ཀྲུང་གོ་བོད་ཀྱི་དྲ་བ།

བཟའ་འཐོར་ཕ་མར་བྱིས་པར་ལྟ་བའི་ཁེ་དབང་ཡོད་དམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རམས་ཚེ་བྷོ།   སྤེལ་དུས། : 2018-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1474968399771623.png

གྱོད་དཔེ། 

ཚེ་རིང་འབུམ་དང་ཆོས་སྐྱིད་སྒྲོལ་མ་གཉིས་ནི་ཉིས་སྟོང་དགུ་ལོའི་ཟླ་བརྒྱད་པར་བཟའ་འཐོར་བྱས་པ་དང་། བཟའ་འཐོར་མ་བྱས་སྔོན་ལ་ཁོ་གཉིས་ལ་བྱིས་པ་གསུམ་ཡོད། མི་དམངས་ཁྲིམས་ཁང་གིས་བཟའ་འཐོར་ཐག་གཅོད་བྱེད་པའི་བྱིས་པའི་སྙོར་སྐྱོང་འོས་འགན་ཚེ་རིང་འབུམ་ལ་སྤྲད་པ་དང་། ཆོས་སྐྱིད་སྒྲོལ་མ་ལ་མཚོན་ནའང་ལུས་ཕུང་ཅུང་བདེ་ཐང་མིན་པའི་ཁར་རྒྱུ་ནོར་གྱི་འབྱོར་བ་ཞན་པས་བྱིས་པ་སྙོར་སྐྱོང་གི་འགན་ཁུར་དང་ལེན་བྱེད་དུ་མ་བཅུག ཕྱིས་སུ། ཁོ་མོ་ས་ཆ་གཞན་ཞིག་ལ་གནས་ཡུལ་འགྲིམས་པ་མ་ཟད། ཁྱིམ་ཚང་གི་ཆ་རྐྱེན་མི་བཟང་རྒྱུ་མེད་ལ་བཟའ་ཟླའི་བར་གྱི་བརྩེ་དུང་ཀྱང་ཇེ་ཟབ་ཏུ་སོང་། ཡིན་ཡང་ཁོ་མོས་རྒྱུན་དུ་བཟའ་ཟླ་སྔོན་མའི་བྱིས་པ་ཚོ་དྲན་ནས་བཟོད་དཀའ་བའི་ཀ་ར་དང་ཞོར་ཟས། གྱོན་གོས་སོགས་ཉོས་ཏེ་ཚེ་རིང་འབུམ་ཚང་ལ་ཐེངས་འགར་སོང་ཡང་། ཚེ་རིང་འབུམ་གྱིས་བྱིས་པ་ཚོ་ཁྱིམ་དུ་མེད་ཚུལ་དང་གནས་གཞན་དུ་སློབ་གྲྭར་བུད་སོང་ཞེས་རྫུན་གཏམ་ཁོ་ན་བཤད་པ་མ་ཟད། མོ་ལ་བྱིས་པ་ཚོར་ལྟ་རྒྱུའི་ཁེ་དབང་མེད་ཅེས་ཚིག་ལོག་གཏུམ་སྤྱོད་ཀྱི་བྱ་བའང་སྤེལ་རྩིས་བྱས། འོ་ན། ཆོས་སྐྱིད་སྒྲོལ་མར་རང་གི་བྱིས་པར་ལྟ་བའི་ཁེ་དབང་ཡོད་དམ།

ཁྲིམས་བཤད།

ཕ་མར་བྱིས་པར་ཐུག་འཕྲད་བྱེད་པའི་དབང་ཆ་ཡོད་ཟེར་བ་ནི། ཕ་མ་གཉིས་བཟའ་ཚང་འཐོར་རྗེས། བྱིས་པ་དང་ཁ་བྲལ་བའི་ཕ་མ་སུ་ཡིན་ཡང་དུས་ཚོད་དང་ས་གནས་གང་རུང་ནས་རང་གི་བྱིས་པར་ཐུག་པའི་དབང་ཆ་ཡོད། 《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་སོ་བརྒྱད་པའི་གཏན་ཁེལ་ལྟར་ན། བཟའ་ཚང་ཐོར་རྗེས། ཐད་ཀར་དུ་བྱིས་པ་གསོ་སྐྱོང་མི་བྱེད་པའི་ཕ་མ་སུ་ཞིག་ཡིན་རུང་བྱིས་པར་ཐུག་འཕྲད་བྱེད་པའི་དབང་ཆ་ཡོད་ལ། ཅིག་ཤེས་ལ་མཐུན་རྐྱེན་བསྒྲུབ་པའི་འོས་འགན་ཡོད། ཆོས་སྐྱིད་སྒྲོལ་མ་ས་ཆ་གཞན་དུ་ཡོད་པས་མོ་རང་དང་ལྷན་དུ་བྱིས་པ་ཚོ་རང་ཡུལ་ལ་ཁྲིད་ནས་འཚོ་བ་རོལ་ཏེ་མ་བུའི་བརྩེ་འདང་ཇེ་ཟབ་ཏུ་གཏོང་འདོད་པ་དེ་ལུགས་དང་མཐུན་ལ་ཁྲིམས་ལའང་མཐུན་པ་རེད། དེར་བརྟེན་ཁྲིམས་ཁང་གིས་མཐར་ཆོས་སྐྱིད་སྒྲོལ་མ་ལ་ལོ་རེར་ལྔ་གཅིག་དང་གུང་སེང་གི་སྐབས་བྱིས་པ་ཚོ་རང་ཁྱིམ་ལ་ཁྲིད་ནས་མཉམ་དུ་འཚོ་བ་རོལ་ཆོག་པ་དང་། སློབ་སྦྱོང་དང་འཚོ་བར་གནོད་པ་ཐེབས་མི་ཆོག་པའི་ཐག་བཅད་ཡོད་དོ།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།