ཀྲུང་གོ་བོད་ཀྱི་དྲ་བ།

རྩྭ་ཐང་གི་གཏམ་རྒྱུད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཁྱུང་ཐར་རྒྱལ།   སྤེལ་དུས། : 2019-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དང་པོ།

ཨ་ཁུ་ཡིད་བཞིན་གྱིས་རེ་ལྡེ་ཁྲ་ཁྲས་བཟོས་ཤིང་ལྷ་སའི་ཕྲུག་ཆས་ཁ་རྒྱན་དང་ཞབས་ར་འཐེན་ནས་ཁྲ་ཁྲ་མ་ཁྲའི་སྣེ་ཚར་འཐེན་པའི་བསང་ཁུག་དེ་ཁུར་ནས་ལབ་ཙེ་ཁྲ་ལྡང་བསྙེགས་ཏེ་སོང་། ཞོགས་པའི་ཟིལ་རྩྭས་ཁོའི་པུས་མོའི་བར་ཕལ་ཆེར་རློན་པར་བྱས་ཤིང་རུས་རྐང་ལ་གྲང་འདར་ཕྲན་བུ་ཞིག་ཀྱང་བརྒྱབ།ལབ་ཙེ་ཁྲ་ལྡང་ནི་ཁོ་ཚང་གི་ཤར་ཕྱོགས་སུ་སྤྱི་ལེ་ལྔ་ཡིས་ཆོད་ཙམ་ན་ཡོད་ལ། ལབ་ཙེ་འདི་ཁོ་ཚང་གིས་མི་རབས་ནས་མི་རབས་བར་བསྟད་དེ་ཡོང་བ་ཞིག་ཡིན་ཞིང་།གནའ་ནས་ད་བར་དུ་ཁོ་ཚང་གི་སྐྱིད་སྡུག་ལེགས་ཉེས་ཐམས་ཅད་ལབ་ཙེ་འདི་ལ་བཅོལ་བ་ཡིན།ཡིན་ནའང་ལབ་ཙེ་འདི་ལ་ཅིའི་ཕྱིར་ཁྲ་ལྡང་ཞེས་འབོད་པའི་སྐོར་ཁོ་ཚང་གི་མེས་པོ་སུ་ལའང་བཤད་རྒྱུ་མེད་པར་མ་ཟད།ལོ་རྒྱུས་ཡིག་ཚངས་དག་ལས་ཀྱང་འདིའི་སྐོར་གྱི་ཚིག་འབྲུ་གཅིག་ཀྱང་མ་རྙེད།ཁོ་ཚང་གི་སློབ་གྲྭ་ཆེན་མོ་པ་གཅིག་པུ་སྟེ་བློ་བཟང་ཟླ་བས་ཚོད་དཔག་བྱས་པ་ལྟར་ན།ལབ་ཙེ་འདི་ཐོག་མར་བསྟོད་དུས་ཟ་འོག་གི་གོས་ཆེན་དང་།ལྡ་ལྡི་སོགས་ནོམ་པ་ཁྲ་ཁྲ་མ་ཁྲ་མང་པོས་ན་བཟའ་བསྐོན་པའི་ཆ་ནས་ཁྲ་ལྡང་ཞེས་ཐོགས་པ་ཡིན་ངེས་ཟེར།གང་ལྟར་ཡང་ལབ་ཙེ་ཁྲ་ལྡང་ནི་མཐོ་རྒྱུ་དམའ་རྒྱུ་མེད་པའི་སོ་དེའུ་གོང་མའི་རྩེར་ཀྲོང་ངེར་འགྱིང་འདུག་ལ།མདང་ནུབ་ཆར་བ་སམ་སིམ་ཞིག་བབས་པའི་རྐྱེན་གྱིས་དེ་རིང་གང་སར་སྨུག་པ་འཐིབས་ཏེ་རེས་གསལ་རེས་མོག་གི་ཡུལ་ལྗོངས་རབ་རིབ་ཅིག་ཏུ་གྱུར་འདུག ཨ་ཁུ་ཡིད་བཞིན་གྱིས་ལབ་ཙེའི་ཉེ་འདབས་ཀྱི་ཁྱིམ་ཚང་ཞིག་ནས་ཨོང་བ་སྒྱེ་ལྟེབ་ཅིག་བསླངས་ཏེ་མེ་ཁ་གསོས་ཤིང་། དེ་ནས་ཤུག་པ་སྤར་ཆག་ཅིག་བསང་མགོར་བཞག་སྟེ་ལྷ་བསང་བཏང་བྱུང་།

