ཕར་ཕྱིན་དྲུག་གི་གོ་དོན་བསྡུས་འགྲེལ།

4.jpg

     འདི་ནི་བྱང་ཆུབ་སེམས་དཔའ་རྣམ་གྱིས་གཞན་དོན་བྱེད་སྐབས་རང་རྒྱུད་སྨིན་པར་བྱེད་པའི་ཐབས་ཀྱི་མཆོག་ཕར་རོལ་ཏུ་ཕྱིན་པ་དྲུག་སྟེ། ཐེག་ཆེན་གྱི་བསྒྲུབ་པའི་བསླབ་བྱ་གང་ཞིག་ཁྱད་ཆོས་བཞི་ལྡན་གྱི་ཕར་ཕྱིན་དྲུག་གིས་བསྡུས་པའི་དགེ་བ་མཐའ་དག་སྒྲུབ་པའི་སེམས་པ་མཚུངས་ལྡན་དང་བཅས་པའོ།། དེ་ནི་འཇིག་རྟེན་པ་དང་ཉན་རང་གི་དགེ་བ་ཀུན་ལས་ཕུལ་དུ་བྱུང་བས་ཕར་ངོས་སུ་སོང་བའམ་ཕ་མཐར་སོན་པའོ་ཞེས་དང་། དེ་ལ་སྦྱིན་པ་དང་། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་བཅས་དྲུག་ཡོད་དོ།།

      ཕར་ཕྱིན་དྲུག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཅེས་པའི་བསྡུས་མིང་ཡིན་ཞིང་དེ་ལ་རང་རྒྱུད་སྨིན་པར་བྱེད་པའི་ཕར་ཕྱི་དྲུག་དང་གཞན་རྒྱུད་སྨིན་པར་བྱེད་པའི་བསྡུ་བའི་དངོས་པོ་བཞི་འཆད་པ་ལ། སྤྱིར་ཕར་ཕྱིན་ལ་ལམ་ཕར་ཕྱིན་དང་། འབྲས་བུ་ཕར་ཕྱིན། གཞུང་ཕར་ཕྱིན་གསུམ་གསུམ་ཡོད། སངས་རྒྱས་ཀྱི་སར་འགྲོ་བྱེད་ཀྱི་ལམ་ཡིན་པས་ལམ་ཕར་ཕྱིན་དང་སངས་རྒྱས་ཀྱི་སར་ཕྱིན་ཅིང་ལམ་ཕར་ཕྱིན་གྱི་འབྲས་བུ་ཡིན་པས་འབྲས་བུ་ཕར་ཕྱིན། ཕར་ཕྱིན་དེ་གཉིས་བརྗོད་བྱར་བྱེད་པའི་གཞུང་ཡིན་པས་གཞུང་ཕར་ཕྱིན་ཟེར་ཞིང་། དེ་དྲུག་ཏུ་གྲངས་ངེས་ཏེ་སྦྱིན་པའི་ཕར་ཕྱིན་དང་། ཚུལ་ཁྲིམས་ཀྱི་ཕར་ཕྱིན། བཟོད་པའི་ཕར་ཕྱིན། བརྩོན་འགྲུས་ཀྱི་ཕར་ཕྱིན། བསམ་གཏན་གྱི་ཕར་ཕྱིན། ཤེས་རབ་ཀྱི་ཕར་ཕྱིན་བཅས་སོ།།

      སྦྱིན་པ།

     སྦྱིན་པ་ནི་མ་ཆགས་པས་ཀུན་ནས་བསླངས་ཏེ་དངོས་པོ་ཡོངས་སུ་གཏོང་པའི་སེམས་པ་དེ་ཡིན་ཞིང་། དེས་ཀུན་ནས་བསླངས་ཏེ་རང་གི་ལོངས་སྤྱོད་དང་དགེ་བ་ཐམས་ཅད་སེར་སྣ་མེད་པར་སྙིང་ཐག་པ་ནས་བཏང་བའི་འབྲས་བུ་དང་བཅས་པ་གཞན་ལ་གཏོང་བའི་བློ་གོམས་པ་ཡོངས་སུ་རྫོགས་པ་སྦྱིན་པའི་ཕར་ཕྱིན་ཡིན། དབྱེ་ན། རྒྱུ་ནོར་ལོངས་སྤྱོད་སྟེར་བའི་ཟང་ཟིང་གི་སྦྱིན་པ། ཆོས་གང་འདོད་དུ་གསུངས་པའི་ཆོས་ཀྱི་སྦྱིན་པ། གཞན་གྱི་འཇིགས་པ་བསལ་པའི་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་བཅས་གསུམ་ཡོད་ལ་སྔ་མ་ནི་བྱང་སེམས་ཁྱིམ་པས་གཙོ་བོར་ཉམས་སུ་བླང་བྱ་དང་ཕྱི་མ་གཉིས་ནི་བྱང་སེམས་རབ་བྱུང་བས་ཉམས་སུ་བླང་བྱ་ཡིན་ནོ།།

     ཚུལ་ཁྲིམས།

    ཚུལ་ཁྲིམས་ནི་གཞན་གནོད་གཞི་དང་བཅས་པ་སྟེ་མི་མཐུན་ཕྱོགས་སྤོང་བའི་སེམས་པ་དེ་ཡིན། དེ་གོང་ནས་གོང་དུ་འཕེལ་ཏེ་ཡོངས་སུ་རྫོགས་པ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ཡིན་ལ་དེ་ཐོབ་པ་ལ་སེམས་སྟེང་ནས་ཡོངས་སུ་རྫོགས་པ་ལས་སེམས་ཅན་ཐམས་ཅད་གནོད་འཚེ་དང་བྲལ་མ་བྲལ་ལ་ལྟོས་མི་དགོས་སོ།། དབྱེ་ན། ཉེས་སྤྱོད་ཕྲ་རགས་སྡོམ་པའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་། ཕྱིན་དྲུག་ལ་སོགས་གོང་དུ་གཏོང་བའི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། བྱང་ཆུབ་སེམས་དཔའ་གཞན་དོན་སྒྲུབ་པའི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་བཅས་གསུམ་ཡོད་དོ།།

