ཀྲུང་གོ་བོད་ཀྱི་དྲ་བ།

དལ་འབྱོར་རྙེད་དཀའ་བ།

  རྩོམ་པ་པོ། : དུང་དཀར་བློ་བཟང་འཕྲིན་ལས།   སྤེལ་དུས། : 2018-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

སློབ་དཔོན་བསྟན་ཟིན་རྗེས་སློབ་དཔོན་གྱིས་གསུངས་པ་དེ་ལག་ལེན་བསྟར་དགོས་ཤིང་།ལག་ལེན་བྱེད་པར་སྐུལ་ལྕགས་གཏོང་མཁན་བསམ་བློ་ཞིག་སྟེ་ལག་ལེན་བསྟར་འདོད་ཀྱི་བསམ་པ་ཞིག་ཡོད་དགོས་པར་བརྟེན་དལ་འབྱོར་རྙེད་དཀའ་ཞེས་པ་དེ་བཤད་ནས་ལག་ལེན་བསྟར་འདོད་ཀྱི་བསམ་བློ་དེ་ཤུགས་ཆེན་པོ་ཞིག་སླེབས་པ་བྱེད་དགོས།ལག་ལེན་གང་ཞིག་བྱེད་དགོས་སམ་ཞེ་ན་རང་གི་བསམ་བློར་སྒྱུར་བཀོད་བྱ་རྒྱུ་དེ་ཡིན་ཞིང་།དེ་ནི་ཆོས་ལུགས་དང་མར་ཁེ་སི་རིང་ལུགས་གཉིས་ཀ་གཅིག་མཚུངས་ཡིན།  བསམ་བློ་སྒྱུར་བཀོད་ཇི་ལྟར་བྱ་དགོས་ཤེ་ན།   བསམ་བློ་ངན་པ་དེ་མེད་པ་བཟོས་ནས་བསམ་བློ་བཟང་པོ་ཞིག་གོམས་འདྲིས་ཆགས་པ་བྱ་རྒྱུ་དེ་ཡིན་པས་དེ་ནི་ཐོག་མ་སྒོམ་རྒྱག་རྒྱུ་དེ་ཡིན།

སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནས་བཤད་པའི་སྒོམ་ལ་དཔྱད་སྒོམ་དང་འཇོག་སྒོམ་གཉིས་ཡོད་པའི་ནང་ནས།    དང་པོ་དགེ་བའི་བཤེས་གཉེན་བསྟེན་ཚུལ་ནས་ཕར་ཕྱིན་དྲུག་གི་ནང་ནས་ཞི་གནས་ཕུད་སྒོམ་ཕལ་ཆེ་བ་དཔྱད་སྒོམ་དང་།   འགའ་ཞིག་དཔྱད་འཇོག་ཟུང་འབྲེལ།   ཞི་གནས་ནི་འཇོག་སྒོམ་ཁོ་ན་ཡིན།

དཔྱད་སྒོམ་ཞེས་པ་ནི།   བསྒོམ་བྱའི་གནད་དོན་དེ་ལ་ལུང་དང་།   རིགས་པ།   མན་ངག  དཔེ་དང་དོན་བཅས་རྒྱུ་མཚན་མང་པོའི་ཐོག་ནས་དཔྱད་པ་བྱས་ཏེ་བསམ་བློ་གཏོང་བ་ལ་ཟེར། 

འཇོག་སྒོམ་ནི།   སྒོམ་གྱི་དམིགས་རྟེན་གཅིག་ལ་སེམས་མ་གཡེངས་པར་རྩེ་གཅིག་ཏུ་བཞག་ནས་རང་གི་སེམས་དང་དམིགས་རྟེན་དེ་གཉིས་ཆུ་དང་འོ་མ་འདྲེས་པ་ལྟ་བུའི་འཆར་སྣང་གི་རྩལ་མ་ཐོན་བར་དུ་བསྒོམ་པ་ཞིག་ལ་ཟེར།