“མཆོད་ཨོཾ་ཨཱ་ཧཱུྃ།མཆོད་བླ་མ་ཡི་དམ།སངས་རྒྱས་བྱང་སེམས།དཔའ་བོ་མཁའ་འགྲོ།ཆོས་སྐྱོང་སྲུང་མ།ཡུལ་ལྷ་གཞི་བདག།ས་འདིའི་ས་བདག་གནས་བདག་ཨ་མ་ཚང་། ཨ་མ་ཕ་མ་འདྲ་བོ།ཨ་མ་བླ་མ་འདྲ་བོ།ཡོད་དུས་མཆོད་ཀྱིན་ཡོད།མེད་དུས་བཀུར་གྱིན་ཡོད……”

“ཀི……ཨ་ཕ།ཀ……ལུག་ཁྱུར་སྤྱང་ཀི་བརྒྱུགས་བྱུང་།”སྐབས་དེར་སློབ་གྲྭར་གནང་བ་བྱིན་ཏེ་ཡུལ་ལ་ལོག་ནས་ཉིན་གཅིག་གི་ལུག་རྫི་བྱས་པའི་ཁོ་ཚང་གི་སློབ་གྲྭ་ཆེན་མོ་པ་བློ་བཟང་ཟླ་བས་དེ་ལྟར་ཀི་རིང་ཀི་སྐོར་བྱས།

“ཅི་ཟེར།ཁ་ཐལ་བས་གཅོད་རྒྱུ་འདིས་ཅི་ཞིག་ཟེར་གྱིན་འདུག”ཨ་ཁུ་ཡིད་བཞིན་གྱིས་དེ་ལྟར་ཁེར་ལབ་བྱེད་བཞིན་ཉེ་འགྲམ་གྱི་ཁོ་ཚང་གི་ལུག་ཁྱུ་ཡོད་སར་སོང་བ་ན།བློ་བཟང་ཟླ་བ་ད་སོ་མ་སྤྱང་ཀིས་བསད་པའི་མ་མོ་གཉིས་ཀྱི་བེམ་རོའི་གམ་ན་བླ་འཁྱམས་པ་ལྟར་འགྲེང་འདུག

སྐབས་དེར་ཏག་ཏག་སྤྱང་རྒན་ཞིག་ཁོ་གཉིས་ཀྱི་སྔུན་ནས་མངོན་བྱུང་།

“དངོས་སུ་ཞལ་བསྟན་བྱུང་།འུ་ཚང་གི་ཨ་མའི་མཐུ་འདི་འདྲ་མྱུར་བ་ཞིག་ཡིན།ཕྱག་འཚོལ་ཡ་ཕྱག་འཚོལ།”ཨ་ཁུ་ཡིད་བཞིན་ལ་བྲེལ་འཚུབ་དང་དད་པ་མཉམ་དུ་སྐྱེས་ཤིང་།བསྟུད་མར་ཕྱག་གསུམ་འཚལ་ཏེ་ཧད་ནས་འདུག་པའི་བློ་བཟང་ཟླ་བར་བལྟས་བྱུང་།བློ་བཟང་ཟླ་བ་ད་དུང་ཧད་ནས་འདུག་ལ་ཨ་ཕའི་བྱ་བྱེད་ལ་གོ་བ་ཧ་ཅང་ལོན་དཀའ་བར་གྱུར།ཨ་ཁུ་ཡིད་བཞིན་གྱིས་མུ་མཐུད་དུ་བཤད་རྒྱུར།

“སྤྱང་ཀི་ནི་འུ་ཚང་གི་སྲུང་མ་ཨ་མ་ཚང་གི་བཅིབ་པ་ཡིན།འུ་ཚོས་འདིར་སྤྱང་ཀི་ཞེས་འབོད་མི་རུང་བར་ཨ་མ་ཞེས་འབོད་དགོས།ཨ་མ་ཚང་གི་མཐུ་དང་འཕྲིན་ལས་ཧ་ཅང་མྱུར།དེ་རིང་དངོས་སུ་ཞལ་བསྟན་པ་འདི་ཡག་པོ་རེད་ཨང”ཟེར།

