ལང་ཚོའི་མིག་ཆུ།

དེང་རབས་རྟགས་ཅན་གྱི་ཉེན་རྟོག་པའི་རླངས་འཁོར་གཉིས་མགྱོགས་མྱུར་ངང་སློབ་གྲྭའི་སྒོ་ཆེན་འཛུལ་ནས་ཐོག་བརྩེགས་རིམ་པ་བཞི་ཅན་ཞིག་གི་སྒོ་ཁར་ཧོལ་གྱིས་བསྡད་པ་དང་། ལུས་ལ་སྤྱི་བདེ་མི་སྣའི་ལྭ་བ་གྱོན་པའི་ཕོ་གསར་འགའ་མགྱོགས་མྱུར་ངང་རླངས་འཁོར་ལས་བབས་ཏེ། གཅིག་རྗེས་གཉིས་མཐུད་ཀྱིས་མདུན་གྱི་ཐོག་ཁང་དེའི་ནང་དུ་འཛུལ། ཐོག་ཁང་དེའི་གཡོན་ཕྱོགས་ཀྱི་གྱང་ངོས་སུ་སློབ་མའི་ཉལ་ཁང་ཨང་རྟགས་དྲུག་པ་ཞེས་པའི་སྒོ་བྱང་ཞིག་བཀལ་འདུག་ཅིང་། ཅུང་ཙམ་འགོར་རྗེས། ལག་སྒྲོག་བརྒྱབ་པའི་གསར་བུ་ཞིག་མི་གཉིས་ཀྱིས་གཉའ་ནས་བཙིར་ཏེ་ཕྱིར་ཐོན་བྱུང་ལ། མིག་རྡེབ་དབང་ཙམ་གྱིས་ཉེན་རྟོག་པའི་རླངས་འཁོར་དེ་བྱ་འཕུར་བ་ལྟར་སློབ་གྲྭའི་སྒོར་བུད་དེ་གཞུང་ལམ་དུ་ཞུགས་སོང།

སློབ་གྲྭའི་ནང་སྐད་ཅིག་དེ་ཉིད་ལ་བྱ་ཚང་དུ་རྡོས་བརྒྱབ་པ་ལྟ་བུའི་འུར་ཟིང་གིས་ཁེངས་སོང་ལ། མི་གང་མང་ཞིག་བསམ་དབང་དྲན་དབང་མེད་པར་བཏང་། གསར་བུ་དེ་སུ་ཡིན་པ་དང་། ཁོང་གིས་ཁྲིམས་འགལ་གྱི་བྱ་བ་ཅི་ཞིག་བྱས་སོང་བ་སོགས་ནི་མི་རྣམས་ཀྱིས་གླེང་མོལ་བྱེད་ས་ཉག་གཅིག་ཏུ་གྱུར།

གསར་བུ་དེ་དང་ཉལ་ཁང་གཅིག་ཡིན་ལ་སྐྲའི་ཁ་མདོག་དམར་སྨུག་ཏུ་བསྒྱུར་ཅིང་ལོ་ན་ཉི་ཤུ་ཡས་མས་ཙམ་ཡིན་པའི་ཕོ་གསར་ཞིག་གིས་ཡ་མཚན་དང་སེམས་འཁུར་གྱི་རྣམ་འགྱུར་ཞིག་བསྟན་ཏེ“བྱ་འདི། བསམ་འགྲུབ་ལ་ཅི་ཞིག་བྱུང་བ་ཡིན་ནམ”ཞེས་བཤད། དེའི་འགྲམ་དུ་ལངས་པའི་གསར་བུ་གཞན་ཞིག་གིས་བྱ་རྒོད་ཀྱི་གཤོག་ཟུང་བརྐྱངས་འདྲའི་ནག་ཅིང་སྟུག་པའི་སྨིན་མ་ཟུང་དེ་ཐོད་པའི་དཀྱུས་སུ་སྡུད་ཞོར་དུ་གཟབ་ནན་གྱིས“གོ་ཐོས་ལྟར་ན་བསམ་འགྲུབ་ཀྱིས་རྒྱ་མོ་ཞིག་ལ་བཙན་གཡེམ་བྱས་སོང་ཟེར”ཞེས་སྐད་དམའ་མོའི་ངང་དེ་ལྟར་བཤད། དེ་མུར་ཐོག་ཁང་གི་སྒོ་ཁར་ཚོགས་ཡོད་པའི་གསར་བུ་གཞན་དག་ནི་ཁ་གདངས་ཤིང་ཧ་ལས་པར་གྱུར། “འོ……མ་གཞི་དེ་འདྲ་ཞིག་རེད་དམ……ཨེ་ཡིན་ན།”ཚང་མའི་རྩིས་གཞི་དཀའ་མོ་ཞིག་གྲོལ་ཤེས་པ་ལྟར་དེ་ལྟར་ལན་ཞིག་བཏབ་ཅིང་། སླར་ཡང“འེ། བསམ་འགྲུབ་གན……”ཞེས་མགོ་རྔ་མེད་པའི་སྐད་ཆ་ཞིག་ཟློ་བཞིན་རིམ་གྱིས་ཐར་ཐོར་ངང་ཕྱིར་མལ་ཁང་དུ་ལོག་སོང་།

བསམ་འགྲུབ་ཀྱིས་ནམ་རྒྱུན་ལྟར་ཉལ་ཁྲིའི་ཐོག་ཏུ་གློ་ཉལ་བྱེད་བཞིན་ཀུ་ཤུ་རྟགས་ཅན་གྱི་ལག་ཁྱེར་ཁ་པར་བླངས་ཏེ་སྐད་འཕྲིན་གྱི་དྲ་ངོས་ཕྱེས་པ་དང་། ཡུད་ཙམ་ལ་བལྟས་རྗེས་ལག་ཁྱེར་ཁ་པར་སར་བཞག་སྟེ་བྱ་རྨྱང་ཞིག་བྱེད་ཞོར་དུ་ཡར་ལངས་ཤིང་། ལུས་ཡོངས་འགུལ་ཙམ་བྱས་རྗེས་སླར་ཡང་དུ་ནག་འཐེན་མཁན་ཞིག་དང་འདྲ་བར་སྔར་བཞིན་སྐད་འཕྲིན་གྱི་དྲ་བར་འཛུལ་བ་དང་། སུས་ཀྱང་ཁོང་ལ་འཕྲིན་བསྐུར་མེད་པ་མཐོང་འཕྲལ་ཅུང་ཡི་མི་རངས་པར་གྱུར་ཅིང་། དེ་མུར་སྐད་འཕྲིན་ལས་ཉེ་འཁོར་གྱི་མི་ཟེར་བའི་དྲ་ངོས་ཤིག་གི་ཁ་ཕྱེ་སྟེ་རང་ཉིད་ཀྱི་ཉེ་འཁོར་ན་ཡོད་ཀྱང་ངོ་མི་ཤེས་པའི་མི་དེ་དག་ལས་བུ་མོ་ཞིག་ཨེ་རྙེད་ལ་རེ་ལྟོས་བཙལ།