ཐོག་མའི་བསྒོམ་བྱ་ནི།   དལ་འབྱོར་རྙེད་དཀའ་ཟེར་བ་ཡིན།   འདི་ལ་ནང་གསེས་ཀྱི་དོན་ཚན་ཆེ་བ་གསུམ་ཡོད།

(༡)དལ་འབྱོར་ངོས་བཟུང་བ།  དལ་འབྱོར་ཞེས་པ་ནི་དལ་བ་བརྒྱད་དང་འབྱོར་བ་བཅུ་སྟེ།  དལ་བ་ནི་མི་ཁོམ་པའི་སྐྱོན་བརྒྱད་དང་བྲལ་བ་སྟེ་ཆོས་བྱེད་ཁོམ་ཡོད་པ་ལ་ཟེར་ཞིང་།  དེ་ཡང་ཆོས་བྱེད་པ་ལ་སྤྱིར་མི་ལུས་ཐོབ་པ་ཙམ་གྱིས་མི་འགྲིག་པར་དལ་བ་བརྒྱད་དང་འབྱོར་བ་བཅུ་སྟེ་དལ་འབྱོར་ཚང་བའི་མི་ལུས་ཞིག་ཐོབ་དགོས།   དེ་ཐོབ་ན་ཆོས་བྱེད་པ་ལ་ས་ཕྱོད་དང་མྱུར་ཁྱད་གཞན་དང་མི་འདྲ་བའི་དབང་གིས་ཡིན།

དལ་བ་བརྒྱད་ནི།

༡. དམྱལ་བར་མ་སྐྱེས་པ།   དམྱལ་བར་སྐྱེས་ན་ཚ་གྲང་གི་སྡུག་བསྔལ་བཟོད་ཐབས་མེད་པས་ཆོས་བྱེད་མི་ནུས།

༢. དུད་འགྲོར་མ་སྐྱེས་པ།   དུད་འགྲོར་སྐྱེས་ན་གླེན་ཞིང་གཏི་མུག་པའི་དབང་གིས་ཆོས་གོ་བའི་ནུས་པ་མེད་ལ།  ཆོས་གོ་བའི་ནུས་པ་ཡོད་པའི་དབང་དུ་བྱས་ནའང་བཀོལ་སྤྱོད་ཀྱི་སྡུག་བསྔལ་གྱིས་མནར་ཏེ་ཆོས་བྱེད་ཁོམ་མེད།

༣.ཡི་དྭགས་སུ་མ་སྐྱེས་པ།  (ཡི་དྭགས་ནི་གཙོ་བོ་བསོད་བདེ་བསོད་ནམས་མེད་པ་ལ་ཟེར་ཞིང་།  དེ་ནི་སྐྱེ་བ་སྔོན་མ་རང་ཉིད་འབྱོར་པ་ཆེན་པོ་ཡིན་ནའང་བེད་སྤྱོད་བྱེད་མ་ཕོད་པར་ཤི་ཁར་ཡང་སེར་སྣ་ཆེན་པོ་བྱེད་མཁན་དེ་ཚོ་ཡི་དྭགས་ལ་སྐྱེ་བ་ཡིན་ཟེར)ཡི་དྭགས་ལ་སྐྱེས་ན་བཀྲེས་སྐོམ་གྱི་སྡུག་བསྔལ་ཆེ་བས་ཆོས་བྱེད་མི་ནུས།

༤. ལྷ་ཚེ་རིང་པོར་མ་སྐྱེས་པ།   ལྷ་ཚེ་རིང་པོར་སྐྱེས་ན་འདུ་ཤེས་མེད་པའི་ཏིང་ངེ་འཛིན་ལ་བསྐལ་པའི་བར་དུ་གནས་པའི་དབང་གིས་ཆོས་གོ་བ་དང་བྱེད་པའི་གོ་སྐབས་མེད། 

༥. ཆོས་མ་དར་བའི་ཡུལ་དུ་མ་སྐྱེ་བ།   མིར་སྐྱེས་ཀྱང་ཆོས་མ་དར་བའི་ཡུལ་དུ་སྐྱེས་ན་བྱ་རྒྱུའི་ཆོས་མེད།