“ཨ་ཕ། མ་མོ་འདི་གཉིས”བློ་བཟང་ཟླ་བས་ཚོད་ཚོད་ལ་དེ་ལྟར་ཨ་མ་དང་འབྲེལ་བ་ཡོད་པ་འདྲ་ལ་མེད་པ་འདྲ་བའི་དྲི་བ་ཞིག་འཕངས།

གཉིས་པ།

ཨ་ཁུ་ཡིད་བཞིན་གྱིས་དེ་རིང་ཁོ་ཚང་གི་རྒྱུག་རྟ་གྲོ་སེར་ཁྲིད་ཡོད་ཅིང་སོ་དེའུ་གོང་མར་སོང་སྟེ་ལྷ་བསང་ཆེན་པོ་བསང་དུད་ཀྱིས་ནམ་མཁའ་བཀང་བ་ཞིག་བཏང་ཞིང་།དུང་དཀར་རྒྱང་འབུད་ལན་གསུམ་དང་མཐུད་འབུད་ལན་གསུམ་བྱས།ཁོའི་སེམས་སུ་ད་ལོའི་རྟ་རྒྱུག་སྟེང་གྲོ་སེར་གྱིས་ཨང་དང་པོ་ལེན་ངེས་སྙམ།རྒྱུ་མཚན་ནི་ཨ་མ་ཚང་གིས་དངོས་སུ་ཞལ་བསྟན་པས་ཡིན།

ཉེ་བའི་ལོ་འདི་འགར་ག་ས་གང་དུ་ཆེ་ཆུང་དང་རྣམ་པ་མི་འདྲ་བའི་རྟ་རྒྱུག་དར་མགོ་བརྩམས།རྟ་རྒྱུག་ལ་སྤྲོ་བ་ཡོད་པའི་མི་རྣམས་ཀྱིས་རང་རང་ས་ནས་རྩ་འཛུགས་བྱས་ཏེ།ཁྲི་སྒོར་རྟགས་མའི་རྟ་རྒྱུགས་དང་འཕྲུལ་རྟ་རྟགས་མའི་རྟ་རྒྱུག རྐྱང་རྒོད་གཡེར་བ་རྩོད་པ་སོགས་རྣམ་པ་འདྲ་མིན་མང་པོའི་རྟ་རྒྱུག་བྱུང་། ད་ཐེངས་ཀྱི་འདི་ནི་འཕྲུལ་རྟ་རྟགས་མའི་རྟ་རྒྱུག་ཡིན་ཞིང་།ཨང་དང་པོའི་བྱ་དགར“ཝུའུ་ཡང”རྟགས་ཅན་གྱི་འཕྲུལ་རྟ་ཞིག་ཡོད།

“ཞི་ལུ།ཁྱོད་རྫོང་དུ་སོང་ལ་རྒྱ་མ་ལྔ་བཅུ་ཅན་གྱི་འབྲས་ཡག་པོ་ཞིག་ཉོས་ཏེ་ཤོག གྲོ་སེར་གྱིས་འབྲས་མ་ཟོས་པར་ཡུན་རིང་འགོར་སོང་།”ཨ་ཁུ་ཡིད་བཞིན་གྱིས་བློ་བཟང་ཟླ་བར་དེ་ལྟར་བཅོལ་གདམས་བྱས་རྗེས་རྟ་ཕོ་གྲོ་སེར་ཁྲིད་དེ་རྩེ་ཆུའི་ཁར་ཁྲུས་བྱེད་དུ་སོང་། ཁོས་སྲབ་མདའ་རིང་ཐག་བྱས་ཏེ་གྲོ་སེར་རྩེ་ཆུའི་ནང་ཐེངས་འགར་འཕངས་ནས་ཁྲུས་བྱས་ཤིང་།སྲབ་མདས་འཐེན་ཏེ་ཆུ་ཁར་བུད་པ་དང་གྲོ་སེར་གྱིས་གསིག་རྡེབ་ལན་འགའ་བྱས་པས་རྟ་རྒྱབ་ཀྱི་ཆུ་ཐིགས་དག་བསིལ་ཆར་ལྟར་གང་སར་འཐོར་ནས་ཁོ་རང་གི་ལུས་དང་ངོ་གདོང་ཡང་རློན་པར་བྱས།ཨ་ཁུ་ཡིད་བཞིན་གྱིས་གདོང་གི་ཆུ་ཐིགས་འབྱིན་བཞིན་མིག་ཟུང་ལ་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ཏེ་གྲོ་སེར་ལ་བལྟས་འདུག

