ལྷག་པར་དུ་བོད་ཀྱི་སྲོལ་རྒྱུན་སྟེང་ནས་ཀྱང་གནས་ཁྱད་པར་བའི་ཉེ་འགྲམ་ནས་རྩྭ་རྩི་ཏོག་མི་བཏོག་པ་དང་། ཆུ་དྭངས་མོ་མི་རྙོག་པ། ཤིང་ཡར་སྐྱེས་མི་གཅོད་པ། བྲག་རང་བརྩིགས་མི་བསྙིལ་པ་སོགས་བོད་ཀྱི་སྲོལ་རྒྱུན་དུའང་ཡོད། ནང་སྒོས་སུ་བྲག་དཀར་ཐེམ་ཆེན་འདིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱོགས་ནས་ཐེམ་ཆེན་རྫོང་གཙོར་བཟུང་ནས་མཚོ་ནུབ་ཁུལ་གྱིས་དྲིལ་བསྒྲགས་བྱས་པ་ཧ་ཅང་མང་ཤོས་རེད། འདི་ལ་ལོ་རེ་ནས་ཡུལ་སྐོར་གནས་མཇལ་ལ་ཡོང་བའི་མི་ཇེ་མང་ནས་ཇེ་མང་ཡིན་པ་འདིའི་སྟེང་ནས། འཛུགས་སྐྲུན་གྱི་ཕྱོགས་ནས་ཀྱང་ཤུགས་ཆེན་པོ་བརྒྱབ་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱོགས་ནས་བདག་སྐྱོང་མི་དམན་པ་བྱས་ན། རི་ཆུ་བདག་སྐྱོང་གི་ཐད་ནས་ཀྱང་ནུས་པ་རྒྱ་ཆེན་པོ་ཐོན་ཐུབ། བྲག་དཀར་ཐེམ་ཆེན་འདི་མཎྜལ་གྱི་དབྱིབས་སུ་ཆགས་ཡོད་པའི་ཆ་ནས་སྔོན་ཆད་ཀྱི་བླ་མ་དཔོན་པོ་མང་བོས་བོང་སྟག་ལ་བུ་རྒྱུ་སྟོང་བའི་དུས་མེད་ཅེས་ལོ་རྒྱུས་སོགས་ན་འདི་འདྲའི་བཤད་ཚུལ་ཡོད།  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།