ཤིག་དང་ལྗི་བ།

 གཅིག ལྗི་བ།

གསེར་ལུང་ནི་ཤིག་དང་ལྗི་བ་ཁྱོ་ཤུག་གཉིས་ཀྱིས་ཚེ་འདིའི་གནས་མལ་བཅའ་ས་གཅིག་པུ་ཡིན། ལོ་སར་ཚེས་གཅིག་གི་དགོང་མོ་ཁྱོ་ཤུག་གཉིས་ཀྱིས་གནམ་ལོ་གསར་པའི་དགའ་སྟོན་ལ་རོལ་བའི་ཚེ། གློ་བུར་དུ་ཁོང་གཉིས་ཀྱི་སྒོ་ཟོག་མཛོ་མོ་དཀར་མོ་གར་སོང་ཆ་མེད་དུ་གྱུར་པས། ཁོང་གཉིས་ཀར་བྲེལ་འཚུབ་ལངས་ནས་གསེར་ལུང་གི་ཕྱོགས་ཀུན་ཏུ་བཙལ་མོད། མཛོ་མོ་རྙེད་པ་ཕར་ཞོག་ཐ་ན་རྗེས་ཤུལ་ཙམ་ཡང་མཐོང་མ་བྱུང་།

སྐབས་དེར་ཤིག་གིས་ཁོང་གཉིས་ཀྱི་འཚོ་བའི་རྟེན་གཞི་གཅིག་པུ་བོར་སོང་བར་སེམས་ཁུར་བྱེད་བཞིན་ཁ་རོག་གེར་མར་སྒྱེད་དུ་བཀུམས་ནས་བསྡད། ལྗི་བའི་སེམས་སུ་ལོ་གསར་པའི་ཉིན་མོར་འདི་འདྲའི་སེམས་སྡུག་བྱེད་པ་ནི་ལྟས་ངན་ཞིག་ཅི་ལ་མིན་བསམས་ནས“ཆུང་མ། སེམས་སྡུག་མ་བྱེད་དང་། མཛོ་མོ་རི་ན་ཡོད་ངེས། སང་ཉིན་ང་སོང་ནས་བཙལ་འོང”ཞེས་བཤད་རྗེས། ལག་པས་ཤིག་གི་མགོ་བོར་བྱིལ་བྱིལ་བྱས་མོད། ཤིག་གིས་སྔར་ལྟར་སྨྲ་བ་བསྡམས་ནས་ཅི་ཡང་མི་བཤད།

ཕྱི་ཉིན་གྱི་ཉི་མ་རི་རྩེར་འཕགས་སྐབས། ལྗི་བས་འུར་རྡོ་ཁྲ་ཆུང་སྐེད་ལ་བཅིངས་ནས་མཛོ་མོ་དཀར་མོ་འཚོལ་དུ་སོང་། གསེར་ལུང་བརྒྱུད་དེ་རྫ་རྒྱལ་ཁྲ་ཕྱུག་གི་རི་མགོར་སླེབས་པ་ན། ལྗི་བ་ཞིག་རལ་དུ་སོང་བའི་ལབ་ཙེ་ཞིག་དང་འཕྲད།

“ལབ་ཙེ་ལགས། ཁྱོད་ཀྱིས་མཛོ་མོ་དཀར་མོ་མཐོང་བྱུང་ངམ།”

“མཐོང་མ་བྱུང་།”ལབ་ཙེ་ཡིས་གུས་པ་དང་བཅས“ཁྱོད་ཀྱིས་ང་ཡང་བསྐྱར་ལན་ཞིག་མི་རྩིག་གམ།”ཞེས་དྲིས་བྱུང་།

“ང་ལ་ཁྱོད་རང་རྩིག་པའི་ཁོམ་པ་ག་ལ་ཡོད།ངས་མཛོ་མོ་འཚོལ་དགོས།”ལྗི་བས་དེ་ལྟར་བཤད་རྗེས་མྱུར་མོར་ལམ་ལ་ཆས་སོང་།