“གཡང་བླ་བོ།སྐད་ཆ་བཤད་མ་ཤེས་པ་མ་གཏོགས་མི་ཞིག་དང་ཅི་ཁྱད་ཨང·····”ཨ་ཁུ་ཡིད་བཞིན་གྱིས་དེ་ལྟར་ཁེར་ལབ་བྱས་ཤིང་ཚུགས་ཀར་བལྟས་ན་རྟོགས་པ་ཡ་མཚན་ཞིག་སད་པ་ལྟ་བུའི་ཉམས་སྣང་འདུག གནམ་གཤིས་རིམ་གྱིས་འགྱུར་མགོ་བརྩམས་པས་ཨ་ཁུ་ཡིད་བཞིན་གྱིས་རྟ་ཕོ་གྲོ་སེར་ཁྲིད་དེ་མྱུར་མོར་ཡུལ་ལ་ལོག་ནས་ཁེབས་དྲོན་པོ་ཞིག་བརྒྱབ་པ་དང་གནམ་གཤིས་ཇེ་འཁྱག་ལ་སོང་ཚེ་རྟ་ཕོ་དྲོས་འཁྱག་ཏུ་འགྲོ་སྲིད་ཟེར།

སྐབས་དེ་ཤེད་དུ།  བློ་བཟང་ཟླ་བས་འབྲས་ཉོས་ནས་ཐོན་ཞིང་ཨ་ཁུ་ཡིད་བཞིན་གྱིས“རྟ་ཕོ་འབྲས་ཀྱིས་གསོ་བ་འདི་སྔོན་ཆད་ནས་དར་བ་ཞིག་མིན་མོད།དེང་སང་རང་སྡེ་ཕྲ་མོ་འདིར་མཚོན་ན་གང་ཞིག་ནས་དར་བའང་མ་ཤེས་བར།ད་ལྟ་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད་པར་མ་ཟད།རྒྱུག་རྟ་ཞིག་ཡིན་ན་ངེས་པར་འབྲས་ཀྱིས་གསོ་དགོས་པའི་དར་སྲོལ་དེ་འདྲ་གསར་པ་ཞིག་ཆགས་འདུག”ཟེར་བཞིན་རྟ་ཕོ་གྲོ་སེར་གྱི་འཚོ་བའི་ཆུ་ཚད་ཇེ་མཐོར་བཏང་།ཡིན་ནའང་རྟ་ཕོ་གྲོ་སེར་གྱིས་ཡང་ནས་ཡང་དུ་སྣ་སྦྲིད་ལྟ་བུ་ཞིག་བརྒྱབ་ནས་འདུག་པ་ལས་གསོ་འབྲས་ཁམ་གང་ཡང་མི་ཟ།ཨ་ཁུ་ཡིད་བཞིན་ལ་བྲེལ་འཚུབ་ལངས་བྱུང་།

“ཞི་ལུ་རྒྱུགས། ཁྱོད་སོང་ནས་སྨན་པ་བོས་ཤོག གྲོ་སེར་ལ་དྲོས་འཁྱག་བྱུང་བ་འདྲ།དེ་རིང་ངས་ཁྲུས་བྱས་པ་དེ་འགྲིག་མ་སོང”ཟེར།ཨ་ཁུ་ཡིད་བཞིན་གྱིས་སྨན་པ་ཟེར་བ་ནི་སྔགས་པ་དམ་ཆོས་ལ་བཤད་པ་ཡིན་ཏེ་སྔགས་པ་དམ་ཆོས་ཀྱིས་སྡེ་བའི་ཟོག་སྨན་གྱི་འགན་ཁུར་ཡོད་ཅིང་།ཁ་ཙེ་དང་ཟོག་ལུག་གི་བཤལ་རྙིང་ལ་སོགས་གང་ལ་གང་འཚམས་ཀྱི་སྨན་བཅོས་རེ་བྱེད་པ་ཡིན།བློ་བཟང་ཟླ་བ་འཐད་ལ་མི་འཐད་ཀྱིས་སྨན་པ་འབོད་དུ་སོང་།ཅུང་མ་འགོར་བར་ཁོས་སྔགས་པ་དམ་ཆོས་ཁྲིད་ནས་ཐོན་ལ།ཨ་ཁུ་ཡིད་བཞིན་གྱིས་ཨ་ཁུ་སྨན་པར་འབོད་པའི་སྔགས་པ་དམ་ཆོས་ཀྱིས་བརྟག་དཔྱད་སོགས་ཅི་ཡང་མེད་པར་གྲོ་སེར་ལ་གནམ་ཁབ་ཅིག་བརྒྱབ་བྱུང་།

