ཐོན་མིས་རྒྱལ་པོར་ཕུལ་བའི་ཡིག་ཕུད་ཀྱི་ཚིག་འགྲེལ།

dd-980x520.jpg

ཞལ་རས་གསལ་ལ་ངང་མདངས་གང་བ་བཟང་།།
གདམས་ངག་ཟབ་ལམ་མ་ཆད་ཐ་དད་རང་།།
ལས་ངན་བག་ཆགས་ཐམས་ཅད་བསལ་མཛད་པ།།
འཕགས་པ་མ་ཕམ་ཡང་དག་དམ་པ་ལགས།།

རྗེ་བཙུན་བྱམས་པའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བརྗོད་པའི་སྒོ་ནས་མཆོད་པར་བརྗོད་པ་ལས།  ཐོག་མར་དབྱངས་ཨ་གཅིག་པར་ངེས་པ་བྱ་དཀའ་བའི་སྙན་ངག་གི་ལམ་དུ་དྲངས་པ་སྟེ།  སྐུ་ཡི་ཆ་ནི་ཞལ་རས་ཀྱི་དཀྱིལ་འཁོར་མཛེས་ཤིང་གསལ་ལ་ཕལ་བའི་ཚོན་གྱིས་བསྒོས་པ་མ་ཡིན་པར་རང་བཞིན་ནམ་ལྷན་སྐྱེས་སུ་གྲུབ་པའི་གཟི་མདངས་མཆོག་ཏུ་མཛེས་པར་མ་ཟད།   ཐ་མལ་གྱི་གདོང་ལྟར་ལྐོག་ཏུ་ལྷུང་བ་དང་།  ཞོམ་པ་ལ་སོགས་པའི་སྐྱོན་དང་བྲལ་བ་ཟླ་བའི་དཀྱིལ་འཁོར་ཡོངས་སུ་གང་བ་ལྟ་བུ་མཚན་བཟང་བོ་དང་ལྡན་པ་དང་།  གསུང་ནི་གདུལ་བྱ་རྣམས་ཐར་ལམ་དུ་བཀྲི་བའི་གདམས་ངག་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བའི་ལམ་གྱི་རིམ་པ་འཁོར་བ་ཇི་སྲིད་གནས་པའི་བར་དུ་རྒྱུན་མ་ཆད་པར་གང་ཟག་ཐ་དད་པའི་མོས་པ་དང་འཚམ་པར་ཆོས་ཀྱི་རང་སྒྲ་ལྷང་ལྷང་དུ་སྒྲོག་པར་མཛད་པ་དང་།  ཐུགས་ནི་ལས་དང་ཉོན་མོངས་པ་དང་ངན་འགྲོའི་རྒྱུར་གྱུར་བ་ཡོད་ཚད།  དེ་ཙམ་དུ་མ་ཟད་སྒྲིབ་གཉིས་ ༼ཉོན་མོངས་པའི་སྒྲིབ་པ་དང་དང་ཤེས་བྱའི་སྒྲིབ་པ།  ཉོན་སྒྲིབ་ནི་ཐར་བ་ཐོབ་པ་ལ་གེགས་སུ་གྱུར་བའི་སེར་སྣ་ལ་སོགས་པའི་རྣམ་རྟོག  ཤེས་བྱའི་སྒྲིབ་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཐོབ་པར་གེགས་བྱེད་པའི་འཁོར་གསུམ་རྣམ་པར་རྟོག་པ།༽ བག་ཆགས་དང་བཅས་པ་ཐམས་ཅད་སླར་མི་འབྱུང་བའི་ཚུལ་གྱིས་བསལ་བ་སྟེ་དུས་གཏན་དུ་དོར་བར་མཛད་པ་དང་།  འགྲོ་ཀུན་རྒྱུད་ཀྱི་ལས་ངན་བག་ཆགས་དང་བཅས་པ་ཐམས་ཅད་བསལ་ནས་གཏན་གྱི་བདེ་བའི་ས་ལ་བགྲོད་པ་པོ་དོན་གཉིས་མཐར་ཕྱིན་ཅིང་སོ་སོ་སྐྱེ་བོ་དང་ཉན་རང་ནས་རྒྱང་རིང་དུ་སོང་བས་འཕགས་པ།  བདུད་བཞིའི་གཡུལ་ལས་རྒྱལ་བས་མ་ཕམ་པ་སྟེ།  མགོན་པོ་བྱམས་པ་ནི་མཚན་ཉིད་ཐམས་ཅད་ཚང་བའི་ཡང་དག་པའི་འདྲེན་པ་དམ་པ་ལགས་སོ།།