    བཟོད་པ།

     བཟོད་པ་ནི་མ་འཁྲུགས་པའི་སེམས་པ་ཡིན་ལ་རང་གིས་འགྲོ་བ་རྣམས་ལ་ཁོང་ཁྲོ་བ་སོགས་འགོག་པའི་སེམས་ཀྱི་གོམས་པ་ཡོངས་སུ་རྫོགས་པ་དེ་བཟོད་པའི་ཕར་ཕྱིན་ཡིན། དབྱེ་ན། རང་ལ་གནོད་བྱེད་ཕ་རོལ་བོ་ཡང་ཁོང་ཁྲོའི་དབང་དུ་སོང་བས་ཁར་རང་ཉིད་གསོད་ལྕེབས་སོགས་ལའང་རང་དབང་མེད་ཚུལ་བསམ་ནས་གནོད་བྱེད་ལ་ཅི་མི་སྙམ་པའི་སེམས་མི་འཁྲུགས་པ་ནི་གནོད་པ་ལ་ཅི་མི་སྙམ་པའི་བཟོད་པ་དང་། གནོད་བྱེད་ལ་བཟོད་ཀྱང་སྡུག་བསྔལ་ཐོག་ཏུ་བབས་པ་ལ་བཟོད་དཀའ་བས་སྡུག་བསྔལ་ཚེ་སྔོན་མའི་མི་དགེ་བ་བྱས་པའི་འབྲས་བུར་བསམས་ནས་སྡུག་བསྔལ་དང་ལེན་བྱེད་པ་ནི་སྡུག་བསྔལ་དང་ལེན་གྱི་བཟོད་པ། མི་རྟག་པ་ལས་འབྲས་ལ་སོགས་པའི་ཡུལ་དེ་དག་ངེས་པ་རྙེད་ནས་མོས་པས་སྦྱོང་བ་ཆོས་ལ་ངེས་ཟིན་གྱི་བཟོད་པ་སྟེ་གསུམ་ཡོད་དོ།།

    བརྩོན་འགྲུས།

    བརྩོན་འགྲུས་ནི་དགེ་བ་ལ་སྤྲོ་བའི་སེམས་པ་དེ་ཡིན་ལ་དེ་གོང་ནས་གོང་དུ་ཡོངས་སུ་རྫོགས་པ་བརྩོན་འགྲུས་ཀྱི་ཕར་ཕྱིན་ཡིན། དབྱེ་ན། ཚོགས་གཉིས་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་པ་གནས་པ། གནས་པ་གོང་དུ་སྤེལ་བར་གོ་ཆ་བགོས་པ་ནི་གོ་ཆའི་བརྩོན་འགྲུས་དང་། ཕྱིན་དྲུག་དགེ་བའི་ཆོས་རྣམས་གོང་དུ་སྤེལ་བའི་བརྩོན་འགྲུས་ནི་དགེ་བ་ཆོས་སྡུད་ཀྱི་བརྩོན་འགྲུས། སེམས་ཅན་གཞན་གྱི་དོན་ལ་བརྩོན་པ་ནི་སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་བཅས་སོ།།

    བསམ་གཏན།

    བསམ་གཏན་ནི་སེམས་རྩེ་གཅིག་པའི་དགེ་བ་དེ་ཡིན་ལ་དེ་གོང་ནས་གོང་དུ་ཡོངས་སུ་རྫོགས་པ་བསམ་གཏན་གྱི་ཕར་ཕྱིན་ཡིན། དབྱེ་ན། གང་ལ་མཉམ་པར་བཞག་ན་ལུས་སེམས་ཤིན་ཏུ་སྦྱངས་པ་སྐྱེད་པའི་བསམ་གཏན་དེ་མཐོང་ཆོས་བདེར་གནས་ཀྱི་བསམ་གཏན་ཡིན། མངོན་ཤེས་སོགས་ཉན་ཐོས་དང་ཐུན་མོང་བར་སྒྲུབ་པའི་བསམ་གཏན་དེ་དགེ་བ་ཆོས་སྡུད་ཀྱི་བསམ་གཏན། སེམས་ཅན་རྣམས་ཀྱི་དོན་སྒྲུབ་པའི་བསམ་གཏན་ནི་སེམས་ཅན་དོན་བྱེད་ཀྱི་བསམ་གཏན་བཅས་གསུམ་མོ།།

     ཤེས་རབ།

     ཤེས་རབ་ནི་ཆོས་རབ་ཏུ་རྣམ་འབྱེད་དེ་རྣམ་པར་རྟོགས་པའི་བློ་དེ་ཡིན་ལ་དེ་གོམས་པ་ཡོངས་སུ་རྫོགས་པ་ཤེས་རབ་ཀྱི་ཕར་ཕྱིན་ཡིན། དབྱེ་ན། དེ་ཁོ་ན་ཉིད་འཇལ་བའི་དོན་དམ་རྟོགས་པའི་ཤེས་རབ་དང་། རིག་པའི་གནས་ལ་མཁས་པ་ཀུན་རྫོབ་རྟོགས་པའི་ཤེས་རབ། སེམས་ཅན་གྱི་དོན་སྒྲུབ་ཚུལ་ཤེས་པའི་སེམས་ཅན་དོན་བྱེད་ཀྱི་ཤེས་རབ་ཏེ་གསུམ་མོ།།


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།