གསུམ་པ།

དེ་རིང་ནི་ལབ་ཙེ་བསྟོད་པའིི་ཉིན་མོ་ཡིན་ལ་སྡེ་བ་འདིའི་ཕོ་ལྟེ་ཐོགས་ཙམ་ཞིག་མ་བསྡད་པར་ལབ་ཙེ་ཁྲ་ལྡང་བསྟོད་དུ་སོང་།ལབ་ཙེ་བསྟད་རྗེས་སྲོལ་རྒྱུན་ལྟར་རྟ་རྒྱུག་བྱེད་མགོ་བརྩམས།ཨ་ཁུ་ཡིད་བཞིན་ཚང་གི་རྟ་ཕོ་གྲོ་སེར་ནི་རྒྱུག་སྐོར་གསུམ་པ་ཞིག་ལ་ཁེལ་འདུག ལྟད་མོ་བའམ་སྡེ་མི་སྐོར་ཞིག་གིས་རྟ་སྐོར་བཙན་པོ་ཞིག་ལ་ཁེལ་འདུག་ཟེར་མོད།ཨ་ཁུ་ཡིད་བཞིན་གྱིས་བལྟས་ན་གསུར་ཚང་བྱ་ནག་མ་གཏོགས་དྲག་གི་བསམས་འདུག རྟ་སྐོར་གསུམ་པ་མགོ་བརྩམས་མ་ཐག་རྟ་བདག་རྣམས་ཀྱིས་ཀི་རིང་ཀི་སྐོར་བྱས་ཏེ་རང་གི་གཞི་བདག་དང་སྲུང་མ་བོས་ཤིང་།རླུང་རྟ་ཤོག་ཆག་ཤོག་ཆག་བྱས་ཏེ་བར་སྣང་མཐོན་པོའི་དབྱིངས་སུ་སྤུར་ཅིང་ལག་པའང་དགུང་ལ་གཡུག་གིན་འདུག འདི་ནི་སྨི་ལྔ་སྟོང་གི་འགྲན་སྐོར་ཡིན་ཞིང་རྒྱུག་གིན་རྒྱུག་གིན་གྲོ་སེར་རིམ་བཞིན་རྗེས་སུ་ལུས།ཨཁུ་ཡིད་བཞིན་གྱིས“ཨ་མ་ཕ་མ་འདྲ་བོ།ཨ་མ་བླ་མ་འདྲ་བོ།ཡོད་ན་དེ་རིང་ཡིན་ལ།མེད་ནའང་དེ་རིང་ཡིན།”ཞེས་སྒྲོག་བཞིན་སྐད་མགོ་ཇེ་དམའ་རུ་གྱུར་ཅིང་།དགུང་ལ་གཡུག་བཞིན་པའི་ལག་པའང་ཇེ་དམའ་ནས་ཇེ་དམའ་རུ་གྱུར་ཏེ་རིམ་གྱིས་གཞོགས་གཡས་སུ་དྲུད་བྱུང་། གསུར་ཚང་བྱ་ནག་གིས་སྔར་ལོ་ཇི་བཞིན་འགྲན་ཡ་རྣམས་ཐག་ཚད་ཅིག་ནས་བསྐྱུར་ཏེ་སྔར་བཞིན་ཨང་དང་པོ་བླངས་པ་དང་།རྟ་བདག་དང་ཉེ་མི་རྣམས་ཀྱིས་ཀི་བཏབ་ནས་དཔའ་དར་འཐེན་པར་མ་ཟད།བྱ་ནག་ལ་ཁ་བཏགས་འཐེན་པ་དང་རིན་ཐང་མི་འདྲ་བའི་གོས་ཆེན་སྣ་ཚོགས་ཀྱིས་གཡོགས་ཏེ་སྔ་དྲོ་ཨ་མྱེས་ཁྲ་ལྡང་བསྟད་པ་ལས་ཀྱང་གཟབ་རྒྱས་ཆེ་བའི་སྟོན་ཆེན་ལྟ་བུ་ཞིག་བྱས།ཨ་ཁུ་ཡིད་བཞིན་ནི་ད་སོ་མ་གཡུལ་ས་ནས་ཐོན་པའི་ཕམ་དམག་ཅིག་དང་འདྲ་བར་ངོ་མདོག་ཡོངས་སུ་ཤོར་ཏེ།གྲོ་སེར་ཁྲིད་ནས་རིམ་བཞིན་མི་ཚོགས་ཀྱི་མཐའ་རུ་བུད།ལུག་ཁྱུ་སྐོར་དུ་སོང་བའི་བློ་བཟང་ཟླ་བ་བྲེལ་འཚུབ་ཀྱིས་ཕྱིར་ཐོན་པ་དང“ཨ་ཕ། ཡང་ཨ་མས་མ་ལུག་བཞི་བསད་འདུག”ཅེས་ཡར་ཞུ་བྱས།