བུ་མོ་གཉིས་གསུམ་ཞིག་ལ་འཚམས་འདྲིའི་འགུལ་རིས་རེ་བསྐུར་ཞིང་། ཇ་ཡུན་ཙམ་འགོར་རྗེས་བུ་མོ་ཞིག་གིས་བསམ་འགྲུབ་ལ་ལན་བྱིན་སོང་ལ། བསམ་འགྲུབ་ནི་དེ་མ་ཐག་བ་མོ་མཐོང་བའི་བེའུ་ཞིག་དང་འདྲ་བར་བུ་མོ་དེ་དང་ཁ་གློང་ཅི་ཐུབ་བྱས། ཉིན་འགའ་འགོར་རྗེས་བསམ་འགྲུབ་དང་བུ་མོ་ཆ་མེད་དེ་གཉིས་ཀྱི་འབྲེལ་བ་ཆུ་དང་འོ་མ་འདྲེས་པ་ལྟར་ཕན་ཚུན་ལ་ཁ་འབྲལ་མི་ཐུབ་པ་འདྲ་སྟེ། བསམ་འགྲུབ་ཀྱིས་ཁ་པར་གྱི་ཤེལ་ངོས་ལ་བལྟས་ཏེ་ལན་རེར་གདོང་ལ་འཛུམ་ཞིག་རྒྱས་ཤིང་། སྐབས་སྐབས་སུ་ངུ་མ་དགོད་ཀྱི་བཟོ་ལྟ་ཞིག་སྟོན་པ་དང་། ཡང་མཚམས་མཚམས་སུ་སྐད་ཆེན་པོའི་ངང་དགོད་སྒྲ་ཞིག་ཀྱང་བསྒྲགས་ཡོང་། རྣམ་པ་དེ་ནི་བསམ་འགྲུབ་ལ་རྒྱུས་ཡོད་པ་ཞིག་གིས་མཐོང་ཚེ་ཁོ་ལ་ན་ཚ་འདྲ་ཕོགས་པ་མིན་ནམ་སྙམ་ཏེ་སེམས་འཁུར་བྱེད་ངེས་ཡིན་ལ། རྒྱུས་མེད་ཅིག་གིས་མཐོང་ཚེ་ཁོ་ནི་རྩ་མི་ཚང་བའི་སྨྱོན་པ་ཞིག་རེད་བསམས་ཏེ་འཕྱ་དམོད་མི་བྱེད་པའི་ངེས་པའང་མེད། འོན་ཀྱང་། བསམ་འགྲུབ་ཀྱིས་མི་གཞན་གྱིས་ཅི་ཞིག་བསམ་པ་དང་བཤད་པ་ལ་སྣང་འཇོག་བྱེད་ཀྱིན་མེད་ལ། དྲང་མོར་བཤད་ན་བསམ་འགྲུབ་ནི་སྐད་འཕྲིན་དུ་ངོ་ཤེས་ཀྱང་ངོ་འཕྲད་མ་མྱོང་བའི་བུ་མོ་ཞིག་གི་བརྩེ་དུང་གི་རྙི་ལ་ཚུད་ཡོད་པས་དོན་གཞན་དག་ལ་དོ་སྣང་བྱེད་པའི་ཁོམ་ལོང་ཞིག་ཀྱང་གང་ནས་ཡོད།

