ཀྲུང་གོ་བོད་ཀྱི་དྲ་བ།

​རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་སྔར་ལས་ལྷག་པར་དར་རྒྱས་གོང་འཕེལ་གཏོང་བའི་སྐོར་གྱི་བསམ་འཆར་འགའ།(སྨད་ཆ)

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2016-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གསུམ། གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་དར་རྒྱས་གོང་འཕེལ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས།

(བདུན) གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་སྤྱི་པའི་རིག་གནས་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། 

མི་རིགས་ས་ཁུལ་གྱི་རྫོང་རིམ་པའི་དཔེ་ཀློག་ཁང་དང་རིག་གནས་ཁང་། ཞང་གྲོང་གི་ཕྱོགས་བསྡུས་རིག་གནས་ས་ཚིགས་དང་སྡེ་བའི་རིག་གནས་ཁང་། རྒྱང་སྒྲོག་བརྙན་འཕྲིན་སྡེ་བ་རེ་རེར་ཐོན་པར་བྱེད་པའི་བཟོ་འགོད། ཞིང་སྡེའི་གློག་བརྙན་སྟོན་པའི་བཟོ་འགོད། ཞིང་པའི་ཁྱིམ་ཚང་གི་དཔེ་ཁང་བཟོ་འགོད། རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་པོར་སྤྱོད་པའི་བཟོ་འགོད་སོགས་ཀྱི་འཛུགས་སྐྲུན་ཤུགས་ཆེན་གྱིས་སྐུལ་སྤེལ་བཏང་སྟེ། མི་རིགས་ས་ཁུལ་གྱི་གཞི་རིམ་རིག་གནས་སྒྲིག་བཀོད་ནུས་ལྡན་གྱིས་རྒྱུན་འཁོར་བྱེད་པར་ཁག་ཐེག་བྱེད་དགོས། ས་རྒྱ་ཡངས་ཤིང་མི་གྲངས་ཉུང་བའི་མི་རིགས་ས་ཁུལ་དུ་རིག་གནས་སྐོར་སྐྱོད་ཞབས་ཞུའི་རླངས་འཁོར་དང་འབྲེལ་ཡོད་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ། སྐོར་སྐྱོད་ཞབས་ཞུའི་དྲ་བ་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་དགོས། གྲངས་ཀ་དང་དྲ་བའི་ལག་རྩལ་སོགས་དེང་རབས་ཚན་རྩལ་ལག་ཤེས་ཤུགས་ཆེན་གྱིས་བེད་སྤྱོད་དང་ཁྱབ་གདལ་བཏང་སྟེ། སྤྱོད་སྒོ་ཆེ་ཞིང་སྒྲུབ་སྟབས་བདེ་བ། ཕན་འབྲས་ཆེ་བའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ཆགས་སུ་འཇུག་དགོས། རྒྱལ་ཁབ་ཀྱིས་རིག་གནས་བཟོ་འགོད་གལ་ཆེན་སོ་སོ་ལག་བསྟར་བྱེད་སྐབས་སུ། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་དུ་གཟིགས་སྐྱོང་བྱེད་ཤུགས་དངོས་ནས་ཇེ་ཆེར་གཏོང་དགོས།

(བརྒྱད) གྲངས་ཉུང་མི་རིགས་ཀྱི་གསར་འགྱུར་པར་སྐྲུན་གྱི་ལས་དོན་དར་རྒྱས་གོང་འཕེལ་གཏོང་དགོས། 

མི་རིགས་ཁག་ལ་གསར་འགྱུར་མཚམས་སྦྱོར་གྱི་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། སྒྲིག་ཆས་དང་ལག་རྩལ་གསར་སྒྱུར་ལེགས་བཅོས་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཆ་འཕྲིན་ཅན་དུ་འགྱུར་ཚད་དང་ཁྱབ་སྒྲོག་ནུས་ཤུགས་མཐོར་འདེགས་བཏང་སྟེ། ཁེབས་རྒྱ་དང་ཕན་པ་ཐོབ་རྒྱ་ཇེ་ཆེར་གཏོང་དགོས། གྲངས་ཉུང་མི་རིགས་ཀྱི་ལས་དོན་དང་འབྲེལ་བའི་དྲིལ་བསྒྲགས་གསར་འགོད་ཀྱི་བྱ་འགུལ་གལ་ཆེན་དང་གྲངས་ཉུང་མི་རིགས་ཀྱི་ཡི་གེ་གལ་ཆེན་དཔེ་སྐྲུན་བྱེད་པའི་ལས་གཞི་ཐད་ལ། གཙོ་གནད་སྒོས་རོགས་སྐྱོར་བྱེད་དགོས། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་དང་མི་རིགས་ས་ཁུལ་གྱི་གཞི་རིམ་ལས་ཁུངས་སུ་ཏང་དང་རྒྱལ་ཁབ་དྲིལ་བསྒྲགས་བྱེད་པའི་སྲིད་ཇུས་དང་བྱེད་ཕྱོགས་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་སྙིང་བོ་སྒྲོག་སྤེལ་བྱེད་པའི་མ་ལག ཚན་རིག་དང་རིག་གནས་ལག་རྩལ་གྱི་ཤེས་བྱ་ཁྱབ་གདལ་གཏོང་བའི་དཔེ་ཆ། ཚགས་པར་དང་སྒྲ་བརྙན་ཕབ་སོགས་ཀྱི་པར་སྐྲུན་ཡིག་རིགས་གླ་རིན་མི་དགོས་པར་གཟིགས་ཀློག་ཏུ་འབུལ་བ་རིམ་བཞིན་མངོན་འགྱུར་བྱེད་དགོས། ཞིན་ཅང་ཤར་རླུང་བཟོ་འགོད་ཀྱི་འབྲེལ་ཡོད་བྱ་བ་མུ་མཐུད་དུ་བཟང་སྒྲུབ་བྱེད་དགོས། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལོ་ཙཱའི་པར་སྐྲུན་བྱ་བར་ཤུགས་བསྣན་ཏེ། རྒྱ་ཡིག་དང་ཕྱི་རྒྱལ་ཡི་གེ་ཕུལ་བྱུང་ཅན་པར་སྐྲུན་བྱས་པའི་ཡིག་རིགས་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཕུལ་བྱུང་ཅན་པར་སྐྲུན་བྱས་པའི་ཡིག་རིགས་དེ་དག་ཕྱོགས་གཉིས་ཀ་ཕན་ཚུན་ལོ་ཙཱ་དང་པར་སྐྲུན་བྱེད་པའི་གྲངས་ཚད་དང་སྤུས་ཚད་རིམ་བཞིན་མཐོར་འདེགས་གཏོང་དགོས། མི་རིགས་ཁག་གི་གསར་འགྱུར་དྲ་ཚིགས་ཀྱི་འཛུགས་སྐྲུན་ལ་གཙོ་གནད་སྒོས་རོགས་སྐྱོར་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་དྲ་ཚིགས་དང་གསར་དུ་དར་བའི་སྒྲོག་སྤེལ་མ་ལག་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ཏེ། དོ་དམ་དང་སྣེ་ཁྲིད་པར་ཤུགས་སྣོན་དགོས། གྲངས་ཉུང་མི་རིགས་ཀྱི་པར་སྐྲུན་ལས་དོན་ནི་སྤྱི་ཕན་རང་བཞིན་གྱི་རིག་གནས་ལས་དོན་ལ་གཏོགས་པས། ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱིས་སྤྱི་ཕན་རང་བཞིན་གྱི་པར་སྐྲུན་ལས་ཁུངས་སུ་འཇོག་པའི་གྲངས་ཉུང་མི་རིགས་ཀྱི་པར་སྐྲུན་ཁང་གི་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་སྟེ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་པར་སྐྲུན་ཐད་ཀྱི་ནོར་སྲིད་ཁ་གསབ་རིམ་བཞིན་ཇེ་མང་དུ་གཏོང་དགོས།