“ཨ་ཙི།དེ་རིང་ཡང་བསད་སོང་ངམ།ད་ཅིག་འགྲིག་གི་མེད་པ་འདྲ།ཨ་མ་ཚང་དགའ་ཡི་མེད་པ་ཁོ་ཐག་རེད།དེ་རིང་གྲོ་སེར་ཡང་ཨང་གྲལ་ལ་ཐོན་མ་སོང”ཟེར་བཞིན་ཐོད་པར་མདུད་ལོག་ཅིག་བརྒྱབ་སྟེ་འདང་རྒྱག་ཅིག་གི་ནང་དུ་ལྷུང་ཞིང་།ཡུད་ཙམ་ནས་གོ་རྟོགས་ཅི་ཞིག་སད་པ་ལྟར།“གཙོ་བོ་བསང་མཆོད་ཀྱིས་མ་འདང་བ་ཡིན་ངེས།ད་དུང་ལྷ་མོའི་བསྐང་གསོལ་རྒྱས་པ་ཞིག་ཀྱང་འདོན་དགོས་འདུག”ཟེར།

“ཨ་ཕ། གཙོ་བོ་སྤྱང་ཀི་དེ་དག་མེད་པར་མ་བྱས་ཚེ།ད་དུང་ལུག་ཁྱུར་བརྒྱུགས་ནས་གསོད་ངེས་ཡིན།”བློ་བཟང་ཟླ་བས་དེ་ལྟར་སྨྲས་པ་ན།ཨ་ཁུ་ཡིད་བཞིན་ནམ་ཕ་རྒན་ཁ་སྤོ་ཁ་ནས་ལངས་ཤིང་ཞེ་སྤོ་གཏིང་ནས་ལངས་ཏེ།“ཅི་ཟེར།ཁ་ཚོགས་མ་བསགས་པ་འདི་ཚོ་ཨང”ཟེར་བཞིན་སྡིགས་དམོད་བྱེད་མགོ་བརྩམས།ཨ་ཁུ་ཡིད་བཞིན་གྱིས་འདི་ཚོ་ཟེར་བ་ནི་ཁོང་གི་བཤད་སྟངས་ཤིག་ལས།དྲང་མོར་བཤད་ན་སྡིགས་དམོད་བྱེད་ས་བློ་བཟང་ཟླ་བ་གཅིག་པུ་ལས་མི་འདུག

“སུ་ཞིག་གིས་རང་གི་སྲུང་མར་སྤྱང་ཀི་ཞེས་འབོད་བཞིན་འདུག འུ་ཚང་གི་ཕ་མེས་ཡང་མེས་རིང་ནས་བཟུང་རང་གི་སྲུང་མར་ཨ་མ་ཞེས་བོས་ཏེ་ཡོང་བ་རེད།”