ཉིན་ཞིག་གི་ཕྱི་དྲོར། ཕན་ཚུན་ངོ་ཐུག་མ་མྱོང་རུང་བརྩེ་དུང་གི་མྱུ་གུ་སྔར་ནས་འབུས་ཟིན་པའི་ཆ་མེད་ཀྱི་དགའ་རོགས་ཤིག་གཞི་ནས་རྒྱལ་ས་པེ་ཅིན་གྱི་ཟ་ཁང་ཞིག་ནས་དུས་བཅད་ལྟར་ངོ་འཕྲད་བྱུང་། བསམ་འགྲུབ་ཀྱིས་ཟ་ཁང་གི་ཕུགས་ཀྱི་འདུག་ས་ཞིག་བླངས་ཏེ་བུ་མོ་དེ་དང་ཁ་གཏད་བྱས་ཏེ་བསྡད་པ་དང་། བུ་མོ་དེས་བསམ་འགྲུབ་ཀྱི་གདོང་ལ་ལྟ་བཞིན་འཛུམ་མདངས་ཤིག་ཕྱུང་བ་དང་། བསམ་འགྲུབ་ཀྱིས་ཀྱང་དགའ་བའི་སོ་ཕྲེང་ངོམ་བཞིན་ཉིན་གུང་གསར་དུ་བཞར་ཞིང་འོད་ཡུག་ཡུག་བྱེད་པའི་སྐྲ་ལོ་དེ་བྱང་ཆ་ལྡན་པའི་ངང་ལྟག་རྒྱབ་ཏུ་ལན་འགའ་ཤད་ཅིང་། རྒྱ་སྐད་ཀྱི་ལམ་ནས་ཞབས་ཞུ་བ་བོས་ནས་ཁ་གཏད་ཀྱི་སྐྱེ་གཟུགས་སྦྲུལ་ལྟར་ལྡེམ་མཉེན་གྱིས་ཕྱུག་ཅིང་། བྲང་གི་མྱོས་བུམ་ཟུང་ནི་རས་གོས་ཀྱིས་རང་ཉིད་ཀྱི་མཛེས་པ་བསྒྲིལ་བར་ཁོང་ཁྲོ་ལངས་པ་ཇི་བཞིན་ཕྱིར་འབུར་ཞིང་གཟེངས་སུ་བཏེགས་འདུག་པའི་བུ་མོ་དེའི་ལག་ཏུ་ཚལ་ཐོ་བཞག་སྟེ་ཟ་མ་འདེམ་དུ་བཅུག་པར། བུ་མོ་དེས་ཕྱིར་བསམ་འགྲུབ་ལ་འཛུམ་མདངས་དང་བཅས་ཏེ་རྒྱ་སྐད་ཀྱིས “ཁྱེད་ཀྱིས་ལྟོས་ནས་འདོམས་དང་། ང་ལ་ཁྱད་མེད”ཅེས་བཤད་པར། བསམ་འགྲུབ་ཀྱིས་ཀྱང་རང་ཉིད་ཀྱི་ལ་རྒྱ་འཆོར་མི་རུང་སྙམ་ཏེ་རིན་གོང་མཐོན་པོ་ཅན་གྱི་ཚལ་རིགས་དང་ཤ་རིགས་མང་པོ་ཞིག་བདམས་ཤིང་། བུ་མོ་དེར་བལྟས་ཏེ་ཅི་མི་སྙམ་པའི་རྣམ་འགྱུར་ཞིག་བསྟན་པ་ན། བུ་མོ་དེས་ཀྱང་ཕྱིར་བསམ་འགྲུབ་ལ་ཡིད་ཚིམ་པའི་བརྡ་ཞིག་བྱིན། ཁོ་གཉིས་ཀྱིས་ཟ་མ་ཟ་ཞོར་དུ་རང་རང་གི་དགའ་ཁ་འཁྱེར་སོ་དང་མ་འོངས་པའི་ཕུགས་བསམ་སོགས་ཀྱི་སྐོར་ནས་ཁ་བརྡ་བྱས། རིམ་གྱིས་བསམ་འགྲུབ་ནི་ཉན་མཁན་ཞིག་ནས་བཤད་མཁན་ཞིག་ཏུ་གྱུར་པ་དང་། དེ་དང་མཉམ་དུ་བུ་མོ་དེ་ནི་བཤད་མཁན་ཞིག་ནས་ཉན་མཁན་ཞིག་ཏུ་གྱུར། དུས་ཡུན་ཅི་ཙམ་ཞིག་འགོར་བ་མི་ཤེས་མོད། མུན་ཡོངས་སུ་རུབ་སྟེ་ཡོལ་བ་མཐུག་པོ་ཞིག་གིས་བསྒྲིབས་འདུག་པ་དང་། རིམ་གྱིས་ཟ་ཁང་ནང་གི་མི་ཉུང་ནས་ཉུང་དུ་གྱུར་ཞིང་། ཐ་མར་བསམ་འགྲུབ་དང་བུ་མོ་དེ་གཉིས་མ་གཏོགས་མི་གཞན་དག་ནི་སྔར་ནས་སོང་ཚར་བས་ཞབས་ཞུ་བས་ཁོ་གཉིས་འགྲོ་བར་བསྐུལ་པ་དང་། ཁོ་གཉིས་ནི་གཏམ་གླེང་གི་སྤྲོ་བར་འཐིམ་སྟེ་འགྲོ་འདོད་མེད་ཀྱང་མཐར་བསམ་འགྲུབ་ཀྱིས་ཟས་རིན་རྩིས་བརྒྱབ་རྗེས་ཁོ་གཉིས་ཟ་ཁང་གི་སྒོར་བུད་དེ་གཞུང་ལམ་དུ་གོམ་ཁ་བསྒྱུར།

བསམ་འགྲུབ་ཀྱིས་གྲོང་ཁྱེར་གྱི་མཚན་མོ་དེ་ནི་ཕ་ཡུལ་གྱི་མཚན་མོ་དང་བསྡུར་ན་ཧ་ཅང་འདུ་འཛིི་རྒོད་པར་སེམས་བཞིན་ཡོད་དེ། ཕ་ཡུལ་གྱི་མཚན་མོ་ནི་ས་རུབ་པ་ན་ཉིན་གཅིག་གི་ལས་ཀ་སྣ་ཚོགས་ལ་བྲེལ་བའི་བཟའ་མི་དག་རང་ཁྱིམ་གྱི་གོ་ཁར་རུབ་ནས་ནུབ་འཚལ་འཐུང་བཞིན་ཡོད་ལ། ནུབ་འཚལ་འཐུང་རྗེས་བརྙན་འཕྲིན་ལ་ལྟ་བ་དང་བུད་མེད་རྣམས་ཀྱིས་ཁ་ཏོན་རེ་འདོན་བཞིན་ཕྲེང་བ་བགྲངས་ནས་སོས་དལ་ངང་ཉིན་གཅིག་གི་ངལ་གསོའི་གོ་སྐབས་དེ་ལོངས་སུ་སྤྱོད་ཀྱིན་ཡོད། གྲོང་ཁྱེར་ནས་འོད་ལམ་ལམ་གྱི་སྐར་ཚོགས་མཐོང་བ་དཀོན་ཞིང་། རྒྱ་ལམ་ཡོངས་ནི་ཁ་དོག་སྣ་ལྔའི་གློག་སྒྲོན་བཀར་ཏེ་ཉིན་མོ་ལྟར་སྣང་ལ། རླངས་འཁོར་སྣ་ཚོགས་ཀྱི་ལྡིར་སྒྲ་དང་མདུན་ཕྱོགས་ཀྱི་རླངས་འཁོར་གཞན་དག་ལ་ལམ་གཟུར་བར་བསྐུལ་བའི་དུང་སྒྲ། དེའི་མ་ཟད་མི་ཚོགས་ཀྱི་དགོད་སྒྲ་དང་ཆོ་ངེའི་སྒྲ་རྣམས་ནི་གཅིག་ཏུ་བསྲེས་ཤིང་མཉམ་སྒྲོག་རོལ་དབྱངས་ཤིག་ཏུ་གྲུབ་སྟེ་རྣའི་བུ་གར་འཚང་ཁ་ཤིག་ཤིག་ངང་འཛུལ་ཡོང་། སྣང་ཚུལ་འདི་ལྟ་བུར་གོམས་ལོབས་སུ་གྱུར་པའི་བསམ་འགྲུབ་ནི་གསར་དུ་ངོ་ཤེས་བའི་བུ་མོ་དེ་དང་དཔུང་བ་གཤིབ་སྟེ་དལ་བུར་མདུན་དུ་སྐྱོད་བཞིན་མཆིས་ལ། ལན་རེར་བུ་མོ་དེའི་རྣ་རྩར་ཅི་ཞིག་ཤབ་ཤུབ་ཀྱིས་བཤད་རྗེས་གཉིས་ཀ་དགོད་སྒྲ་ཐག་གེར་གྱུར་ཏེ། བུ་མོ་དེས་ཕྱིར་བསམ་འགྲུབ་ལ་གཅེས་སློང་བའི་ཚུལ་གྱིས་ལག་པས་རྡེབ་ཙམ་བྱེད་པ་དང་། སླར་ཡང་ལག་པ་བསམ་འགྲུབ་ཀྱི་མཆན་བར་ལ་འཇུས་ཤིང་མགོ་བོ་ཁོའི་དཔུང་བར་ཁེན་ནས་འགྲོ།ངོ་མ་བསམ་འགྲུབ་དང་བུ་མོ་དེ་གཉིས་ནི་རྫ་དཔལ་སྤྲུལ་གྱི《གཏམ་པད་མའི་ཚལ་གྱི་ཟློས་གར》ཞེས་པའི་ནང་གི་གསེར་གྱི་སྦྲང་ཆུང་པདྨའི་འདབ་ཡངས་དང་གཡུའི་སྦྲང་ཆུང་པདྨའི་ངག་སྙན་མིའི་གཟུགས་སུ་སྤྲུལ་བ་དང་གཉིས་སུ་མེད་ལ། གཞན་ཡང་རྒྱ་གར་གྱི་རྒྱལ་པོ་རཱ་མ་ཡ་ཎ་དང་མཛེས་མ་སི་ཏཱ་གཉིས་ཀྱི་བརྩེ་དུང་ཡང་འདི་ལས་མ་འདས་པ་ཞིག་གང་ནས་ཡིན་སྙམ་པའི་འཁྲུལ་སྣང་ཞིག་ཀྱང་འགོག་མེད་དུ་སྦྱིན་ཡོང་།