རི་སྐེད་དུ་སླེབས་པ་ན་ཆུ་མིག་རྙོག་རོ་ཞིག་དང་འཕྲད།

“ཆུ་མིག་ལགས། ཁྱོད་ཀྱིས་མཛོ་མོ་དཀར་མོ་མཐོང་བྱུང་ངམ།”ལྗི་བས་དེ་སྐད་དུ་དྲིས་པ་ན། ཆུ་མིག་གིས“མ་མཐོང”ཞེས་བཤད་རྗེས། གུས་པ་དང་བཅས“ཁྱོད་ཀྱིས་ང་ལན་ཞིག་མི་ཕྱགས་སམ”ཞེས་དྲིས་མོད། ལྗི་བས་ང་ལ་ཁྱོད་རང་ཕྱགས་པའི་ཁོམ་པ་ག་ལ་ཡོད། ངས་མཛོ་མོ་འཚོལ་དགོས”ཞེས་བཤད་དེ་བུད་སོང་།

རི་འདབས་སུ་སླེབས་པ་ན་རྟ་རྒན་རྔོ་བོ་ཞིག་དང་འཕྲད།

“རྟ་རྒན་ལགས། མཛོ་མོ་དཀར་མོ་མཐོང་བྱུང་ངམ།”

“མཐོང་མ་བྱུང་།”རྟ་རྒན་གྱིས་གུས་པ་དང་བཅས“ཁྱོད་ཀྱིས་ངའི་རྒྱབ་ལ་ལན་ཞིག་མི་འཕྲུག་གམ”ཞེས་དྲིས་བྱུང་།

ལྗི་བས“ང་ལ་ཁྱོད་ཀྱི་རྒྱབ་འཕྲུག་པའི་ཁོམ་པ་ག་ལ་ཡོད།ངས་མཛོ་མོ་འཚོལ་དགོས”ཞེས་བཤད་དེ་བུད་སོང་། དེ་ལྟར་ཁོ་རང་སོང་སོང་མཐར་ཐང་ཆེན་པོ་ཞིག་ཏུ་སླེབས། དེ་ཡི་དཀྱིལ་དུ་ཆུ་ཕྲན་ཞིག་གྱ་གྱུའི་ངང་ནས་བཞུར་གྱིན་འདུག་ལ། ཆུའི་ཕ་རོལ་གྱི་ཁང་པ་དམའ་མོ་དེའི་སྒོ་ན་རྒན་མོ་མགོ་སེ་ཞིག་གིས་སྐུད་པ་འཁེལ་བཞིན་འདུག

“ཕ་རི་ཁང་པ་ཆུང་ཆུང་གི། །ནང་བཞུགས་རྒན་མོ་མགོ་སེ་མ། ། མཛོ་མོ་དཀར་མོ་ཨེ་མཐོང་ལགས། །”ལྗི་བས་མོ་ལ་གླུ་དེ་ལྟར་བླངས་པ་ན། རྒན་མོས“ཚུར་ཤོག ཇ་ཞིག་འཐུངས་དང་། མཛོ་མོ་དཀར་མོ་མཐོང་སོང”ཞེས་བཤད་བྱུང་།

ལྗི་བ་ཤིན་ཏུ་དགའ་ནས་རྒན་མོ་མགོ་སེ་ཚང་ལ་སོང་ནས་ཇ་འཐུངས་པ་ན། རྒན་མོས“ང་ཆུ་ལེན་དུ་འགྲོ་དགོས་པས་ཁྱོད་ཀྱིས་ཇ་འཐུང་ལ་སྡོད”ཅེས་བཤད་དེ་ཁང་སྒོའི་ཕྱི་ལ་ཕྱིན་སོང་།

ལྗི་བས་ཇ་འཐུང་ཞོར་དུ་ཡར་མར་ལ་བལྟས་པ་ན། མོས་ཁྱིམ་དུ་གཡུ་བྱུར་མང་པོ་བཞག་ཡོད་པ་མཐོང་ནས་མགྱོགས་པོར་དེ་དག་རིམ་དུ་བཅུག་ནས་བསྡད། རྒན་མོ་ཕྱིར་ཁྱིམ་དུ་སླེབས་པ་ན། ཁོ་མོས་ལྗི་བའི་གདོང་ལ་ཅེར་ཏེ“སྐ་རགས་ཤིག  སྐ་རགས་ཤིག”ཅེས་བཤད་བྱུང་ལ། ལྗི་བས་ཡ་ཡོ་མེད་པར་སྐ་རགས་བཤིག་པ་ན། རུམ་ནས་གཡུ་བྱུར་ཚང་མ་ཤག་སྒྲ་དང་བཅས་ཐང་ལ་ལྷུང་སོང་བས། རྒན་མོས་ཤིན་ཏུ་མ་རངས་པའི་ངང་ནས་ལྗི་བར་ཁྱི་སྐྱག་མགོ་གང་བཏགས་རྗེས་མཛོ་མོ་དཀར་མོ་བསྟན་ཏེ་ཕ་ཡུལ་དུ་མངགས།