“... ...”བློ་བཟང་ཟླ་བར་གྲག་འགུལ་ཅི་ཡང་མེད་པར་ཁ་རོག་གེར་བསྡད་བྱུང་།

“སང་ཉིན་ནས་བཟུང་ཨ་མ་ཟེར་བ་ལས་སྤྱང་ཀི་ཞེས་པའི་ཚིག་གཅིག་ཀྱང་ཡོང་མི་ཆོག སུ་ཞིག་གིས་རང་གི་ལྷ་དང་སྲུང་མར་སྤྱང་ཀི་ཞེས་འབོད་ཀྱིན་འདུག ངོ་མ་དཔེ་བསགས་པ་རེད”ཨ་ཁུ་ཡིད་བཞིན་གྱི་ངོ་མདོག་ཀྱང་འགྱུར་གྱིན་འདུག བསིལ་རླུང་འཇམ་པོ་ཞིག་དལ་བུར་ལྡང་ཡོང་སྟེ་ཁོ་གཉིས་ཀྱི་གདོང་ལ་འཁྱག་བསིལ་བསིལ་གྱི་ཚོར་བ་ཞིག་བྱིན། དེ་ནས་བཟུང་ཨ་ཁུ་ཡིད་བཞིན་གྱིས་ཉི་བཟང་སྐར་བཟང་ཞིག་བདམས་ཏེ་སྟོང་བསང་ཞིག་ཕུད་ནས་ཡུལ་ལྷ་གཞི་བདག་དང་རང་གི་སྲུང་མར་མཆོད་བསྟོད་རྒྱ་ཆེར་བྱས་ཤིང་སྔགས་པ་འགའ་བོས་ཏེ་ལྷ་མོའི་བསྐང་གསོལ་རྒྱས་པ་ཞིག་ཀྱང་བཏོན།བསམ་ཡིད་ལས་འདས་པ་ཞིག་ལ་མཚན་མོ་དེར་ཡང་ཏག་ཏག་ལུག་ཁྱུར་སྤྱང་ཀི་བརྒྱུགས་བྱུང་།ཞོགས་པ་དེར་བློ་བཟང་ཟླ་བ་སྒོར་བུད་ནས་གཅིན་གཏོང་བར་འགྲོ་དུས་ལུག་ལྷས་ནི་དམར་པོ་ཁྲག་ལ་བརྫིས་འདུག ཁོ་རང་བྲེལ་འཚུབ་ཀྱིས་ཕྱིར་བརྒྱུགས་ཡོང་སྟེ།“ཨ་ཕ། ལུག་ཁྱུར་སྤྱང... ...སྤྱང... ...ཨོ་མ་རེད། ཨ་མས་ལུག་ཁྱུ་ཁྲག་ལ་བརྫིས་འདུག”ཟེར།

“ཅི་ཟེར།ཨ་མས་ཅི་བྱས་སོང་།ཡ...མ་འཚབ་པར་གསལ་པོར་ཤོད་དང་།”ཨ་ཕ་ཡིད་བཞིན་གྱིས་སྤུ་ཚར་ཁམ་ནག་ཅིག་ལ་སྐ་རགས་བཅིངས་ཞོར་དལ་བྲེལ་མེད་པར་དེ་ལྟར་དྲིས།

“ཨ་མས་ཡང་འུ་ཚང་གི་ལུག་མང་པོ་བསད་འདུག”བློ་བཟང་ཟླ་བས་དེ་ལྟར་སྨྲས། ཨ་ཕ་ཡིད་བཞིན་མྱུར་མོར་སྒོར་སོང་སྟེ་ལྷས་རའི་ནང་དུ་བལྟས་པ་ན།ཨ་ཁ།ཁོ་ཚང་གི་སྐར་མ་སྟོང་ལྡན་དུ་འབོད་པའི་ལུག་ཁྱུ་དེ་དགོང་མ་གཅིག་གི་རིང་དམར་པོ་ཁྲག་ལ་བསྒྲེས་འདུག ཞིབ་རྩིས་བྱས་པ་ན་མ་ལུག་ཉེར་གཉིས་བསད་པས་མི་ཚད་མ་ལུག་བཅོ་ལྔ་ཙམ་རྨས་ཡོད།“ཁ་དམ་འདི།ད་ཐེངས་ཁ་དམ་ཐོན་པ་རེད།འདི་ཨ་མས་བསད་པ་ག་ལ་ཡིན།དཔེ་མི་སྲིད།”ཨ་ཕ་ཡིད་བཞིན་གྱིས་ཁ་ནས་ཅི་བྱུང་འདི་བྱུང་མེད་པར་དེ་ལྟར་སྨྲས་ཤིང་།སྡོད་མི་ཚུགས་པར་གྱུར་ཏེ་ཕར་འགྲོ་ཚུར་ཡོང་བྱས།