དུས་ཚོད་གཅིག་ཙམ་ལ་སོང་རྗེས། མགྲོན་ཁང་ཞིག་གི་སྒོ་ཁ་ནས་བསམ་འགྲུབ་ཀྱིས་གོམ་པ་སྤོ་མཚམས་བཞག་བྱུང་། དྲང་མོར་བཤད་ན་བསམ་འགྲུབ་ཀྱིས་ཀྱང་མགྲོན་ཁང་ཞིག་གང་ན་ཡོད་དམ་སྙམ་ནས་འཚོལ་བཞིན་ཡོད་ལ། འདོད་པའི་མེ་ལྕེ་ལྷབ་ལྷུབ་ཏུ་འབར་བའི་མིག་ཟུང་གིས་བུ་མོ་དེའི་མིག་གཉིས་ལ་གཡོ་མེད་དུ་ལྟ་བཞིན་ཉམས་ལ་བརྟགས་ཤིང་མགྲོན་ཁང་ནང་དུ་ཁྲིད་རྩིས་བྱས་པར། བུ་མོ་དེའང་རུས་པ་མེད་པ་ལྟར་ལུས་པོ་འཁྱར་འཁྱོར་ཞིག་བྱེད་ཞོར་བསམ་འགྲུབ་ཀྱི་ལག་པར་འཇུས་ནས་ནང་དུ་འཛུལ།

སྒོ་བརྒྱབ་པའི་ཁྲོག་སྒྲ་དང་འགྲོགས་ཏེ་བསམ་འགྲུབ་དང་བུ་མོ་དེ་ནི་གཅིག་གིས་གཅིག་ལ་འཐམ་ཞིང་མཆུ་སྦྱོར་བྱེད་པ་དང་། བསམ་འགྲུབ་ནི་འདོགས་ཐག་ལས་ཤོར་བའི་གླང་རྒན་ཞིག་ལྟར་བུ་མོ་དེ་ཉལ་ཁྲི་ཐོག་ལ་མནན་ཏེ་རྔུལ་ཆུ་ཕྲོམ་ཕྲོམ་ངང་ལུས་ཀྱི་ག་ཤེད་ཅིག་ཏུ་ཤུགས་ཀྱིས་འཚང་།

ཉི་འོད་ཀྱི་ཟེགས་མ་ནི་པྲ་ཆལ་གྱི་བྱིས་པ་དག་དང་མཚུངས་པར་སྒེའུ་ཁུང་གི་དྲ་ཡོལ་སྲུབས་ནས་ཁང་བའི་ནང་ལ་འཛུལ་ཏེ་བྱ་དངོས་ཡོད་ཚད་སྣང་བར་བྱས་ཤིང་། བུ་མོ་དེ་ནི་ཆེ་ཆུང་རན་ཞིང་བལྟས་ཚོད་ཀྱིས་གྲ་དག་པའི་ཁང་མིག་དེའི་རྐུབ་སྟེགས་ཤིག་ཏུ་རྒྱབ་བསྙེས་ཤིང་པུས་བཙུགས་སུ་བསྡད་དེ་ལག་ཁུག་དམར་པོ་ཞིག་ལས་མེ་ཆ་དང་ཕྲ་ཞིང་རིང་བའི་ཐ་མག་ཅིག་བླངས་ནས་བྱང་ཆ་ལྡན་པའི་ངང་མེ་བསྒོས་ཏེ། ཁ་དང་སྣ་ནས་དཀར་བོང་བོང་གི་དུ་བ་ཐོན་པར་བྱེད་ཅིང་། བསམ་འགྲུབ་ནི་རང་ཉིད་ཀྱིས་ཉིན་འདི་དག་ལ་སེམས་ལ་ཉར་བའི་འདོད་དོན་དེ་འགྲུབ་ཕྱིན་སྨྲ་མི་ཤེས་པའི་སྤྲོ་སྣང་ཞིག་གིས་ཁེངས་ནས་ད་དུང་གཉིད་དུ་ཡུར་འདུག