ཉིན་གུང་གི་ཉི་མའི་ཚ་གདུག་ཤིན་ཏུ་ཆེ་ལ། ས་སྟེང་གི་སྐྱེ་འགྲོ་ཡོངས་ཚ་བའི་སྡུག་བསྔལ་གྱིས་རབ་ཏུ་ཉོབ་འདུག་པའི་དུས་སུ། ལྗི་བ་ཡང་རྔུལ་ཆུ་འཕྱུར་བཞིན་རྫ་རྒྱལ་ཁྲ་ཕྱུག་གི་རི་འདབས་སུ་སླེབས་པ་ན། དེ་གར་རྟ་རྒན་རྔོ་བོ་དང་འཕྲད་བྱུང་།

“རྟ་རྒན་ལགས། ང་རི་སྐེད་བར་དུ་མི་ཁུར་རམ།”

“ཁྱོད་ཀྱིས་ངའི་རྒྱབ་ལ་མ་འཕྲུག་པས། ངས་ཁྱོད་ཁུར་མི་ཐུབ”རྟ་རྒན་གྱིས་མི་དགའ་བའི་ངང་ནས་དེ་ལྟར་བཤད།

དེ་ལྟར་རིམ་གྱིས་རི་མགོར་འགོས་ནས་སོང་བ་ན། ཁ་སྐོམ་ནས་མིད་པ་ཡང་གྱོང་སོང་། རི་སྐེད་དུ་སླེབས་པ་ན་ཆུ་མིག་ཅིག་དང་འཕྲད།

“ཆུ་མིག་ལགས། ང་ལ་ཆུ་ཁམ་གང་མི་སྟེར་རམ།”

“ཁྱོད་ཀྱིས་ང་མ་ཕྱགས་པས། ངས་ཁྱོད་ལ་འཐུང་དུ་མི་འཇུག”ཆུ་མིག་མ་དགའ་བའི་ཉམས་ཀྱིས་དེ་ལྟར་བཤད།

མཛོ་མོ་དེད་དེ་རི་མགོར་སླེབས་སྐབས། གློ་བུར་དུ་ཆར་བ་ཆེན་པོ་ཞིག་བབས་བྱུང་བས། ལྗི་བ་མྱུར་མོར་ལབ་ཙེ་ཡི་རྩར་སོང་ནས“ལབ་ཙེ་ལགས། ངས་འདི་ནས་ཆར་གཞའ་བྱས་ན་ཆོག་གམ”ཞེས་དྲིས།

“ད་ཅི་ཁྱོད་ཀྱིས་ང་མ་བརྩིགས་པས་ཁྱོད་འདིར་ཆར་གཞའ་བྱེད་དུ་མི་འཇུག”ལབ་ཙེ་ཡིས་མ་རངས་པའི་ཚུལ་དུ་དེ་ལྟར་བཤད།

ལྗི་བ་ཐབས་ཟད་དེ་ཆར་རླུང་ཇི་ལྟར་རྒོད་ནའང་མཛོ་མོ་དེད་དེ་རང་ཁྱིམ་ཕྱོགས་ལ་མི་འགྲོ་ག་མེད་བྱུང་།

གཉིས།  ཤིག

ཉིན་ཞིག་ལ་ཤིག་དང་ལྗི་བ་བཟའ་ཟླ་གཉིས་ཀའི་མཛོ་མོ་དཀར་མོ་སླར་ཡང་བོར་སོང་། ཉིན་དེར་ཤིག་གིས་མོ་རང་མཛོ་མོ་འཚོལ་དུ་འགྲོ་ཞེས་བཤད་དེ་ཕྱི་ལ་ཕྱིན་སོང་། ཁོ་མོ་གསེར་ལུང་བརྒྱུད་དེ་རྫ་རྒྱལ་ཁྲ་ཕྱུག་གི་རི་མགོར་སླེབས་པ་ན། དེ་གར་ཞིག་རལ་དུ་སོང་བའི་ལབ་ཙེ་ཞིག་དང་འཕྲད།

