ཀྲུང་གོ་བོད་ཀྱི་དྲ་བ།

ཁྱོ་ག་སྨྱོ་ནད་ཡོད་ཚེ་བཟའ་འཐོར་བྱ་རྒྱུའི་རེ་བ་བཏོན་ཆོག་གམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-05-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1524207107746595.png

གྱོད་དཔེ།

ངའི་ཁྱོ་ག་ལ་སྨྱོ་ནད་བྱུང་ཡོད་ལ། ནད་འཕར་ཐེངས་རེར་ཁྱིམ་མི་ཚང་མར་གཅར་རྡུང་དང་སྡིགས་མོ་བྱེད་པས། ང་ལ་ད་ལྟ་སྡུག་བསྔལ་ཧ་ཅང་ཆེ་བར་མ་ཟད་ངེད་གཉིས་ཀྱི་བརྩེ་དུངས་ཀྱང་རིམ་བཞིན་ཉམས་སོང་། ངས་ད་ལྟ་བཟའ་འཐོར་བྱ་རྒྱུའི་རེ་བ་བཏོན་ཆོག་གམ།

ཁྲིམས་བཤད། 

མི་དམངས་ཁྲིམས་ཁང་གིས་བཟའ་འཐོར་གྱོད་གཞི་འདི་ཐག་གཅོད་བྱེད་སྐབས་བཟའ་ཚང་འཐོར་ཆོག་མིན་གྱི་གཞི་འཛིན་ས་གཙོ་བོ་ནི《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་ལྔ་བའི་གཏན་ཁེལ་ཡིན།  ཁྱོ་ཤུག་གི་བརྩེ་དུངས་འབྲེལ་བ་ཉམས་ཡོད་མེད་ནི་ཚད་གཞི་གཙོ་བོ་བྱེད་དགོས་ལ། ཆེས་མཐོ་མི་དམངས་ཁྲིམས་ཁང་གི《དམངས་དོན་སྤྱི་སྲོལ་དང་བཅའ་ཁྲིམས་ལག་ལེན་མཐར་ཕྱིན་བྱེད་དགོས་པའི་སྐོར་གྱི་གནད་དོན་འགའི་བསམ་འཆར》གྱི་དོན་ཚན་བཅུ་དང་《མི་དམངས་ཁྲིམས་ཁང་གིས་བཟའ་འཐོར་གྱོད་གཞི་འདྲི་གཅོད་བྱེད་སྐབས་ཁྱོ་ཤུག་གི་བརྩེ་དུངས་དངོས་སུ་རྩ་མེད་དུ་གྱུར་པ་ལ་ཇི་ལྟར་ངོས་ལེན་བྱེད་དགོས་པའི་སྐོར་གྱི་བསམ་འཆར་ཞིབ་ཕྲའི》དོན་ཚན་གསུམ་པའི་གཏན་ཁེལ་ལྟར་ན། ཕྱོགས་གཅིག་ལ་སྨྱོ་ནད་ཕོག་ཚེ་ཕྱོགས་གཞན་པས་བཟའ་འཐོར་གཏུག་བཤེར་བཏོན་རྗེས་གཤམ་གསལ་གྱི་རྩ་དོན་འགའ་བརྩི་སྲུང་བྱེད་དགོས།

ཐག་གཅོད་བྱེད་སྐབས་གཉེན་སྒྲིག་རང་མོས་ལ་འགན་སྲུང་བྱེད་དགོས་པ་དང་། ནད་པའི་སྨན་བཅོས་དང་འཚོ་བའི་ཐད་ལ་ཕན་པའི་བཀོད་སྒྲིག་ཀྱང་བྱེད་དགོས། གལ་ཏེ་གཉེན་སྒྲིག་མ་བྱས་སྔོན་དུ་རང་ཉིད་ལ་ནད་ཡོད་པ་སྦ་གསང་བྱས་ཤིང་གཉེན་སྒྲིག་བྱས་རྗེས་ནད་ལ་སྨན་བཅོས་བྱས་ཀྱང་ཕན་མ་ཐོགས་ཚེ་གནས་བབས་ཐམས་ཅད་ལེགས་སྒྲུབ་བྱས་རྗེས་བཟའ་འཐོར་ཆོག་མཆན་བཀོད་ཆོག  གལ་ཏེ་སྔོན་ཆད་ཁྱོ་ཤུག་གི་བརྩེ་དུངས་ཅུང་བཟང་ཞིང་། གཉེན་སྒྲིག་ནས་ལོ་མང་འགོར་སོང་བ་མ་ཟད། ད་དུང་བུ་ཕྲུག་ཀྱང་སྐྱེས་ཡོད་ཚེ། ཁྱོ་ཤུག་ཕན་ཚུན་ལ་རོགས་སྐྱོར་གྱི་འོས་འགན་ཡོད་ལ་ཁྱོ་ཤུག་འགྲིག་མཐུན་ཡོང་བར་འདུམ་སྒྲིག་བྱེད་དགོས། གལ་ཏེ་དུས་ཡུན་རིང་བོར་ནད་པར་སྨན་བཅོས་བྱས་ཀྱང་ཕན་མ་ཐོགས་པར་ཁྱོ་ཤུག་གི་འབྲེལ་བ་གཞི་ནས་རྒྱུན་འཁྱོངས་བྱེད་ཐབས་མེད་པ་ར་སྤྲོད་བྱེད་ཐུབ་ན། ཕྱོགས་གཉིས་ཀའི་ཉེ་འབྲེལ་དང་། བཟང་ས་མཐུན་གྲོགས། ཡང་ན་འབྲེལ་ཡོད་ལས་ཁུངས་དང་སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱིས་ནད་པའི་འཚོ་བ་དང་། སྨན་བཅོས། ལྟ་སྐྱོང་སོགས་ཀྱི་གནད་དོན་ལ་བཀོད་སྒྲིག་ལེགས་པོ་བྱས་རྗེས་བཟའ་འཐོར་བྱས་ཆོག་པ་ཡིན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།