ཅུང་ཙམ་འགོར་རྗེས། བསམ་འགྲུབ་ཀྱིས་ལག་གཡས་པའི་ཕྱི་ལྟག་གིས་མིག་ལ་ཕུར་ཕུར་བྱེད་བཞིན་ཐ་མག་འཐེན་བཞིན་པའི་བུ་མོ་དེར་ལྟ་བཞིན་ཡིད་ཚིམ་པའི་ངང་དགོད་ཙམ་བྱེད་ཅིང་། སླར་ཡང་ལག་གཉིས་ཀྱིས་མགོ་ཐོག་གི་རྔ་ཕྱགས་ལྟར་གཟེངས་བའི་སྐྲ་ལོ་ལ་བྱུགས་བྱུགས་ལན་འགའ་བྱས། བུ་མོ་དེས་ཁོ་ལ་ཨ་ལན་ཙམ་ཡང་མི་སྟེར་བར་སྔར་བཞིན་ཐ་མག་འཐེན་བཞིན་མཆིས་ཤིང་། ཁང་མིག་ཆུང་ཆུང་དེའི་ནང་དུ་དུ་སྨུག་གིས་ཁེངས་ཏེ་དབུགས་ཀྱང་ལེན་དཀའ་བར་བྱེད་ལ། སྒོར་ཅོག་ཐོག་གི་ཐལ་ཕོར་ནང་དུ་ཐ་མག་འཐེན་འཕྲོ་ལྔ་དྲུག་ཙམ་སྤུངས་འདུག

“ང་ལ་སྒོར་མོ་སྟོང་བཞི་སྟེར་དགོས།”

“གལ་སྲིད་མི་སྟེར་ན། ངས་ཁྱོད་ཁྲིམས་ལ་གཏུགས་ནས་འཛིན་དུ་འཇུག་རྒྱུ།”

བུ་མོ་དེས་བསམ་འགྲུབ་ལ་འཇིགས་སྐུལ་བྱེད་པ་དང་འདྲ་བར་རྒྱ་སྐད་ཀྱིས་དེ་ལྟར་ལབ་པ་ན། བསམ་འགྲུབ་ཀྱིས་མོས་ཁོ་ལ་ཀུ་རེ་བྱེད་ཀྱིན་འདུག་སྙམ་ནས་ཁ་གནམ་ལ་འཁོར་ཏེ་ཧ་ཧ་ཧ་ཞེས་དགོད་བཞིན“སྟེར་སྟེར་སྟེར……སྒོར་མོ་སྟོང་བཞིའི་ཁར་ང་ཡང་རིན་མི་དགོས་པར་ཁྱོད་ལ་སྟེར”ཞེས་རྒྱ་སྐད་ཀྱི་ལམ་ནས་ཕྱིར་ལན་ཞིག་སྤྲད་པ་ན། བུ་མོ་དེ་ནི་ཅི་མི་སྙམ་པའི་ཚུལ་གྱིས“ང་ལ་སྒོར་མོ་སྟོང་བཞི་མ་གཏོགས་མི་དགོས”ཞེས་བཤད་རྗེས་ཐ་མག་འབྱིན་རྔུབ་ལན་འགའ་བྱས། གཏམ་དེ་ཐོས་འཕྲལ་བསམ་འགྲུབ་ཡང་འཚུབ་ཆ་ཅུང་ཙམ་ལངས་ནས“ངས་རྒྱུ་མཚན་ཅིའི་ཕྱིར་ཁྱོད་ལ་སྒོར་མོ་དེ་འདྲ་མང་པོ་ཞིག་སྟེར་དགོས།”བུ་མོ་དེས་ཕྱིར་ཁོ་ལ“མདང་དགོང་ཁྱོད་ཀྱིས་ང་ལ་བཙན་གཡེམ་བྱས་སོང”ཟེར།

“ཨ། ཅི་ཟེར། ངས་ཁྱོད་ལ་བཙན་གཡེམ་བྱས་སོང་།”

“འོ་ལེ།”

“ཁྱོད་ཡང་རང་འཐད་བྱུང་བ་མིན་ནམ།”

བུ་མོ་དེ་ནི་ཤྭ་བ་རྙི་ལ་འཛིན་མཁན་གྱི་རྔོན་པ་ཞིག་དང་འདྲ་བར་རྒྱལ་ཁའི་འཛུམ་མདངས་ཤིག་ངོམ་བཞིན“ང་ཡིད་འཐད་ཡིན་ན་ཅི་རེད། གལ་སྲིད་ཁྱོད་ཀྱིས་ང་ལ་སྒོར་མོ་མི་སྟེར་ན། ངས་ཉེན་རྟོག་པར་ང་ལ་བཙན་གཡེམ་བྱས་སོང་ཟེར་ནས་ཁྱོད་རང་འཛིན་དུ་འཇུག་རྒྱུ”ཞེས་སླར་ཡང་འཇིགས་སྐུལ་གྱི་ཚུལ་དུ་དེ་ལྟར་བཤད་པ་ན། བསམ་འགྲུབ་ནི་རང་ཉིད་མི་གཞན་གྱི་གཡོ་འོག་ཏུ་ཚུད་པ་ཚོར་བ་དང་། དེ་བས་ཀྱང་བཟོད་གླགས་བྲལ་བ་ནི་གཞན་གྱིས་ཁོང་གི་ལྷད་མེད་ཀྱི་བརྩེ་བར་རྡོག་བརྫིས་བཏང་སོང་སྙམ་ཏེ། ཁ་སྤོ་ཁ་ནས་ལངས་ཤིང་། ཞེ་སྤོ་གཏིང་ནས་ལངས་ཏེ་ཁ་ནས“ཨ་བ་ཨ་མ……གནའ་ཤི་བོ”ཟེར་བཞིན་རྒྱུག་མ་འདུར་གྱིས་བུ་མོ་དེའི་མདུན་ལ་མཆོངས་ཤིང་ལག་གཡས་པས་བུ་མོ་དེའི་སྐྲ་ནས་བཟུང་ཞིང་ཁ་ནས“འཆལ་མོ། ད་ཁྱོད་ཀྱིས་ང་ལ་རྩེ་སྤྱད་བྱོས་ཡ”ཟེར་བཞིན་ལག་གཡོན་པས་བུ་མོ་དེར་འགྲམ་ལྕག་ཚ་ཐག་ཆོད་པ་གཉིས་གསུམ་ཙམ་གཞུས་པ་ན། བུ་མོ་དེས་ཕག་བཤའ་བ་ལྟ་བུའི་སྐད་ངན་འབྱིན་བཞིན་ངུ་ཤུམ་བྱེད་ཅིང་། སྣ་ཁྲག་དང་སོ་ཁྲག་གིས་ལུས་ཡོངས་སྦགས་ཤིང་། ཕར་བལྟས་ཚོད་ཀྱིས་ཅི་འདྲའི་ཚབས་ཆེན་ཞིག་རེད་ཨང་སྙམ་ཡོང་། དེ་མུར་བུ་མོ་དེས་དབུགས་འཚངས་ནས་སྐད་ཡང་དབྱུང་མི་ཐུབ་པ་ལྟར་ངུ་ཤུམ་བྱེད་བཞིན“མི་དགོས……མི་དགོས……ང་ལ་སྒོར་མོ་མི་དགོས”ཞེས་བསམ་འགྲུབ་ལ་ཞུ་བ་བྱས་པ་ན། བསམ་འགྲུབ་ཀྱིས་ཀྱང་ཁོང་ཁྲོ་ཅུང་ཙམ་ཞི་བ་ལྟར་ལག་པ་གློད་ཅིང་། ཉལ་ཁྲིའི་སྣེ་མོ་ནས་སྨྲ་བ་ཅི་ཡང་མེད་པར་འདང་རྒྱག་ཅིག་ཏུ་ལྷུང་།