༦. ཀླ་ཀློར་མ་སྐྱེས་པ།   འཇིག་རྟེན་ཐོག་ཆོས་དར་ཡང་རང་ཉིད་ཆོས་ལ་དད་པ་མེད་པའི་མིར་སྐྱེས་ན་ཆོས་བྱེད་སེམས་མི་འབྱུང་།   དེ་ཡང་ཀླ་ཀློ་ཟེར་བ་ནི་སྤྱིར་ན་རང་གི་ཕ་གསོད་ཐུབ་ན་དཔའ་བོ་རེད་ཟེར་བ་དང་།   མ་དང་ལུས་འབྲེལ་བྱས་ཀྱང་ངེས་པ་མེད་ཟེར་བ།   སེམས་ཅན་ག་ཚོད་བསད་ནའི་སྡིག་པ་མེད་ཟེར་བ་སོགས་ཀྱི་ལྟ་བ་བཟུང་མཁན་དེ་དག་ལ་ཟེར་ཞིང་།   སྐབས་འདིར་ཆོས་ལ་དད་པ་མེད་པའི་མི་ལ་མ་སྐྱེས་པའི་དོན་ཡིན་ནའང་ཆོས་མི་བྱེད་མཁན་ཚང་མ་ཀླ་ཀློ་ཡིན་པས་མ་ཁྱབ།

 ༧. གླེན་ལྐུགས་སུ་མ་སྐྱེས་པ།   རང་ཉིད་ཆོས་ལ་དད་པ་ཡོད་ཀྱང་གླེན་ལྐུགས་སུ་སྐྱེས་ན་ཆོས་བྱེད་ཚུལ་མི་ཤེས།

༨. ལོག་ལྟ་ཅན་དུ་མ་སྐྱེས་པ།  དཀོན་མཆོག་དང་ལས་འབྲས་ཁས་མི་ལེན་པའི་མིར་སྐྱེས་ན་ཆོས་བྱེད་འདོད་མི་འབྱུང་བ་བཅས་ཡིན།   དལ་བ་བརྒྱད་ཚང་བའི་སྟེང་དུ་ད་དུང་འབྱོར་པ་བཅུ་སྟེ་ཆོས་བྱེད་པའི་ཆ་རྐྱེན་རང་འབྱོར་ལྔ་དང་གཞན་འབྱོར་ལྔ་ཚང་དགོས།

རང་འབྱོར་ལྔ་ནི།   ཆོས་བྱེད་པར་རང་ཉིད་ལ་ཚང་དགོས་པའི་ཆ་རྐྱེན་ཏེ།

༡. མིར་སྐྱེས་པ།   སྲོག་ཆགས་ཀྱི་ནང་ནས་ཚད་མཐོ་ཤོས་མི་ཡིན་པས་མིར་སྐྱེས་ན་ཆོས་བྱེད་ཐུབ་པ།

༢. ཡུལ་དབུས་སུ་སྐྱེ་བ།   ཆོས་དར་བའི་ཡུལ་དུ་སྐྱེ་དགོས་ཤིང་ར་ཉིད་མི་ལུས་བླངས་ཀྱང་རང་གི་ཡུལ་དུ་ཆོས་མེད་ན་ཆོས་བྱེད་ཐབས་བྲལ་ཞིང་།  ཤེས་ཡོན་གཞན་སློབ་སྦྱོང་བྱེད་པར་ཡང་དེ་ལྟར་ཡིན་ཏེ་རང་གི་ཡུལ་དུ་སློབ་གྲྭ་དང་དགེ་རྒན་སོགས་མེད་ན་སློབ་སྦྱོང་བྱེད་པའི་ཆ་རྐྱེན་མེད།

༣. དབང་པོ་ཚང་བ།   ལོང་བ་དང་འོན་པ་གླེན་ལྐུགས་སོགས་མ་ཡིན་པ།

༤. ལས་མཐའ་མ་ལོག་པ།   ཕ་མ་བསད་པ་དང་།  དགེ་འདུན་དཀྲོངས་པ།   རྟེན་གསུམ་བཤིག་པ་སོགས་བྱས་མེད་པ།   དེ་གསུམ་ནང་ནས་སྣེ་གཅིག་བྱས་ཡོད་ནའང་ཉེས་དམིགས་ཤིན་ཏུ་ཆེན་པོ་ཡིན་པས་ཆོས་བྱས་ནའང་འབྲས་བུ་ཤིན་ཏུ་ཐོབ་དཀའ།