“ལབ་ཙེ་ལགས། མཛོ་མོ་དཀར་མོ་མཐོང་བྱུང་ངམ”ཤིག་གིས་གུས་པ་ཆེན་པ་དང་བཅས་དེ་ལྟར་དྲིས།

“མཐོང་མ་བྱུང་།”ལབ་ཙེ་ཡིས་གུས་པ་དང་བཅས“ཁྱོད་ཀྱིས་ང་རང་སླར་ཡང་མི་རྩིག་གམ”ཞེས་དྲིས་བྱུང་།

ཤིག་གིས་ལབ་ཙེ་དེ་ཡང་བསྐྱར་བརྩིགས་རྗེས་ལམ་ལ་ཆས་སོང་།

རི་སྐེད་དུ་སླེབས་པ་ན་ཆུ་མིག་རྙོག་རོ་ཞིག་དང་འཕྲད།

“ཆུ་མིག་ལགས། ཁྱོད་ཀྱིས་མཛོ་མོ་དཀར་མོ་མཐོང་བྱུང་ངམ།”ཤིག་གིས་གུས་པ་ཆེན་པོ་དང་བཅས་དེ་ལྟར་དྲིས།

“མཐོང་མ་བྱུང་།”ཆུ་མིག་གིས་གུས་པ་དང་བཅས་ཏེ“ཁྱོད་ཀྱིས་ང་རང་ལན་ཞིག་མི་ཕྱགས་སམ”ཞེས་དྲིས།

ཤིག་གིས་ཆུ་མིག་དེ་གཙང་མར་ཕྱགས་རྗེས་ལམ་ལ་ཆས་སོང་།

རི་འདབས་སུ་སླེབས་པ་ན་རྟ་རྒན་རྔོ་བོ་ཞིག་དང་འཕྲད།

“རྟ་རྒན་ལགས། མཛོ་མོ་དཀར་མོ་མཐོང་སོང་ངམ།”ཤིག་གིས་གུས་པ་ཆེན་པོ་དང་བཅས་དེ་ལྟར་དྲིས།

“མཐོང་མ་བྱུང་།”རྟ་རྒན་གྱིས་གུས་པ་དང་བཅས“ཁྱོད་ཀྱིས་ངའི་རྒྱབ་ལ་ལན་ཞིག་མི་འཕྲུག་གམ”ཞེས་དྲིས་བྱུང་།

ཤིག་གིས་རྟ་རྒན་གྱི་རྒྱབ་ལ་ཡིད་ཚིམ་པ་ཞིག་འཕྲུག་རྗེས། མུ་མཐུད་དུ་ལམ་ལ་ཆས་སོང་། མོ་རང་དེ་ལྟར་སོང་སོང་མཐར་ཐང་ཆེན་པོ་ཞིག་ཏུ་སླེབས། དེ་ཡི་དཀྱིལ་དུ་ཆུ་ཕྲན་ཞིག་གྱ་གྱུའི་ངང་ནས་བཞུར་གྱིན་འདུག ཆུའི་ཕ་རོལ་གྱི་ཁང་པ་དམའ་མོ་དེའི་སྒོ་ན་རྒན་མོ་མགོ་སེ་ཞིག་གིས་སྐུད་པ་འཁེལ་བཞིན་འདུག

“ཕ་རི་ཁང་པ་ཆུང་ཆུང་གི། ། ནང་བཞུགས་རྒན་མོ་མགོ་སེ་མ། ། མཛོ་མོ་དཀར་མོ་ཨེ་མཐོང་ལགས། །”ཤིག་གིས་མོ་ལ་གླུ་དེ་ལྟར་བླངས་པ་ན། རྒན་མོས“ཚུར་ཤོག ཇ་ཞིག་འཐུངས་དང་། མཛོ་མོ་དཀར་མོ་མཐོང་སོང ”ཞེས་བཤད་བྱུང་།

ཤིག་ཤིན་ཏུ་དགའ་ནས་རྒན་མོ་མགོ་སེ་ཚང་ལ་སོང་ནས་ཇ་ཞིག་འཐུངས་པ་ན། རྒན་མོས“ང་ཆུ་ལེན་དུ་འགྲོ་དགོས་པས་ཁྱོད་ཀྱིས་ཇ་འཐུང་ལ་སྡོད”ཅེས་བཤད་དེ་ཆུ་ལེན་དུ་ཕྱིན་སོང་།