བུ་མོ་དེ་ནི་སྤྱང་ཀིའི་སྡེར་འོག་ནས་ཐར་བའི་ལུ་གུ་ཞིག་དང་མཚུངས་པར་སྒོར་ཅོག་ཐོག་གི་ལག་ཁུག་དམར་པོ་དེ་བཟུང་ཞིང་ཁ་ཁྲག་དང་སྣ་ཁྲག་གིས་སྦགས་པའི་ལྭ་བའང་མ་བརྗེས་པར་མགྱོགས་མྱུར་ངང་གཡུལ་ས་ལྟ་བུའི་ཁང་མིག་དེའི་ཕྱིར་བུད་དེ་དགྲ་བོ་ལྟ་བུའི་བསམ་འགྲུབ་དང་ཁ་གྱེས།

བུ་མོ་དེ་སོང་ཤུལ་དུ་བསམ་འགྲུབ་ནི་རྨི་ལམ་ལྟ་བུའི་དོན་དེ་དག་ལ་ཧ་ལས་ཤིང་། རང་གི་དེ་སྔོན་གྱི་རྩུབ་སྤྱོད་དེ་ལའང་འགྱོད་གདུང་ཞིག་སྐྱེས།

མགྲོན་ཁང་ལས་བུད་རྗེས་བསམ་འགྲུབ་ནི་བླ་འཁྱམས་པ་ལྟར་སློབ་གྲྭའི་ནུབ་སྒོ་བརྒྱུད་ནས་སློབ་མའི་ཉལ་ཁང་ཨང་རྟགས་དྲུག་པ་ཞེས་པའི་སྒོ་བྱང་བཀལ་ཡོད་པའི་ཐོག་ཁང་ཅིག་གི་ནང་ལ་འཛུལ་བ་དང་། ཧ་ལམ་གནས་དེ་ནི་གྲོང་ཁྱེར་འདིར་ཡོད་པའི་ཁོ་རང་གི་སྡོད་ས་ཉག་གཅིག་དེའང་ཡིན་པ་འདྲ། མལ་གྲོགས་དག་གིས་ཁོ་རང་ནང་དུ་ཡོང་བའང་མ་ཚོར་བ་ལྟར་རང་རང་གི་ལས་སྣ་ཚོགས་ལ་བྲེལ་བཞིན་མཆིས། ཁོ་ཐད་ཀར་ལྷམ་ཡང་མ་ཕུད་པར་ཉལ་ཁྲིའི་ཐོག་ཏུ་ལོག་ནས་གཉིད་དུ་ཡུར།

“ཝེ། ཝེ། ཡར་ལོངས།”སྤྱི་བདེ་མི་སྣ་ཞིག་གིས་བསམ་འགྲུབ་ཀྱི་དཔུང་མགོར་རྡེབ་བཞིན་དེ་ལྟར་བཤད། བསམ་འགྲུབ་ཀྱིས་སུ་ཞིག་གིས་རང་གི་གཉིད་སྐྱིད་པོ་དེ་དཀྲོགས་སོང་བསམས་ནས་སུན་སྣང་དང་བཅས་ཏེ“ཅི་ཞིག་བྱེད་བཞིན་ཡོད”ཟེར་བཞིན་མིག་ཕྱེས་ཏེ་ལྟ་ཙམ་བྱས་པ་ན་མིག་མདུན་དུ་སྤྱི་བདེ་མི་སྣའི་ལྭ་བ་གྱོན་པའི་མི་འགས་རང་གི་མཐའ་བསྐོར་ནས་ཡོད་པ་མཐོང་འཕྲལ་ཁོག་སྟོད་ཡར་དགྱེ་ཤིང་། སྙིང་གི་ལྡིང་ཚད་ནི་མདངས་དགོང་བུ་མོ་དེ་མཐོང་བ་ལས་ཀྱང་མགྱོགས་སུ་ཕྱིན་པ་དང་། འཇིགས་སྐྲག་གིས་ཁེངས་ནས་གདོང་ཡོངས་སྐྱ་སིང་ངེར་གྱུར།

“ཁྱོད་བསམ་འགྲུབ་ཨེ་ཡིན།”

“ཡིན།”