“རྒྱ་ཁང་འདིའི་ནང་ལ་འཛུལ་ནས་སྒོ་བརྒྱབ་ཚེ་ཕྱི་རོལ་གྱི་གྲག་འགུལ་ཅི་ཡང་ཐོས་མི་ཐུབ་པ་འདི་ཡང་སྐྱོན་ཆེན་པོ་ཞིག་རེད་ཡ།དེང་སང་མ་གཏོགས་སྔོན་ཆད་ཡིན་ན་རྫི་བོས་ལུག་ཁྱུ་བསྲུངས་ནས་ཉལ་ཡོད།ད་འདི་རེད།མདང་ནུབ་ཕྱི་རོལ་ན་གྲག་འགུལ་ཅི་འདྲ་མེད་དམ།འོན་ཀྱང་ང་ཚོས་ཟུར་ཙམ་ཡང་ཐོས་མ་བྱུང་།”ཨ་ཁུ་ཡིད་བཞིན་གྱིས་དེ་ལྟར་རྒྱ་ཁང་དུ་འབོད་པའི་གྱོ་མོག་གི་སྡོད་ཁང་གསར་པར་ཡང་ལེ་བདའ་བྱས་བྱུང་།

“ཨ་ཕ།དོན་དག་འདི་ཡུལ་ཚོ་སྲིད་གཞུང་ལ་སྙན་ཞུ་འབུལ་དགོས་སམ།”བློ་བཟང་ཟླ་བས་དེ་ལྟར་དྲིས།

“བླུན་རྒན།འདི་ཡུལ་ཚོ་སྲིད་གཞུང་ལ་གཏུགས་ནས་ཅི་བྱེད།རི་ཡུལ་གཉིས་ལ་གྲགས་མི་འགྲོའམ”ཟེར་བཞིན་ཡར་འགྲོ་མར་འགྲོ་འགའ་བྱས་པ་དང་རིམ་བཞིན་རང་ཉིད་རང་ལའང་ཡིད་ཆེས་ཀྱང་མེད་པ་ལྟ་བུར་གྱུར།

“འོ་ན།ཁ་དམ་དེ་དག་འདི་ལྟར་ཚེ་ཐར་དུ་གཏོང་རྒྱུ་ཡིན་ནམ།”

“ཁ་དམ་དེ་ཚོ་ཨང་།དངོས་གནས་སྙིང་ན་བ་ལ་ཨང་།ཡིན་ནའང་འདི་ནི་ཨ་མས་བསད་པ་ག་ལ་ཡིན།ཁ་དམ་གྱིས་བསད་པ་རེད།”ཨ་ཕ་ཡིད་བཞིན་གྱིས་ཡང་བསྐྱར་དེ་ལྟར་རང་གིས་ཨ་མར་འབོད་པའི་སྤྱང་ཚོགས་ལ་དག་སེལ་བྱས་བྱུང་།

བློ་བཟང་ཟླ་བས་ཇི་ལྟར་བསམ་བློ་བཏང་རུང་ཨ་མ་དང་ཁ་དམ་མམ་སྤྱང་ཀིའི་དབྱེ་བ་དང་ཁྱད་པར་གསལ་པོ་ཞིག་ཁོར་མ་བྱུང་།

སོ་དེའུ་གོང་མ་ན་ལབ་ཙེ་ཁྲ་ལྡང་ནི་ནག་ཡོར་རེར་ད་དུང་ཡང་ས་ཆེན་འདིར་ཉིན་གྱི་བྱ་ར་དང་མཚན་གྱི་མེལ་ཚེ་མཛད་ནས་བཞུགས་འདུག །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།