༥. གནས་ལ་དད་པ།  སངས་རྒྱས་ཀྱི་ཆོས་ལ་ཡིད་ཆེས་དང་དོན་གཉེར་ཡོད་པ་བཅས་ཡིན།

གཞན་འབྱོར་ལྔ་ནི།   ཆོས་བྱེད་པར་གཞན་ངོས་ནས་ཚང་དགོས་པའི་ཆ་རྐྱེན་སྟེ།

༡.སངས་རྒྱས་འཇིག་རྟེན་དུ་བྱོན་པ།  སངས་རྒྱས་འཇིག་དུ་བྱོན་པ་དང་དེ་དང་འདྲ་བའི་དགེ་བའི་བཤེས་གཉེན་དང་མཇལ་བ།  སྐབས་རེ་བསྐལ་པ་གཅིག་ནང་ལོ་དུང་ཕྱུར་མང་པོ་སངས་རྒྱས་རྩ་བ་ནས་མ་བྱོན་པའང་ཡོད།   ད་ལྟ་ནི་སངས་རྒྱས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་ནས་དེའི་བསྟན་པ་མི་ཉམས་པར་གནས་པའི་དུས་སྐབས་ཡིན།

༢.དེས་ཆོས་གསུངས་པ།  སངས་རྒྱས་དེས་ཆོས་གསུངས་པ་དང་དེའི་གསུང་རབ་ཀྱང་མཇལ་རྒྱུ་ཡོད་པ།  སངས་རྒྱས་ཁ་ཤས་འཇིག་རྟེན་དུ་བྱོན་ནའང་ཆོས་རྩ་བ་ནས་གསུངས་མ་མྱོང་མཁན་ཡང་ཡོད།   ད་ལྟ་སངས་རྒྱས་འཇིག་རྟེན་དུ་བྱོན་པ་མ་ཟད་ཆོས་ཀྱང་མང་པོ་གསུངས་ཡོད་པ་དང་།   གསུང་རབ་ཀྱང་ད་ལྟ་མཇལ་རྒྱུ་ཡོད་ལ།   སངས་རྒྱས་དང་གཉིས་སུ་མེད་པའི་དགེ་བའི་བཤེས་གཉེན་དུ་མ་འཚོ་ཞིང་གཞེས་པ།

༣. བསྟན་པ་གནས་པ།   འཇིག་རྟེན་ཐོག་སངས་རྒྱས་ཀྱི་བསྟན་པ་མ་ཉམས་པར་གནས་པ་སྟེ་བསྟན་པ་ཉམས་ཆག་སོང་རྗེས་མི་ལུས་བླངས་ནའང་སྙིང་པོ་མེད་ཟེར།

༤. དེའི་རྗེས་སུ་འཇུག་པ།  སངས་རྒྱས་ཀྱི་གསུང་རབ་ལ་ཐོས་བསམ་དང་ཉམས་ལེན་བྱེད་མཁན་གྱི་དམིགས་དཔེ་ཡོད་པ།

༥.གཞན་ཕྱིར་སྙིང་བརྩེ་བ།  ཆོས་བྱེད་མཁན་ལ་འབྱོར་ལྡན་སོགས་གཞན་གྱིས་འཚོ་བའི་མཐུན་རྐྱེན་སྦྱོར་མཁན་ཡོད་དགོས་པའི་དོན་ཡིན་པས་དེ་ཐོག་ནས་ཆོས་བྱེད་མཁན་གྱི་འཚོ་བ་དེ་མི་གཞན་ལ་བརྟེན་དགོས་པ་ཧ་ཅང་གསལ་པོ་ཡིན།   ད་ཆ་སྤྱི་ཚོགས་གསར་པའི་ནང་ཆོས་བྱེད་མཁན་གྱིས་ད་དུང་གཞན་ཕྱིར་སྙིང་བརྩེ་བའི་བསམ་པ་འཁྱེར་ནས་བསྡད་ན་མ་འགྲིག་པར་རང་ཁ་རང་གསོ་ཐུབ་ཐབས་བྱ་དགོས།   ཡུལ་ཕྱོགས་གཞན་དུ་ཡོད་པའི་སངས་རྒྱས་ཆོས་ལུགས་པ་རྣམས་ཀྱི་ཆོས་བྱེད་སྟངས་ལའང་ལེགས་བཅོས་ཤུགས་ཆེན་པོ་བྱུང་ཡོད།