“འོ་ན། ཁྱོད་ང་ཚོར་འགྲོགས་ནས་སྤྱི་བདེ་ཅུས་ལ་འགྲོ”ཞེས་སྤྱི་བདེ་མི་སྣ་ཞིག་གིས་རྒྱ་སྐད་ཀྱི་ལམ་ནས་དེ་ལྟར་ཟེར་བཞིན་བསམ་དབང་དྲན་དབང་མེད་པར་བསམ་འགྲུབ་ཀྱི་ལག་པ་གཉིས་མདུན་དུ་འཐེན་ནས་ལག་སྒྲོག་བརྒྱབ། བསམ་འགྲུབ་ཀྱིས“ངས་ནག་ཉེས་ཅི་ཞིག་བསགས་སོང་། ཅིའི་ཕྱིར་ང་བཟུང་བ་ཡིན”ཞེས་ཧ་ལས་པའི་ངང་དེ་ལྟར་བཤད་པ་ན། དེའི་ཁྲོད་ཀྱི་མི་གཅིག་གིས“བུ་མོ་ཞིག་གིས་ཁྱོད་ཀྱིས་མོར་བཙན་གཡེམ་བྱས་སོང་ཞེས་ང་ཚོ་སྤྱི་བདེ་ཅུས་ལ་གཏུགས་བྱུང”ཞེས་ལན་བྱིན་པར། བསམ་འགྲུབ་འཚབ་འཚུབ་ཏུ་གྱུར་ཅིང་ངག་མི་འཁྲོལ་པ་ལྟར“ངས་བུ་མོ་དེར་བཙན་གཡེམ་མ་བྱས། མོས་སྐྱག་རྫུན་ལབ་ཀྱིན་འདུག”ཅེས་བཤད་བཞིན་འགྱོད་གདུང་དྲག་པོ་ཞིག་སྐྱེས་ཏེ་དྭངས་གསལ་གྱི་མིག་གཉིས་མཆི་མས་ཁེངས་ཤིང་རྫིང་བུ་ལྟར་གྱུར་ཏེ། མཐར་མིག་ཆུ་རྡོག་པོ་རེ་རེ་ནི་མདང་དགོང་ཕྲོམ་ཕྲོམ་དུ་བཞུར་བའི་རྔུལ་ཆུ་དག་དང་འདྲ་བར་སར་ལྷུང་།

ཟླ་གཅིག་གི་རྗེས་སུ་པེ་ཅིང་གི་འབྲིང་རིམ་མི་དམངས་ཁྲིམས་ཁངAནས་ད་ཐེངས་ཀྱི་གྱོད་དོན་འདིར་འདྲི་རྟོག་ཞིབ་བཤེར་བྱས། ཁྲིམས་རའི་གོང་གི་ཁ་དོག་དམར་ནག་གཉིས་ཀྱིས་གྲུབ་པའི་ལས་རིགས་གྱོན་ཆས་ལུས་ལ་མནབས་པའི་ཁྲིམས་དཔོན་གསུམ་གྱི་གདོང་ལ་གཟབ་ནན་གྱི་ཉམས་ཞིག་བཏོད་ཅིང་ཚོགས་རའི་མི་གཞན་ཀུན་ལས་ལྷག་པའི་གཟི་མདངས་ཤིག་གིས་བརྟས་ནས་དྲང་བདེན་གྱི་རྒྱ་མའི་རི་མོ་བརྐོས་པའི་འདུག་སྟེགས་མཐོན་པོ་ཞིག་ཏུ་བསྡད་ཡོད་ལ། ཁྲིམས་རའི་གཡས་ཕྱོགས་སུ“གནོད་འཚེ་ཕོག་མཁན”གྱི་བུ་མོ་དེ་དང་གཞུང་གཏུགས་ལས་ཁུངས་ཀྱི་ཞིབ་དཔྱོད་པ་གསར་བུ་ཞིག་གདོང་ལ་ཡིད་ཆེས་དང་བཅས་ཏེ་བསྡད་ཡོད་ལ། ཞིབ་དཔྱོད་པས་རང་གི་ཀོ་བའི་ཁུག་མ་མདོག་ནག་པོ་ཡིན་པ་ཞིག་ལས་བདེན་དཔང་ཡིག་ཆ་དང་འདྲ་པར་མི་ཉུང་བ་ཞིག་མདུན་ཅོག་སྟེང་སྤུངས་ཏེ་མཁྲིག་མགོའི་ཆུ་ཚོད་ལ་ལྟ་ཙམ་ལྟ་ཙམ་བྱེད་ཅིང་ཁྲིམས་རའི་གོང་གི་ཁྲིམས་དཔོན་དག་ལ་ལྟ་བཞིན་ངོ་དགའི་འཛུམ་ཞིག་སྟོན་པ་ནི་སྦྱངས་འབྲས་ལེགས་པའི་སློབ་མ་ཞིག་གིས་འདྲི་གཞིའི་རྒྱུགས་ཤོག་ནམ་སྟེར་ལ་རེ་སྒུག་བྱེད་པ་དང་གཉིས་སུ་མེད།

ཅུང་ཙམ་འགོར་རྗེས་དམག་མི་གཉིས་ཀྱིས་བསམ་འགྲུབ་ཀྱི་ལག་པའི་གཡས་གཡོན་ནས་བསྐྱོར་ཏེ་ཁྲིམས་རའི་དཀྱིལ་གྱི་འདུག་སྟེགས་ཤིག་ལ་སྡོད་དུ་བཅུག་ཅིང་། ལྟག་རྒྱབ་ཀྱི་མི་ཚོགས་འདུག་ར་ནས་བུད་མེད་ཅིག་གིས“བསམ་འགྲུབ……བསམ་འགྲུབ……ངའི་ཞི་ལི”ཞེས་འབོད་པའི་སྒྲ་ཞིག་སྒྲོག་བཞིན་མིག་ཆུ་དབང་མེད་དུ་བཞུར་བྱུང་། སྒྲ་དེ་ཐོས་མ་ཐག་བསམ་འགྲུབ་ཀྱིས“ཨ་མ……ཨ་མ”ཞེས་མི་ཚོགས་ཀྱི་བར་ལ་རྒྱུག་གྲབས་བྱས་པ་ན། དམག་མི་གཉིས་ཀྱིས་བསམ་འགྲུབ་ཀྱི་ཕྲག་པ་གཡས་གཡོན་ནས་བཟུང་སྟེ་འདུག་སྟེགས་སྟེང་མར་མནན་པ་དང་། བསམ་འགྲུབ་ཀྱིས་མ་ཁར་སོ་འཆང་བྱེད་བཞིན་མགོ་བོ་བྲང་ཁར་བསྣར་བ་དང་། སྨྲ་མི་ཤེས་པའི་སྐྱོ་སྣང་ཞིག་གིས་ཁོའི་རྫིང་བུ་ལྟ་བུའི་མིག་ཀོང་དུ་མིག་ཆུ་རྡོག་པོ་མང་དུ་བསྐྱིལ་སོང་།