(དགུ) གྲངས་ཉུང་མི་རིགས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་ལས་དོན་ཤུགས་ཆེན་གྱིས་འཕེལ་རྒྱས་གཏོང་དགོས། 

བོད་ཞིན་བཟོ་འགོད་དང་། རྒྱང་སྒྲོག་བརྙན་འཕྲིན་སྡེ་བ་རེ་རེར་ཐོན་པར་བྱེད་པའི་བཟོ་འགོད། ཞིང་སྡེའི་གློག་བརྙན་སྟོན་པའི་བཟོ་འགོད་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ་དང་། མི་རིགས་ས་ཁུལ་གྱི་རྒྱང་སྒྲོག་བརྙན་འཕྲིན་ཁེབས་རྒྱ་ཇེ་ཆེར་གཏོང་བ། སྒྲིག་ཆས་སྲུང་སྐྱོང་བྱེད་པར་ཁ་གསབ་འོས་འཚམ་བྱས་ཏེ། དུས་ཡུན་རིང་པོར་གཏོང་ཐུབ་པ་དང་བདེ་འཇགས་ངང་གཏོང་ཐུབ་པར་ཁག་ཐེག་བྱེད་དགོས། གྲངས་ཉུང་མི་རིགས་སྐད་ཡིག་གི་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་བཟོ་སྐྲུན་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བ་དང་། ཕུལ་བྱུང་གི་རྒྱང་སྒྲོག་བརྙན་འཕྲིན་རྩོམ་ཡིག་དེ་གྲངས་ཉུང་མི་རིགས་སྐད་ཡིག་ཏུ་སྒྱུར་སྐྲུན་བྱེད་པའི་བྱ་བར་ཤུགས་སྣོན་དགོས། མི་རིགས་ས་ཁུལ་གྱི་རླུང་འཕྲིན་ཁང་དང་བརྙན་འཕྲིན་ཁང་གིས་གྲངས་ཉུང་མི་རིགས་སྐད་ཡིག་ལེན་ཚན་རང་གིས་སྒྲུབ་ཚད་མཐོར་འདེགས་གཏོང་བ་དང་། མི་རིགས་ས་ཁུལ་དང་ལྷག་པར་དུ་ས་མཐའི་རོང་འབྲོག་ཁུལ་གྱི་གློག་བརྙན་སྟོན་པའི་ཆ་རྐྱེན་ལེགས་བཅོས་བྱས་ཏེ། སྟོན་པའི་ནང་དོན་དང་དུས་ཚོད་ཇེ་མང་དུ་གཏོང་དགོས། ནང་དོན་དེ་བས་གསར་ཞིང་རྣམ་པ་དེ་བས་མང་བ་དང་། གྲངས་ཀ་དེ་བས་མང་བའི་གྲངས་ཉུང་མི་རིགས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་རྩོམ་ཡིག་གསར་འདོན་བྱས་ཏེ། རིགས་སོ་སོའི་མང་ཚོགས་རྣམས་ལ་གོ་རིམ་མང་ཞིང་ཕྱོགས་གང་ཅིའི་ཐད་དང་། རྣམ་པ་སྣ་མང་ཅན་གྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་དགོས།

(བཅུ)གྲངས་ཉུང་མི་རིགས་ཀྱི་རིག་རྩལ་ཁང་དང་ཚོགས་པ་དང་དངོས་མང་གཤམས་སྟོན་ཁང་གི་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། 

མི་རིགས་ཀྱི་ཁྱད་ཆོས་མངོན་ཞིང་རྒྱལ་ཁབ་ཀྱི་ཆུ་ཚད་ལ་ཐོན་པའི་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་ཁང་དང་ཚོགས་པའི་འཛུགས་སྐྲུན་ལ་གཙོ་གནད་སྒོས་རོགས་སྐྱོར་བྱས་ཐོག གྲངས་ཉུང་མི་རིགས་ཀྱི་རིག་རྩལ་ཁང་དང་ཚོགས་པའི་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་བསྟོད་བྱེད་དགོས། མི་རིགས་རང་སྐྱོང་ས་གནས་ཀྱི་མི་རིགས་དངོས་མང་གཤམས་སྟོན་ཁང་དང་ཡང་ན་དམངས་སྲོལ་དངོས་མང་གཤམས་སྟོན་ཁང་གཙོ་བོའི་འཛུགས་སྐྲུན་ལ་རོགས་སྐྱོར་བྱས་ཏེ། སྤྱི་ཚོགས་སྟོབས་ཤུགས་ཀྱིས་མི་རིགས་དངོས་མང་གཤམས་སྟོན་ཁང་འདྲ་མིན་འཛུགས་པར་སྐུལ་བསྟོད་བྱེད་དགོས། མི་རིགས་རང་སྐྱོང་ས་གནས་ཀྱི་ཕྱོགས་བསྡུས་དངོས་མང་གཤམས་སྟོན་ཁང་ལ་མཚོན་ན་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་རིག་རྫས་འགྲེམ་སྟོན་ཁང་དང་སྒྲིག་གཤོམ་ཁང་འོས་འཚམ་འཛུགས་ཆོག གྲངས་ཉུང་མི་རིགས་ཀྱི་རིག་རྫས་འཚོལ་སྡུད་བྱ་བར་ཤུགས་སྣོན་པ་དང་། གཤམས་སྟོན་ཁང་སོགས་སུ་ཉར་བའི་གྲངས་ཉུང་མི་རིགས་ཀྱི་རིག་རྫས་སྲུང་སྐྱོང་ཆ་རྐྱེན་ལེགས་བཅོས་བྱེད་པ། གྲངས་ཉུང་མི་རིགས་ཀྱི་རིག་རྫས་གསལ་འབྱེད་དང་རིམ་པ་གཏན་ཁེལ་བྱེད་པའི་བྱ་བ་ལེགས་སྒྲུབ་བྱས་ཏེ། དོ་དམ་དང་ཞིབ་འཇུག འགྲེམ་སྟོན་བཅས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་འདེགས་དགོས།