དལ་འབྱོར་ངོས་བཟུང་བ་ཟེར་བ་དེར་མཇུག་བསྡོམས་ཤིག་ཡོད་པ་སྟེ་དལ་འབྱོར་ངོས་ཟིན་རྗེས་རང་སོ་སོར་དལ་བ་བརྒྱད་དང་འབྱོར་པ་བཅུ་ཚང་ཡོད་མེད་བལྟས་ཐོག   གལ་ཏེ་ཚང་ཡོད་ན་ངེས་པར་ཆོས་བྱེདདགོས་པ་ཡིན་ཟེར་བ་དེ་རེད།   འོན་ཀྱང་ང་ཚོ་ཆོས་བྱེད་མཁན་མིན་སྟབས་ཡོན་ཏན་སློབ་སྦྱོང་བྱེད་རྒྱུའི་བསྡོམས་ཚིག་ཅིག་འཇོག་དགོས།

(༢) དལ་འབྱོར་དོན་ཆེ་བ།

ཆོས་བྱེད་དགོས་ཀྱང་ཆོས་བྱེད་ཨེ་ཐུབ་བསམ་ན་ཆོས་བྱེད་ཐུབ་སྟེ།   ཆོས་འགྲུབ་པའི་ལུས་རྟེན་འདི་ཐོབ་པ་ནི་གནས་སྐབས་དང་མཐར་ཐུག་གཉིས་ཀྱི་སྒོ་ནས་དོན་ཆེ་བ་ཡིན།  གནས་སྐབས་ཀྱི་སྒོ་ནས་དོན་ཆེ་བ་ནི།   ཚེ་འདིར་དལ་འབྱོར་གྱི་མི་ལུས་ཐོབ་པར་བརྟེན་དགེ་སྡིག་གང་ཡང་སྟོབས་ཆེན་པོ་གསོག་ཐུབ་པ།   དཔེར་ན་མི་དམངས་ལ་ཞབས་འདེགས་ཞུ་རྒྱུར་ཆ་མཚོན་ན་མིས་ཞབས་འདེགས་སྟོབས་ཆེན་པོ་ཞུ་ཐུབ་པ་ཡིན་ཏེ་རང་རྟོགས་ངང་ཕན་ཐོགས་ཡོད་པའི་བྱ་བ་མང་པོ་བྱེད་ཐུབ་ལ་བོང་བུ་ལྟ་བུར་ཆ་བཞག་ན་ཇི་ལྟར་བྱས་ཀྱང་མི་དང་སྡུར་ཐུབ་ཐབས་མེད།

མཐར་ཐུག་ལ་ལྟོས་ཏེ་དོན་ཆེ་བ་ནི།   རྟེན་འདི་ལ་གསང་སྔགས་ཀྱི་ལམ་ལ་བརྟེན་ནས་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པ་སྟེ་ང་རང་ཚོའི་ལུས་པོ་འདི་སྲོག་ཆགས་གཞན་གྱི་ལུས་དང་མི་འདྲ་བར་ཁམས་དྲུག་ཚང་བའི་ལུས་པོ་ཞིག་ཡིན་པར་བརྟེན་ཆོས་ཀྱི་གོ་དོན་ཟབ་མོ་རྟོགས་ཐུབ་པ་དང་།   ལག་ལེན་ཡང་མཐར་ཕྱིན་པ་བྱེད་ཐུབ་མཁན་ཞིག་ཡིན།