བདེ་གཤེགས་བདེན་ངེས་ཡེ་ཤེས་ཏེ།།
ཏིང་འཛིན་ཞི་ཉིད་རིག་ཅིང་གཟིགས།།
ཉོན་མོངས་ཚོགས་བཅོམ་མགོན་པོ་མཆོག།
དུག་གསུམ་བདུད་འདུལ་ཀུན་ཏུ་ཐུལ།།

ཤོ་ལོ་ཀ་འདིར་ཚིག་རྐང་དང་པོ་དབྱངས་ཨེ་དང་གཉིས་པ་ཨི།  གསུམ་པ་ཨོ།  བཞི་བ་ཨུར་ངེས་པའི་སྒོ་ནས་བརྩམས་པ་སྟེ།   ལམ་བདེ་བ་ནས་འབྲས་བུ་བདེ་བར་གཤེགས་པའི་རྫོགས་པའི་སངས་རྒྱས་རྣམས་ནི། བདེན་གཉིས་དབྱེར་མེད་ཀྱི་རྣལ་འབྱོར་ལ་བརྟེན་ནས་ཐོབ་བྱ་མཐར་ཐུག་ཏུ་ངེས་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྐུ་བརྙེས་ཤིང་།   ཉམས་རྗེས་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱི་སྒོ་དཔག་ཏུ་མེད་པ་ལ་ངང་གིས་འཇུག་པ་དང་།  རྟག་ཆད་ཀྱི་མཐའ་གཉིས་ཞི་བ་སྟེ་བྲལ་བའི་དེ་ཁོ་ཉིད་མངོན་སུམ་དུ་རིག་ཅིང་ཀུན་རྫོབ་བདེན་པའི་བསྡུས་པའི་ཆོས་རྣམས་ཀྱང་གསལ་བར་གཟིགས་པ་དང་།  ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པའི་ཚོགས་སླར་མི་ལྡོག་པའི་ཚུལ་གྱིས་བཅོམ་ཞིང་།  སྐྱེ་དགུ་མ་ལུས་འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་ལས་སྐྱོབ་པའི་མགོན་པོ་ཀུན་གྱི་མཆོག་ཏུ་གྱུར་བ་གང་ཉིད་ཀྱིས་གདུལ་བྱའི་རྒྱུད་ཀྱི་འདོད་ཆགས་སོགས་དུག་གསུམ་དང་།  ཉོན་མོངས་པའི་བདུད་ལ་སོགས་པའི་བདུད་བཞིའི་དགྲ་རྣམས་འདུལ་བར་མཛད་ཅིང་སྒྲིབ་གཉིས་བག་ཆགས་དུས་ཀུན་ཏུ་གཏན་དུ་ཐུལ་བའི་འགོག་པའི་བདེན་པའི་མངོན་སུམ་དུ་མཛད་པའི་དོན་ལ་ངང་གིས་འཇུག་པའི་འཕྲིན་ལས་ནམ་མཁའ་དང་མཉམ་པ་ཡིན་ནོ།།

རྩོམ་སྒྲིག་པ། གླིང་སྨྱོན།

དཔྱད་མཆན 0 ཡོད།