(བཅུ་གཅིག) མང་ཚོགས་རང་བཞིན་གྱི་གྲངས་ཉུང་མི་རིགས་ཀྱི་རིག་གནས་བྱ་འགུལ་ཤུགས་ཆེན་གྱིས་ཁྱབ་སྤེལ་གཏོང་དགོས། 

མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་རྩེད་སྟོན་དང་ལུས་རྩལ་བྱ་འགུལ་སྒྲུབ་པར་སྐུལ་བསྟོད་བྱས་ཏེ། གཞི་རིམ་དུ་རྣམ་པ་སྣ་མང་གི་མང་ཚོགས་རང་བཞིན་གྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དང་རིག་གནས་བྱ་འགུལ་སྤེལ་བར་རྒྱུན་འཁྱོངས་བྱས་ཏེ། མཛུབ་སྟོན་དང་དོ་དམ་བྱེད་པར་ཤུགས་སྣོན་དགོས། མང་ཚོགས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་བཀུར་དང་། རིག་གནས་འཛུགས་སྐྲུན་ཁྲོད་རིགས་སོ་སོའི་མང་ཚོགས་ཀྱི་ནུས་པ་གཙོ་བོ་འདོན་སྤེལ་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པའི་ཐབས་ལམ་བཟང་པོ་འབད་བརྩོན་གྱིས་འཚོལ་ཞིབ་བྱེད་དགོས། རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་འཁྲབ་སྟོན་དང་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགུལ་སྐྱོད་འགྲན་ཚོགས་སྔར་ལས་ལྷག་པར་ལེགས་སྒྲུབ་བྱེད་དགོས།

(བཅུ་གཉིས) གྲངས་ཉུང་མི་རིགས་ཀྱི་རིག་གནས་ཤུལ་བཞག་སྔོག་འདོན་དང་སྲུང་སྐྱོང་བྱེད་པར་ཤུགས་སྣོན་དགོས།

 རྒྱལ་ཡོངས་ཀྱི་རིག་རྫས་ཡོངས་ཁྱབ་ཏུ་ཞིབ་བཤེར་དང་དངོས་པོ་མིན་པའི་རིག་གནས་ཤུལ་བཞག་ཡོངས་ཁྱབ་ཏུ་ཞིབ་བཤེར་ཐེངས་གསུམ་པ་བྱེད་པ་དང་སྦྲེལ་ཏེ། གྲངས་ཉུང་མི་རིགས་ཀྱི་རིག་གནས་ཤུལ་བཞག་ལ་བརྟག་དཔྱད་ཐོ་འགོད་བྱེད་པའི་བྱ་བ་སྤེལ་བ་དང་། གྲངས་ཉུང་མི་རིགས་ཀྱི་འཇིག་ལ་ཉེབའི་རིག་གནས་ཤུལ་བཞག་གལ་ཆེན་ལ་མྱུར་སྐྱོབ་རང་བཞིན་སྒོ་ནས་སྲུང་སྐྱོང་བྱེད་དགོས། དེང་རབས་ཚན་རྩལ་བྱེད་ཐབས་བེད་སྤྱོད་བྱེད་ཤུགས་ཇེ་ཆེར་བཏང་སྟེ། གྲངས་ཉུང་མི་རིགས་ཀྱི་རིག་གནས་ཐོན་ཁུངས་གྲངས་ཀ་ཅན་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཇེ་མགྱོགས་སུ་གཏོང་དགོས། མི་གྲངས་ཅུང་ཉུང་བའི་མི་རིགས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པར་སྔར་ལས་ལྷག་པར་ཤུགས་སྣོན་དགོས། གྲངས་ཉུང་མི་རིགས་ཀྱི་གནའ་རྫས་མྱུར་སྐྱོབ་དང་འཚོལ་སྡུད། ཉར་ཚགས། ལེགས་སྒྲིག ཡིག་སྒྱུར། དཔེ་སྐྲུན། ཞིབ་འཇུག་བཅས་ཀྱི་བྱ་བར་རོགས་སྐྱོར་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་གནའ་རྫས་ཚན་རིག་ལྟར་དོ་དམ་དང་ནུས་ཡོད་ཀྱིས་སྲུང་སྐྱོང་བྱེད་པའི་དམིགས་འབེན་རིམ་བཞིན་མངོན་འགྱུར་བྱེད་དགོས། གྲངས་ཉུང་མི་རིགས་ཀྱི་དངོས་པོ་མིན་པའི་རིག་གནས་ཤུལ་བཞག་སྔོག་འདོན་དང་སྲུང་སྐྱོང་བྱེད་པའི་བྱ་བར་ཤུགས་བསྣན་ཐོག གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དངོས་པོ་མིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོང་ཐད་ལ་གཙོ་གནད་སྒོས་གཟིགས་སྐྱོང་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་དངོས་པོ་མིན་པའི་རིག་གནས་ཤུལ་བཞག་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རྩལ་རིག་གནས་རྩ་འཛུགས་ཀྱི"འགྲོ་བ་མིའི་རིགས་ཀྱི་དངོས་པོ་མིན་པའི་རིག་གནས་ཤུལ་བཞག་ཚབ་བྱེད་དཀར་ཆག"དང་རྒྱལ་ཁབ་རིམ་པའི་དངོས་པོ་མིན་པའི་རིག་གནས་ཤུལ་བཞག་དཀར་ཆག་ཞུ་འབུལ་བྱེད་པར་སྐུལ་འདེད་བཏང་སྟེ། དཀར་ཆག་ནང་བཀོད་པའི་དངོས་པོ་མིན་པའི་རིག་གནས་ཤུལ་བཞག་བཟོ་འགོད་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་དགོས། གྲངས་ཉུང་མི་རིགས་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་བྱ་བ་ཧུར་བརྩོན་གྱིས་སྤེལ་བ་དང་། འཆར་གཞི་ལྡན་པའི་སྒོ་ནས་སྤྱི་ཡོངས་རང་བཞིན་གྱིས་སྐབས་བསྟུན་སྲུང་སྐྱོང་བྱེད་དགོས། སྲོལ་རྒྱུན་གྱི་རིག་གནས་ཁྱད་ཆོས་ལྡན་པའི་གྲངས་ཉུང་མི་རིགས་ཀྱི་བཟོ་སྐྲུན་དང་གྲོང་སྡེ་སྲུང་སྐྱོང་བྱེད་པར་ཤུགས་སྣོན་དགོས།