དེར་བརྟེན་དེའི་མཇུག་བསྡོམས་སུ་ཆོས་བྱེད་ཐུབ་ངེས་ཡིན་པར་ཐག་གཅོད་དགོས།

(༣)དལ་འབྱོར་རྙེད་དཀའ་བ།   ཆོས་བྱེད་ཐུབ་ཀྱང་ཚེ་འདིར་བྱེད་མི་ཐུབ་པས་སྐྱེ་བ་རྗེས་མ་ལ་ཆོས་བྱེད་བསམ་ན།  ཚེ་འདིར་ངེས་པར་དུ་ཆོས་བྱེད་དགོས་ཏེ།  སྐྱེ་བ་འདི་ལ་མ་ཐུབ་ན་སྐྱེ་བ་ཕྱི་མ་མི་ལུས་ཐོབ་པའི་ངེས་པ་མེད།   གལ་ཏེ་མི་ལུས་ཐོབ་པའི་དབང་དུ་བཏང་ནའང་དལ་འབྱོར་ཚང་བའི་མི་ལུས་ཤིག་ཐོབ་པ་ཧ་ཅང་ཁག་པོ་ཡིན།  འོ་ན་ཚེ་ཕྱི་མ་མི་ལུས་ཐོབ་པར་བྱེད་པའི་རྒྱུ་དེ་གང་ཡིན་ཞེ་ན། དགེ་བ་བཅུ་དེ་ཡིན།   དགེ་བ་བཅུའི་ཁྲིམས་དེ་ཡག་པོ་བསྲུང་ཚེ་སྐྱེ་བ་རྗེས་མ་མི་ལུས་ཐོབ་རྒྱུའི་རེ་བ་ཡོད།   ང་རང་ཚོ་ད་ལྟའི་ཚེ་འདིར་བསམ་བློ་བཏང་ནའང་སྡིག་པ་ནི་སུས་ཀྱང་བསླབ་མཁན་མེད་པར་མང་པོ་བསགས་ཡོད་པ་དང་དགེ་བའི་ལས་དེ་བསླབས་ནའང་གོམས་འདྲིས་ཧ་ཅང་ཡོང་ཁག་པོ་ཡིན།  དེར་བརྟེན།  སྔོན་མ་གང་བྱས་ད་ལྟའི་ལུས་ལ་ལྟོས།   །ཕྱི་མ་གང་འགྲོ་རང་གི་སེམས་ལ་དྲིས།   ཞེས་པ་ལྟར་སྐྱེ་བ་སྔོན་མ་གང་བྱས་དང་མ་བྱས་ད་ལྟའི་རང་གི་ལུས་ལ་བལྟས་ན་ཤེས་ཐུབ་ལ།   སྐྱེ་བ་ཕྱི་མ་གང་དུ་སླེབས་མིན་དེ་རང་གི་སེམས་ལ་དྲིས་ན་ཤེས་ཐུབ་པས་དེ་ལ་སྨོན་ལམ་རྒྱག་པ་དང་མོ་རྒྱག་པ་སོགས་གང་ཡང་བྱེད་དགོས་དོན་མེད།  ད་དུང་།   །ཚེ་སྔོན་སྐྱེ་བ་རིན་པོ་ཆེ།   །ད་ལྟའི་མི་ལུས་རིན་ཆེན་མཛད།   །ད་ལྟའི་དགེ་སློང་རིན་པོ་ཆེ།   །ཕྱི་མ་དམྱལ་བར་མ་འགྲོ་ཨང་།   ཞེས་པ་སྟེ།   ཚེ་སྔོན་མའི་སྐྱེ་བ་རིན་པོ་ཆེ་དེས་ད་ལྟའི་མི་ལུས་དེ་གསོལ་རས་གནང་བ་དང་།   ད་ལྟའི་དགེ་སློང་རིན་པོ་ཆེ་འདི་སྐྱེ་བ་ཕྱི་མ་དམྱལ་བ་ལ་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད་པས་དགེ་སློང་མ་ཡིན་པ་རྣམས་ནི་དེ་བས་ཤོད་མི་དགོས།   དེར་བརྟེན་མ་ལུས་རིན་ཆེན་ཐོབ་པར་བྱེད་པའི་རྒྱུ་དེ་བསྒྲུབ་དཀའ་བ་ཞིག་ཡིན་སྟབས་དལ་འབྱོར་དེ་རྙེད་དཀའ་བ་ཞིག་ཡིན་ཟེར།  དལ་འབྱོར་གྱི་མི་ལུས་ནི་ད་རེས་ལན་གཅིག་ཡིན་པ་ལས་སྐྱེ་བ་རྗེས་མ་མི་ལུས་ཐོབ་པ་ཧ་ཅང་དཀའ་སྟེ།   དེ་ནི་རྒྱུ་བསྒྲུབ་དཀའ་བས་ན་རྙེད་དཀའ་བ་དང་།   ངོ་བོ་འཛོམས་དཀའ་བས་ན་རྙེད་དཀའ་བ།   དཔེ་སྲིད་དཀའ་བས་ན་རྙེད་དཀའ་བ་བཅས་ཡིན། 