ཤིག་གིས་ཇ་འཐུངས་ནས་བསྡད། རྒན་མོ་ཕྱིར་ཁྱིམ་དུ་སླེབས་རྗེས་ཤིག་གི་གདོང་ལ་ཅེར་ཏེ“སྐ་རགས་ཤིག སྐ་རགས་ཤིག”ཅེས་བཤད་བྱུང་བས། ཤིག་གིས་མྱུར་མོར་སྐ་རགས་བཤིག་པ་ན། ཁོ་མོའི་རུམ་ལས་ས་ལ་ཅི་ཡང་མ་ལྷུང་བས། རྒན་མོ་ཤིན་ཏུ་དགའ་ནས་ཤིག་ལ་གཡུ་བྱུར་མགོ་གང་བཏགས་རྗེས་མཛོ་མོ་དཀར་མོ་བསྟན་ཏེ་ཕ་ཡུལ་དུ་མངགས།

ཉིན་གུང་གི་ཉི་མའི་ཚ་གདུག་ཤིན་ཏུ་ཆེ་ལ། ས་སྟེང་གི་སྐྱེ་འགྲོ་ཡོངས་ཚ་བའི་སྡུག་བསྔལ་གྱིས་རབ་ཏུ་ནོན་པའི་དུས་སུ། ཤིག་ཡང་རྔུལ་ཆུ་འཕྱུར་བཞིན་རྫ་རྒྱལ་ཁྲ་ཕྱུག་གི་རི་འདབས་སུ་སླེབས་པ་ན་རྟ་རྒན་རྔོ་བོ་དང་འཕྲད།

“རྟ་རྒན་ལགས། ང་རི་རྐེད་བར་དུ་མི་ཁུར་རམ།”

“ལོས་ཁུར། ཁྱེད་ཀྱིས་ངའི་རྒྱབ་ལ་འཕྲུག་པ་མ་ཡིན་ནམ།”རྟ་རྒན་གྱིས་ཤིག་རི་རྐེད་བར་ཁུར།

རི་སྐེད་དུ་སླེབས་པ་ན་ཆུ་མིག་ཅིག་དང་འཕྲད།

“ཆུ་མིག་ལགས། ང་ལ་ཆུ་ཁམ་གང་མི་སྟེར་རམ།”

“ལོས་སྟེར། ཁྱོད་ཀྱིས་ང་ཕྱགས་པ་མ་ཡིན་ནམ།”ཆུ་མིག་གིས་དགའ་བའི་ཉམས་ཀྱིས་དེ་ལྟར་བཤད།

མཛོ་མོ་དེད་དེ་རི་མགོར་སླེབས་སྐབས། གློ་བུར་དུ་ཆར་བ་ཆེན་པོ་ཞིག་བབས་བྱུང་བས། ཤིག་ནི་མྱུར་མོར་ལབ་ཙེ་ཡི་རྩར་སོང་ནས“ལབ་ཙེ་ལགས། ངས་འདི་ནས་ཆར་གཞའ་བྱས་ན་ཆོག་གམ”ཞེས་དྲིས་པ་ན།ལབ་ཙེ་དགའ་སྤྲོ་ཆེན་པོ་དང་བཅས“ལོས་ཆོག  ཁྱོད་ཀྱིས་ང་རང་བརྩིགས་པ་མ་ཡིན་ནམ”ཞེས་བཤད།

ཆར་བ་ཐང་རྗེས་མཁའ་མཐའ་ནས་འཇའ་ཚོན་སྣ་ལྔ་རིམ་གྱིས་ཤར་བྱུང་། འཇའ་སྣེ་གསེར་ལུང་གི་ཆུ་བོས་གཞུང་ལ་ཤར་བ་ན། ལབ་ཙེས་ཚུལ་དེ་མཐོང་ནས“འཇའ་སྣེ་སྤང་ལ་ཟུག་ན་སྤང་མ་ཐེད་བར་དུ་འབབ། །འཇའ་སྣེ་ཆུ་ལ་ཟུག་ན་ཆུ་མ་སྐམ་བར་དུ་དྲོ།  །”ཞེས་བཤད།

ཤིག་གིས་ལབ་ཙེ་ལ་བདེ་འཚམ་ཞུས་རྗེས། མཛོ་མོ་དེད་དེ་དགའ་སྤྲོ་དང་བཅས་རང་ཁྱིམ་ལ་ཆས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།