(བཅུ་གསུམ) གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་ལ་བརྩི་བཀུར་དང་ཤུལ་འཛིན། དར་སྤེལ་བཅས་བྱེད་དགོས། 

དྲིལ་སྒྲོག་དང་ཁྲིད་སྟོན་བྱེད་པར་ཤུགས་བསྣན་ཏེ་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་ལ་བརྩི་བཀུར་དང་དར་སྤེལ་བྱེད་པའི་སྤྱི་ཚོགས་སྣང་ཚུལ་བསྐྲུན་དགོས། རྒྱལ་ཁབ་ཀྱིས་མི་རིགས་སོ་སོས་མི་རིགས་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་གཏོང་བའི་རང་དབང་འགན་སྲུང་བྱེད་པ་དང་། རིགས་སོ་སོའི་སྤྱི་དམངས་ཀྱིས་སྐད་ཡིག་ཕན་ཚུན་བརྩི་བཀུར་དང་སློབ་སྦྱོང་བྱེད་པར་སྐུལ་བསྟོད་གཏོང་དགོས། སྐད་ཡིག་འཕེལ་རྒྱས་ཆོས་ཉིད་ལ་བརྩི་བཀུར་བྱས་ཐོག་གྲངས་ཉུང་མི་རིགས་ཀྱི་སྐད་ཆ་ཡི་གེའི་ཚད་ལྡན་ཅན་དང་ཚད་གཞི་ཅན། ཆ་འཕྲིན་ཅན་ཐག་གཅོད་པའི་བྱ་བར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་འཕེལ་རྒྱས་དང་མི་རིགས་ཡར་ཐོན་ལ་ཕན་པ་ཡོད་པའི་སྔོན་འགྲོའི་ཆ་རྐྱེན་འོག རིགས་སོ་སོའི་མི་དམངས་ཀྱི་བཟའ་བཏུང་གོམས་སྲོལ་དང་རྒྱན་གོས་ཆ་ལུགས། བཟོ་སྐྲུན་ཁྱད་ཆོས། ཐོན་སྐྱེད་བྱེད་སྟངས། ལག་རྩལ་ནུས་རྩལ། རྩོམ་རིག་སྒྱུ་རྩལ། ཆོས་ལུགས་དད་མོས། དུས་ཆེན་གོམས་སྲོལ་སོགས་ལ་དངོས་གནས་བརྩི་བཀུར་དང་སྲུང་སྐྱོང་། ཤུལ་འཛིན་ཐོབ་པར་འཇུག་དགོས། བཟོ་ལས་ཅན་དང་ཆ་འཕྲིན་ཅན། མཁར་གྲོང་ཅན། ཚོང་ར་ཅན། རྒྱལ་སྤྱི་ཅན་དུ་འཕེལ་རྒྱས་གཏིང་ཟབ་གཏོང་བའི་གནས་བབ་འོག་གྲངས་ཉུང་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་ཆོས་ཉིད་ཞིབ་འཇུག་བྱེད་པར་ཤུགས་སྣོན་པ་དང་། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་ཤུལ་འཛིན་དང་དར་སྤེལ་བྱེད་པའི་ཐབས་ལམ་བཟང་པོ་རྒྱུན་མ་ཆད་པར་གསར་གཏོད་བྱས་ཏེ། འཆམ་མཐུན་རིག་གནས་དང་ཀྲུང་ཧྭ་མི་རིགས་ཐུན་མོང་དུ་བསམ་བློ་གཞི་གཅིག་ཆགས་པར་བྱེད་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

(བཅུ་བཞི) གྲངས་ཉུང་མི་རིགས་ཀྱི་རིག་གནས་གསར་གཏོད་བྱེད་པར་ཤུགས་ཆེན་གྱིས་སྐུལ་འདེད་གཏོང་དགོས། 

གྲངས་ཉུང་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་ཁྲོད་དེང་རབས་ལག་རྩལ་དང་བྱེད་ཐབས་སྤྱོད་པར་སྐུལ་འདེད་གཏོང་བ་དང་། མི་རིགས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་ཉམས་འགྱུར་ལྡན་པའི་རིག་གནས་རྩོམ་ཡིག་གསར་རྩོམ་བྱེད་པར་སྐུལ་བསྟོད་བཏང་སྟེ། གྲངས་ཉུང་མི་རིགས་ཀྱི་རིག་གནས་ཐོན་རྫས་ཀྱི་གྲངས་ཚད་དང་སྤུས་ཚད་མཐོར་འདེགས་གཏོང་དགོས། གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་མིང་གྲགས་ཅན་གསར་རྩོམ་ཐད་ཀྱི་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ཤུགས་རྐྱེན་ཆེ་བའི་གྲངས་ཉུང་མི་རིགས་ཀྱི་རྩོམ་ཡིག་དང་ཟློས་གར། གློག་བརྙན་དང་བརྙན་འཕྲིན། རོལ་དབྱངས་སོགས་ཀྱི་རིག་གནས་སྒྱུ་རྩལ་ཐོན་རྫས་མིང་གྲགས་ཅན་ཁག་གཅིག་གསར་རྩོམ་བྱེད་དགོས། རྒྱལ་ཁབ་ཀྱི་གར་སྟེགས་སྒྱུ་རྩལ་ཐོན་རྫས་མིང་གྲགས་ཅན་གྱི་བཟོ་འགོད་དེ་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་ཕྱོགས་སུ་སྔར་ལས་ལྷག་པར་སྤེལ་དགོས། རྒྱལ་ཁབ་རིམ་པ་སོ་སོའི་རིག་གནས་བྱ་དགའ་སྣ་ཚོགས་ནང་དུ་གྲངས་ཉུང་མི་རིགས་ཀྱི་རིག་གནས་རྩོམ་ཡིག་ལ་བྱ་དགའ་ཐོབ་པ་དེས་ལུགས་མཐུན་གྱི་བསྡུར་ཚད་ཟིན་པ་དང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་རྩོམ་ཡིག་དང་དེ་མིན་བྱས་རྗེས་འབུར་ཐོན་བཞག་པའི་རིག་གནས་བྱ་བ་སྒྲུབ་མཁན་ལ་བྱ་དགའ་དང་གཟེངས་བསྟོད་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་རིག་གནས་གསར་རྩོམ་བྱེད་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྔར་ལས་ལྷག་པར་སྐུལ་སློང་གཏོང་དགོས།