༡.རྒྱུ་བསྒྲུབ་དཀའ་བས་ན་རྙེད་དཀའ་བ་ནི།  སྤྱིར་མི་ལུས་ཙམ་ཐོབ་པ་ལ་ཡང་དགེ་བ་བཅུའི་ཁྲིམས་སྲུང་བ་ཞིག་དགོས།  ལྷག་པར་དུ་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚང་བའི་མི་ལུས་ཐོབ་པ་ལ།   དགེ་བ་བཅུའི་ཁྲིམས་གཙང་མར་སྲུང་བའི་སྟེང་དུ།  ཕར་ཕྱིན་དྲུག་གིས་གྲོགས་བྱས་པ་དང་།    སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་བ་ཞིག་དགོས་པ་ལ་རྒྱུ་དེ་འདྲ་ཆ་ཚང་ལྟ་ཞོག་སྣ་རེ་གཉིས་ཙམ་སྒྲུབ་ཐུབ་པ་ནི་རང་དང་རང་མཉམ་གྱི་ནང་ན་ཧ་ཅང་དཀོན་པ་ཡིན།

༢. ངོ་བོ་འཛོམས་དཀའ་བས་ན་རྙེད་དཀའ་བ།

ཆོས་བསྒྲུབ་པ་ལ་དགོས་པའི་མི་ལུས་ནི་སྤྱིར་བཏང་གི་མི་ལུས་ཙམ་གྱིས་མི་ཆོག་པར་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པ་ཞིག་དགོས།  ཆོས་བཅོ་བརྒྱད་པོ་ཆ་ཚང་བ་ལྟ་ཞོག་སྣ་འགའ་ཞིག་ཚང་བ་ཡང་མི་ལུས་ཐོབ་པའི་ནང་ནས་ཧ་ཅང་དཀོན་པ་ཞིག་ཡིན།