(བཅོ་ལྔ) གྲངས་ཉུང་མི་རིགས་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བར་ཧུར་བརྩོན་གྱིས་སྐུལ་འདེད་གཏོང་དགོས།

 གྲངས་ཉུང་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་ཁྱད་ཆོས་དང་ཆོས་ཉིད་ལ་རྒྱུས་ལོན་བྱས་ཏེ། གཅིག་གྱུར་དང་སྒོ་འབྱེད། འགྲན་རྩོད། གོ་རིམ་ལྡན་པ་བཅས་ཀྱི་རིག་གནས་ཚོང་རའི་མ་ལག་འཛུགས་པ། རིག་གནས་ཐོན་རྫས་ཀྱི་ཚོང་ར་དང་རྒྱུ་རྐྱེན་གཙོ་བོའི་ཚོང་ར་གསོ་སྐྱོང་བྱས་ཏེ། ལས་ཆོད་མཐོ་བའི་རིག་གནས་ཐོན་སྐྱེད་དང་ཞབས་འདེགས་འཁོར་རྒྱུག་ནང་རྐྱེན་ཆགས་དགོས། གྲངས་ཉུང་མི་རིགས་ཀྱི་རིག་གནས་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་ཐོན་ལས་སྣ་མང་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་བསྟོད་བཏང་སྟེ། རིག་གནས་ཐོན་ལས་དེ་སློབ་གསོ་དང་ཚན་རྩལ། ཆ་འཕྲིན། ལུས་རྩལ། གནས་སྐོར། སྤྲོ་གསེང་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་འབྲེལ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། གཙོ་གནད་འཕེལ་རྒྱས་གཏོང་བའི་རིག་གནས་ཐོན་ལས་ཀྱི་རྣམ་གྲངས་གཏན་ཁེལ་བྱས་ཐོག འཐབ་ཇུས་རང་བཞིན་དང་ཁྲིད་སྟོན་རང་བཞིན། སྐུལ་ཁྲིད་རང་བཞིན་བཅས་ལྡན་པའི་རིག་གནས་ཐོན་ལས་རྣམ་གྲངས་གལ་ཆེན་ཁག་གཅིག་གསར་འདོན་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་ཐོན་ལས་སྡེ་ཁུལ་དང་རྟེན་གཞི་ཁག་གཅིག་བསྐྲུན་ཏེ། གཙོ་གནད་ཁྱབ་ཁོངས་སུ་འགག་སྒོ་ལས་བརྒལ་བའི་འཕེལ་རྒྱས་ཐོབ་ཏུ་འཇུག་དགོས།

(བཅུ་དྲུག) མཐའ་མཚམས་མི་རིགས་ས་ཁུལ་གྱི་རིག་གནས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། 

མཐའ་མཚམས་ས་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་གསར་འགྱུར་པར་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། སྤྱི་པའི་རིག་གནས་ཐོན་རྫས་དང་ཁྱད་པར་དུ་གྲངས་ཉུང་མི་རིགས་སྐད་ཡིག་རིག་གནས་ཐོན་རྫས་ནུས་ཡོད་ཀྱི་མཁོ་སྤྲོད་ཇེ་མང་དུ་གཏོང་དགོས། མཐའ་མཚམས་མི་རིགས་ས་ཁུལ་གྱི་རྒྱང་སྒྲོག་བརྙན་འཕྲིན་ཁེབས་ཚད་དང་ཤུགས་རྐྱེན་ཐེབས་ཚད་སྔར་ལས་ལྷག་པར་མཐོར་འདེགས་གཏོང་དགོས། མཐའ་མཚམས་གྲངས་ཉུང་མི་རིགས་ཀྱི་རིག་གནས་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་། མཐའ་སྐོར་རྒྱལ་ཁབ་དང་རིག་གནས་བརྗེ་རེས་བྱེད་པར་ཤུགས་བསྣན་ཏེ། འཆམ་མཐུན་མཐའ་སྐོར་གྱི་ཁོར་ཡུག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། མཐའ་མཚམས་མི་རིགས་ས་ཁུལ་གྱི་རིག་གནས་ཐོན་རྫས་ནང་འདྲེན་དང་ཕྱིར་གཏོང་གི་ཚོང་རའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ། ཁྲིམས་འགལ་གྱི་པར་སྐྲུན་ཡིག་རིགས་སྣ་ཚོགས་གཙང་སེལ་བྱེད་པ་དང་། འཁོར་སྐར་གྱི་བརྡ་རྟགས་བསྡུ་ལེན་བྱེད་པའི་སྒྲིག་བཀོད་ཐད་ཀྱི་ལྟ་སྐུལ་དོ་དམ་བྱ་བར་ཤུགས་སྣོན་པ། ས་ཁོངས་ཕྱིའི་རྒྱང་སྒྲོག་བརྙན་འཕྲིན་ཁྲིམས་དང་འགལ་ནས་ལྐོག་པར་དང་བསྡུ་ལེན། ཁྱབ་སྒྲོག་བཅས་བྱེད་པར་སྔོན་འགོག་བྱེད་པ། ས་ཁོངས་ཕྱིའི་དགྲར་འཛིན་སྟོབས་ཤུགས་ཀྱི་རིག་གནས་སིམ་འཛུལ་བྱ་འགུལ་ལ་ནུས་ཡོད་ཀྱིས་བཀག་འགོག་བྱས་ཏེ། མཐའ་མཚམས་ས་ཁུལ་གྱི་རིག་གནས་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས།

(བཅུ་བདུན) གྲངས་ཉུང་མི་རིགས་ཀྱི་རིག་གནས་ཕྱི་ཕྱོགས་སུ་བརྗེ་རེས་བྱེད་པར་འབར་བརྩོན་གྱིས་སྐུལ་འདེད་གཏོང་དགོས། 

རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སུ་བརྗེ་རེས་བྱེད་ཁྲོད་གྲངས་ཉུང་མི་རིགས་ཀྱི་རིག་གནས་དེ་ཀྱི་བསྡུར་ཚད་དངོས་གནས་ཇེ་མང་དུ་གཏོང་དགོས། ལོ་རེར་གྲངས་ཚད་ངེས་ཅན་ལྡན་པའི་གྲངས་ཉུང་མི་རིགས་ཀྱི་རིག་གནས་བྱ་འགུལ་བཀོད་སྒྲིག་བྱས་ཏེ་ཀྲུང་གོ་དང་ཕྱི་རྒྱལ་ཕན་ཚུན་མཉམ་གཉེར་བྱེད་པའི་རིག་གནས་ལོ་དང་ཕྱི་རྒྱལ་དུ་འཛུགས་གཉེར་བྱེད་པའི་ཀྲུང་གོའི་རིག་གནས་དུས་ཆེན་དང་རིག་གནས་གཟའ་འཁོར་དང་སྒྱུ་རྩལ་གཟའ་འཁོར། གློག་བརྙན་གཟའ་འཁོར། བརྙན་འཕྲིན་གཟའ་འཁོར། རིག་རྫས་བཤམས་སྟོན། དངོས་མང་སྟོན་ཚོགས་དང་དེ་མིན་འཁྲབ་སྟོན་དང་འགྲེམ་སྟོན་སྣ་ཚོགས་སོགས་ལ་ཞུགས་ཏེ། ཕྱོགས་ཡོངས་དང་རིམ་པ་མང་པོ། ཁྱབ་ཁོངས་ཡངས་པ་བཅས་ཀྱི་སྒོ་ནས་ཕྱི་ཕྱོགས་སུ་རིག་གནས་བརྗེས་རེས་བྱེད་པའི་རྣམ་པ་ཆགས་པར་སྐུལ་འདེད་གཏོང་དགོས། གྲངས་ཉུང་མི་རིགས་ཀྱི་རིག་གནས་ཕྱི་ཕྱོགས་སུ་བརྗེ་རེས་བྱེད་པའི་ཐོན་རྫས་མིང་གྲགས་ཅན་ཁག་གཅིག་གསར་སྐྲུན་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་ཕྱི་ཕྱོགས་སུ་བརྗེ་རེས་བྱེད་ཐད་སྙན་གྲགས་ཡོད་པའི་ཐོན་རྫས་ཇེ་བརྟན་ཏུ་བཏང་སྟེ། གྲངས་ཉུང་མི་རིགས་ཀྱི་རིག་གནས་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་སྔར་ལས་ལྷག་པར་མཐོར་འདེགས་གཏོང་དགོས། གྲངས་ཉུང་མི་རིགས་རིག་གནས་དེ་ཕྱིར་སྡོད་ཀྲུང་གོ་བ་དང་ཐའེ་ཝན་སྤུན་ཟླ། ཀང་ཨོ་སྤུན་ཟླ་བཅས་དང་བརྗེ་རེས་བྱེད་པར་ཤུགས་ཆེན་གྱིས་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་རིག་གནས་ཀྱི་ཁས་ལེན་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། རྒྱལ་ཁབ་ཞི་བདེ་དང་གཅིག་གྱུར་ཡོང་བར་ཞབས་འདེགས་ཞུ་དགོས།

བཞི། གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།

(བཅོ་བརྒྱད) གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་འཕེལ་རྒྱས་གཏོང་བའི་སྲིད་ཇུས་དང་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་དགོས། 

གྲངས་ཉུང་མི་རིགས་ཀྱི་རིག་གནས་ཁྲིམས་འཛུགས་བྱ་བར་ཤུགས་སྣོན་པ་དང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་བྱེད་ཐབས་དུས་ཐོག་ཏུ་ཞིབ་འཇུག་དང་གཏན་འབེབས་བྱེད་དགོས། གྲངས་ཉུང་མི་རིགས་ཀྱི་རིག་གནས་བྱ་བ་སྒྲུབ་པའི་ཆེད་ལས(ལག་རྩལ)མི་སྣའི་གོ་མིང་དཔྱད་བསྡུར་གཏན་འབེབས་བྱེད་པའི་སྲིད་ཇུས་དང་ཐོབ་ཐང་དཔང་་ལེན། ལས་ཁུངས་དང་ཚོགས་པའི་འཛུགས་སྐྲུན་སོགས་ཐད་ཀྱི་འབྲེལ་ཡོད་ཚད་གཞི་དང་བྱེད་ཐབས་མགྱོགས་མྱུར་གྱིས་གཏན་འབེབས་དང་འཐུས་ཚང་གཏོང་དགོས། རིག་གནས་ལས་དོན་དང་རིག་གནས་ཐོན་ལས་ཐད་ཀྱི་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་ལ་ཞིབ་འཇུག་དང་གཏན་འབེབས་དང་ཡང་ན་བཟོ་བཅོས་བཅས་བྱེད་སྐབས། གྲངས་ཉུང་མི་རིགས་རིག་གནས་ཀྱི་ཁྱད་འཕགས་རང་བཞིན་བསམ་བློ་གང་ལེགསགཏོང་བ་དང་། ཆེད་དམིགས་དོན་ཚན་དང་ཆེད་དོན་མ་དངུལ་ཇེ་མང་དུ་བཏང་སྟེ་གསལ་བོ་བྱེད་དགོས། རྒྱལ་ཁབ་ཀྱིས་རོགས་སྐྱོར་དང་ཚོང་རས་འཁོར་རྒྱུག་བྱེད་པ་ཟུང་དུ་འབྲེལ་བར་སྐུལ་འདེད་གཏོང་བ་དང་། ལམ་ལུགས་ཐོག་ནས་གྲངས་ཉུང་མི་རིགས་ཀྱི་རིག་གནས་ཐོན་ཁུངས་བཀོད་སྒྲིག་ཁྲོད་རྨང་གཞི་རང་བཞིན་གྱི་ནུས་པ་སྔར་ལས་བཟང་བར་འདོན་སྤེལ་བྱེད་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་དེ་གྲངས་ཉུང་མི་རིགས་ཀྱི་རིག་གནས་འཛུགས་སྐྲུན་ནང་ཞུགས་པར་ཁྲིད་སྟོན་བྱས་ཏེ། ཚན་རིག་ལྟར་འཕེལ་རྒྱས་གཏོང་བར་ཕན་པ་ཡོད་པའི་སྤྱི་ཁོག་ནས་སྙོམ་སྒྲིག་ཚོད་འཛིན་བྱེད་པའི་མ་ལག་ཆགས་དགོས།