༣.དཔེ་སྲིད་དཀའ་བས་ན་རྙེད་དཀའ་བ།  དཔེ་འདི་བསམ་བློ་བཏང་བའི་དཔེ་ཞིག་ལས་དངོས་སུ་བྱུང་བ་ཞིག་མིན་ཏེ།   དཔེར་ན་མུ་མཐའ་མེད་པའི་རྒྱ་མཚོ་ཆེན་པོ་ཞིག་ནང་གསེར་གྱི་གཉའ་ཤིང་བུ་ག་གཅིག་ལས་མེད་པ་དང་བུ་ག་དེ་ཡང་རུས་སྦལ་གྱི་མགོ་ཐར་ཙམ་ཞིག་ལས་མེད་པ་ཞིག་ཡོད་པ་དེ་སྐབས་རེ་རྒྱ་མཚོའི་གཏིང་དུ་འགྲོ་བ་དང་། སྐབས་རེ་རྒྱ་མཚོའི་ཁར་གཡེང་བ།   དེ་དང་ཕྱོགས་མཚུངས་རྒྱ་མཚོ་ཆེན་པོ་དེའི་གཏིང་དུ་རུས་སྦལ་ལོང་བ་ལོ་བརྒྱ་རེའི་མཚམས་སུ་རྒྱ་མཚོ་ཆེན་པོའི་ཁར་མགོ་རྡོག་ཙམ་བྱེད་མཁན་དེ་འདྲ་ཞིག་ཡོད་པའི་དབང་དུ་བྱས་ན།   རུས་སྦལ་དེའི་མགོ་བོ་གསེར་གྱི་གཉའ་ཤིང་བུ་ག་གཅིག་ལས་མེད་པ་དེའི་ནང་དུ་ཏག་ཏག་འཛུལ་ཐུབ་པ་ཞིག་ཧ་ཅང་ཁག་པོ་ཡིན་ཏེ། གསེར་གྱི་གཉའ་ཤིང་དེ་གནས་ས་གཅིག་ཏུ་གནས་པ་ཞིག་མ་ཡིན་པ་དང་།   གཉའ་ཤིང་དེ་ལ་བུ་ག་གཅིག་ལས་མེད་པ་དེའང་རུས་སྦལ་གྱི་མགོ་ཐར་ཙམ་ལས་མེད།  རུས་སྦལ་དེའང་མཚོ་ཁར་ལོ་བརྒྱ་རེའི་མཚམས་སུ་ཐེངས་རེ་མ་གཏོགས་དོན་གྱི་མེད།   གལ་ཏེ་གསེར་གྱི་གཉའ་ཤིང་མཚོ་ཁར་གཡེངས་བ་དང་སྟབས་འཁེལ་ནའང་རུས་སྦལ་ལོང་བ་ཡིན་པས་རང་གི་མགོ་ཐར་ཙམ་གྱི་བུ་ག་དེ་རྙེད་དཀའ་བ་སོགས་འགོག་རྐྱེན་མང་པོ་ཞིག་གི་དབང་གིས་དེའི་ནང་མགོ་ཐར་དཀའ་བ་མཐོང་ཆོས་སུ་གྱུར་པ་ལྟར་རང་རེར་ཆ་བཞག་ནའང་རུས་སྦལ་ལོང་བ་རྒྱ་མཚོའི་ནང་ལོ་བརྒྱ་བསྡད་པ་དང་འདྲ་བར་ངན་སོང་གསུམ་ནང་སྐྱེ་བ་ཡང་ནས་ཡང་དུ་བླངས་ཐོག  སྐབས་རེ་མི་ལུས་ཐེངས་གཅིག་ཙམ་ཐོབ་པའི་དབང་དུ་བྱས་ནའང་དལ་བ་བརྒྱད་དང་འབྱོར་པ་བཅུ་མི་ཚང་བར་བརྟེན་ཆོས་བྱེད་པའི་གོ་སྐབས་མ་ཐོབ་པར་ལུས་ཤིང་།   ཆ་རྐྱེན་ཆ་ཚང་ཚང་བ་ནི་ད་རེས་ཀྱི་ལུས་རྟེན་འདིའི་ཐོག་ཡིན་པས་ད་དུང་སྐྱེ་བ་རྗེས་མ་ལ་ཆོས་བྱ་རྒྱུའི་རེ་བ་བཅོལ་ན་མི་འགྲིག་ཟེར།

དེ་ཡང་ཆོས་འདི་ཚེ་ད་རེས་རང་ལ་བྱེད་དགོས་པ་གཏན་འཁེལ་ཟིན་ནའང་རང་གི་བསམ་བློའི་ནང་རང་ཉིད་ཚེ་རིང་པོ་བྱུང་ན་ཆོས་བྱེད་ཁོམ་ཡོད་པས་ལོ་གཞོན་པའི་དུས་སུ་སྐྱིད་པོ་བྱས་ནས་སྡོད་དགོས་སྙམ་པ་བྱུང་ཚེ་དེ་འགོག་བྱེད་དུ་འཆི་བ་མི་རྟག་པ་ཞེས་པ་དེ་བྱུང་བ་རེད།

 

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།