(བཅུ་དགུ) གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་རིག་གནས་ལས་དོན་སྡེ་ཚན་གྱི་སྒྲིག་སྲོལ་དང་ནང་རྐྱེན་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས། 

སྤྱི་ཕན་རང་བཞིན་གྱི་ལས་དོན་དང་བདག་གཉེར་རང་བཞིན་གྱི་བྱེད་སྒོ་གཉིས་རིགས་འབྱེད་ནས་དོ་དམ་བྱས་ཐོག སྤྱི་ཕན་རང་བཞིན་གྱི་ལས་དོན་སྡེ་ཚན་ནས་གདན་ཞུས་སྐུལ་སྤྱོད་ལམ་ལུགས་དང་ལས་རྐང་དོ་དམ་ལམ་ལུགས། ལས་འབྲས་ཟླ་ཕོགས་ལམ་ལུགས་བཅས་ལག་བསྟར་བྱེད་དགོས། འགྲན་རྩོད་ནང་རྐྱེན་ནང་འདྲེན་བྱེད་པ་དང་། སྲིད་གཞུང་གིས་སུ་འཇོན་དེ་འགུག་དང་ལས་གཞི་ཁ་གསབ། དམིགས་འཛུགས་ཀྱིས་རོགས་དངུལ་སྤྲོད་པ་སོགས་ཀྱི་རྣམ་པ་སྤྱད་དེ། གྲངས་ཉུང་མི་རིགས་ཀྱི་རིག་གནས་ཐོན་རྫས་གལ་ཆེན་དང་སྤྱི་པའི་རིག་གནས་བཟོ་འགོད་གལ་ཆེན། སྤྱི་ཕན་རང་བཞིན་གྱི་རིག་གནས་བྱ་འགུལ་བཅས་ལ་རོགས་སྐྱོར་བྱེད་དགོས། གྲངས་ཉུང་མི་རིགས་རིག་གནས་སྡེ་ཚན་གྱིས་འབྲེལ་ཡོད་གཏན་ཕབ་ལྟར་ཁེ་ལས་སུ་སྒྱུར་བ་དང་སྒྲིག་སྲོལ་སྒྱུར་བར་རྒྱབ་སྐྱོར་བྱེད་པ་དང་། དུས་ཚད་ངེས་ཅན་ཞིག་གི་ནང་ནས་ནོར་སྲིད་དང་ཁྲལ་སྡུད་སོགས་ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱེད་པ། ངལ་རྩོལ་མི་དོན་དང་སྤྱི་ཚོགས་འགན་སྲུང་གི་སྲིད་ཇུས་འབྲེལ་མཐུད་ཀྱི་བྱ་བ་ལེགས་སྒྲུབ་བྱས་ཐོག མི་གསར་བར་བྱེད་ཐབས་གསར་བ་ལག་ལེན་བསྟར་བ་དང་མི་རྙིང་བར་བྱེད་ཐབས་རྙིང་བ་ལག་ལེན་བསྟར་བའི་རྩ་དོན་ལྟར་འབྲེལ་ཡོད་སྲིད་ཇུས་གཏན་འབེབས་བྱེད་དགོས།

(ཉི་ཤུ) གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་འཕེལ་རྒྱས་ཀྱི་གྲོན་དངུལ་ཁག་ཐེག་བྱེད་པར་ཤུགས་སྣོན་པ་དང་། སྲིད་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་ཐད་ལ་མ་དངུལ་ཇེ་མང་དུ་གཏོང་དགོས། 

ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་མི་རིགས་ས་ཁུལ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་རིག་གནས་འཕེལ་རྒྱས་དྲིལ་སྒྲོག་བྱེད་པའི་འབྲེལ་ཡོད་གྲོན་དངུལ་བཀོད་སྒྲིག་བྱེད་སྐབས། གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་ཐད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་རིམ་བཞིན་ཇེ་ཆེར་གཏོང་དགོས། འབྲེལ་ཡོད་ཁྲལ་སྡུད་ཀྱི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱས་ཏེ། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་རིག་གནས་ལས་དོན་དང་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་བསྟོད་དང་རོགས་སྐྱོར་བྱེད་དགོས།

(ཉེར་གཅིག) གྲངས་ཉུང་མི་རིགས་ཀྱི་རིག་གནས་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་དགོས། 

གྲངས་ཚད་འདང་ངེས་ཤིག་དང་སྤུས་ཚད་ཅུང་མཐོ་བའི་གྲངས་ཉུང་མི་རིགས་ཀྱི་རིག་གནས་བྱ་བ་སྒྲུབ་མཁན་དཔུང་སྡེ་ཞིག་འབད་བརྩོན་གྱིས་གསོ་སྐྱོང་བྱེད་པ་དང་། ཕུལ་བྱུང་ཤེས་ལྡན་མི་སྣ་ལྷང་ངེར་ཐོན་པ་བྱེད་པར་ཕན་ཐོགས་ལྡན་པའི་སྒྲིག་སྲོལ་ནང་རྐྱེན་དང་སྤྱི་ཚོགས་ཁོར་ཡུག་བསྐྲུན་ཏེ། སྒྱུ་རྩལ་རྩེར་སོན་མི་སྣ་དང་བདག་གཉེར་དོ་དམ་མི་སྣ། ཆེད་ལས་ལག་རྩལ་མི་སྣ་ཤུགས་ཡོད་རྒུས་གསོ་སྐྱོང་བྱེད་དགོས། གྲངས་ཉུང་མི་རིགས་ཀྱི་དམངས་ཁྲོད་སྒྱུ་རྩལ་པ་དང་འཇིག་ལ་ཉེ་བའི་རིག་གནས་བཟོ་འགོད་རྒྱུན་འཛིན་པ་ཧུར་ཐག་གིས་སྲུང་སྐྱོང་དང་རོགས་སྐྱོར་བྱེད་པ་དང་། དངོས་པོ་མིན་པའི་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་ཐད་བྱས་རྗེས་ཕུལ་བྱུང་བཞག་པའི་རྒྱུན་འཛིན་པ་རྣམས་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཕབ་ལྟར་གཟེངས་བསྟོད་བྱེད་དགོས། མཐོ་རིམ་སློབ་གྲྭ་ཆེན་མོ་དང་ཚན་རིག་ཞིབ་འཇུག་ལས་ཁུངས་བཅས་འཇིག་ལ་ཉེ་བའི་རིག་གནས་མྱུར་སྐྱོབ་བྱེད་ཁྲོད་ཞུགས་པར་རོགས་སྐྱོར་བྱས་ཏེ། འབྲེལ་ཡོད་རིག་གཞུང་ཚན་ཁག་གི་འཛུགས་སྐྲུན་ལ་སྐུལ་འདེད་དང་། འཇིག་ལ་ཉེ་བའི་རིག་གནས་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས།

ལྔ། གྲངས་ཉུང་མི་རིགས་ཀྱི་རིག་གནས་བྱ་བའི་འགོ་ཁྲིད་ལ་ཤུགས་སྣོན་དགོས།

(ཉེར་གཉིས) གྲངས་ཉུང་མི་རིགས་ཀྱི་རིག་གནས་བྱ་བ་དེ་དངོས་གནས་སྔར་ལས་གལ་ཆེ་བའི་གོ་སར་འཇོག་དགོས། 

ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གྲངས་ཉུང་མི་རིགས་ཀྱི་རིག་གནས་བྱ་བའི་གལ་ཆེན་རང་བཞིན་ལ་འཛིན་པའི་ངོས་ཟིན་སྔར་ལས་ལྷག་པར་མཐོར་འདེགས་གཏོང་བ་དང་། འགན་ཁུར་འདུ་ཤེས་དང་དགོས་གཏུག་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། གྲངས་ཉུང་མི་རིགས་ཀྱི་རིག་གནས་བྱ་བ་དེ་གྲོས་རིམ་ཉིན་ཐོ་གལ་ཆེན་ནང་དུ་འཇོག་པ་དང་། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་འཆར་གཞིའི་ནང་འགོད་པ། ཚན་རིག་ལྟར་འཕེལ་རྒྱས་གཏོང་བའི་དཔྱད་བསྡུར་མ་ལག་ནང་དུ་འཇོག་པ་བཅས་བྱེད་དགོས། གྲངས་ཉུང་མི་རིགས་ཀྱི་རིག་གནས་བྱ་བཐད་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པར་ཤུགས་བསྣན་ཏེ། དུས་བཅད་ལྟར་བྱ་བའི་སྙན་ཞུ་ལ་ཉན་པ་དང་། བཀོད་སྒྲིག་དང་དངོས་འབེབས་དམ་འཛིན་བྱེད་དགོས། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་རིག་གནས་བྱ་བ་སྡེ་ཁག་དང་སྡེ་ཚན་གྱི་འཛུགས་སྐྲུན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། གནས་ཡོད་པའི་འབུར་ཐོན་གྱི་དཀའ་ངལ་དང་དམིགས་བསལ་གྱི་གནད་དོན་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ། ་གྲངས་ཉུང་མི་རིགས་ཀྱི་རིག་གནས་བྱ་བ་སྒྲུབ་མཁན་གྱི་ཧུར་དརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་ལ་སྐུལ་སློང་གང་ལེགས་དང་ནུས་ཡོད་ཀྱིས་སྲུང་སྐྱོང་བྱེད་དགོས།

(ཉེར་གསུམ) ལས་བགོས་མཉམ་ལས་དང་མཉམ་དུ་དམ་འཛིན། མཉམ་དུ་དོ་དམ་བྱེད་པའི་རྣམ་པ་བཟང་པོ་ཆགས་ཐུབ་པར་སྐུལ་འདེད་གཏོང་དགོས། 

ཏང་ཨུའི་གཅིག་གྱུར་གྱི་འགོ་ཁྲིད་འོག སྲིད་གཞུང་གིས་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་པ་དང་། བྱེད་སྒོ་སྡེ་ཁག་གིས་གཙོ་གཉེར་བྱེད་པ། འབྲེལ་ཡོད་སྡེ་ཁག་གིས་གཞོགས་འདེགས་དམ་པོ་བྱེད་པ། སྤྱི་ཚོགས་ལས་རིགས་ཁག་ཡོངས་ཁྱབ་ཏུ་ཞུགས་པ་བཅས་ཀྱི་གྲངས་ཉུང་མི་རིགས་ཀྱི་རིག་གནས་བྱ་བའི་རྣམ་པ་གསར་འཛུགས་དང་འཐུས་ཚང་གཏོང་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་འཆར་གཞི་འགོད་པ་དང་བྱ་བ་བཀོད་སྒྲིག་བྱེད་སྐབས། གྲངས་ཉུང་མི་རིགས་ཀྱི་རིག་གནས་བྱ་བ་དེ་ནང་དོན་གལ་ཆེན་དུ་བརྩིས་པ་དང་། རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། དམིགས་འབེན་དང་ལས་འགན་ཡོངས་སུ་འགྲུབ་པར་ཁག་ཐེག་བྱེད་དགོས། གླེང་ཕྱོགས་དྲིལ་སྒྲོག་ལ་ཤུགས་བསྣན་ཏེ། གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་འཕེལ་རྒྱས་གཏོང་བར་ཕན་པ་ཡོད་པའི་སྤྱི་ཚོགས་སྣང་ཚུལ་བསྐྲུན་དགོས། ཕྱོགས་སོ་སོའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་རིག་གནས་བྱ་བའི་རྣམ་པ་གསར་བ་རྒྱུན་མ་ཆད་པར་གཏོད་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བསམ་འཆར་འདིའི་དགོངས་དོན་ལྟར་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ལག་ལེན་བསྟར་བའི་བྱེ་བྲག་གི་ཐབས་ཤེས་དང་བྱེད་ཐབས་གཏན་འབེབས་བྱེད་དགོས། འབྲེལ་ཡོད་སྡེ་ཁག་གིས་བསམ་འཆར་འདི་ལག་ལེན་བསྟར་བའི་གནས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་པར་ཤུགས་སྣོན་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།