ཁྲིམས་རའི་གོང་ན་གཟབ་ནན་གྱི་ཉམས་ཤིག་ཕྱུང་ནས་ཙོག་ཡོད་པའི་ཁྲིམས་དཔོན་གྱིས་ཞུ་གཏུགས་མཁན་བུ་མོ་དེ་དང་ཞིབ་དཔྱོད་པ་དང་། གྱོད་པ་བསམ་འགྲུབ་དང་དེའི་ཁྲིམས་རྩོད་པ་བཅས་དུས་ལྟར་ཁྲིམས་རར་ཚོགས་པ་མཐོང་འཕྲལ་ཤིང་གིས་བཟོས་པའི་ཁྲིམས་ཐོ་དེ་ཤིང་གིས་བཟོས་པའི་གཞི་གདན་ཐོག་ལ་ཤུགས་ཀྱིས་བརྒྱབ་པ་ན་རྣར་གཟན་པའི་ཐྲོག་སྒྲ་ཅིག་གྲགས་པ་དང་མཉམ་དུ་ཚོགས་ར་ཡོངས་ནི་ཏབ་ཅིག་ལ་ཁུ་སིམ་མེར་གྱུར་ཅིང་། དེ་མུར་དཀྱུས་ན་ཡོད་པའི་ཁྲིམས་དཔོན་དེས“ཁྲིམས་རའི་ཚོགས་འདུ་ད་ལྟ་དངོས་སུ་མགོ་རྩོམ”ཞེས་གསལ་བསྒྲགས་བྱས་རྗེས་མདུན་ཅོག་སྟེང་གི་སྐད་སྦུག་གི་གློག་སྒོ་ཕྱེས་ཏེ་ཁྲིམས་རའི་སྒྲིག་ལམ་དང་མཉམ་འཇོག་བྱ་ཡུལ་དག་ཚར་གཅིག་བཀླགས་རྗེས། གནོད་འཚེ་ཕོག་མཁན་བུ་མོ་དེ་དང་གྱོད་པ་བསམ་འགྲུབ་གཉིས་ཀྱི་གཞི་རྩའི་གནས་ཚུལ་འདྲི་རྟོག་བྱས་པ་དང་། ཡང་དག་ཡིན་པ་ར་སྤྲོད་བྱུང་བ་ན་མགོ་བོ་ལྡེམ་ཙམ་བྱས་པ་དང་། གནོད་འཚེ་ཕོག་མཁན་གྱིས་མཁོ་སྤྲོད་བྱས་པའི་ཡིག་ཆ་དང་འདྲ་པར་དག་ལ་གཞིགས་ཏེ་ཁྲིམས་དཔོན་གྱིས་བསམ་འགྲུབ་ལ་བལྟས་ཏེ་ཁོང་གི་ཁ་གཏད་ཀྱི་བུ་མོ་དེ་སྟོན་བཞིན“གྱོད་པ། ཁྱོད་ཀྱིས་མོ་ངོ་ཨེ་ཤེས།”ཞེས་དྲིས།

“ངོ་ཤེས།”

“ནམ་ངོ་ཤེས་པ་ཡིན།”

“ཟླ་གཅིག་གི་སྔོན་ལ། ཟླ་ཚེས་གསལ་བོ་ཡིད་ལ་མི་དྲན་གི”

“འོ་ན། ཟླ་བཞི་པའི་ཚེས་གསུམ་ཉིན། ཁྱོད་ཀྱིས་ཞུ་གཏུགས་མཁན་བུ་མོ་འདིBམགྲོན་ཁང་གི་ཁང་མིག612ནང་བཙན་ཁྲིད་བྱས་ཏེ་བཙན་གཡེམ་བྱས་པ་ཨེ་བདེན།”“མིན། ངས་བཙན་གཡེམ་བྱས་པ་མིན། མོ་རང་འཐད་པ་བྱུང་བ་ཡིན”ཅེས་བསམ་འགྲུབ་ཀྱིས་ཚམ་ཚོམ་སྤུ་ཙམ་ཡང་མེད་པར་བདེན་ཅོག་ཅོག་གིས་དེ་ལྟར་ལན་བཏབ། ཁྲིམས་དཔོན་གྱིས་སླར་ཡང་གནོད་འཚེ་ཕོག་མཁན་གྱི་བུ་མོ་དེར་བལྟས་ཏེ“ཞུ་གཏུགས་མཁན། ཁྱོད་དང་གྱོད་པའི་བར་གྱི་འབྲེལ་བ་ནི་ཅི་ལྟ་བུ་ཡིན།”“སྤྱིར་བཏང་གི་ངོ་ཤེས་ཀྱི་འབྲེལ་བ་ཙམ་ལས་གཞན་ཅི་ཡང་མེད།”“གྱོད་པས་ཁྱོད་དང་ཁོ་གཉིས་ལུས་འབྲེལ་བྱུང་བར་ཁྱོད་ཡང་རང་འཐད་རེད་ཟེར་བ་བདེན་པ་ཨེ་ཡིན།”ཅེས་དྲིས་པར་བུ་མོ་དེས་གཏམ་དེ་ཐོས་མ་ཐག་གློ་བུར་དུ་སྐད་ཆེན་པོས་ངུས་ཤིང་ཁ་ནས“གང་ནས་ཡིན། ཁོང་གིས་སྐྱག་རྫུན་ལབ་ཀྱིན་འདུག”“ཁོང་གིས་ང་རང་མགྲོན་ཁང་ཞིག་ཏུ་བཙན་ཁྲིད་བྱས་ཏེ། ང་དང་ལུས་འབྲེལ་འབྱུང་འདོད་པར་ང་རང་གཏན་ནས་ཡིད་འཐད་མ་བྱུང་བས་ང་ལ་གཅར་རྡུང་དང་འཇིགས་སྐུལ་བྱས་ནས་བཙན་གཡེམ་བྱས་སོང”ཞེས་བཤད་པ་དང་ལག་ཁུག་དམར་པོ་ཞིག་ནས་གཙང་ཤོག་འགའ་བླངས་ཏེ་མིག་ཆུ་ཕྱིས། བུ་མོ་དེའི་རྗེས་མཐུད་ནས་ཞིབ་དཔྱོད་པས་ཀྱང་འདྲ་པར་འགའ་དང་སྨན་ཁང་གི་བདེན་དཔང་ཡི་གེ་ཞིག་ལ་མཛུབ་མོ་བཙུགས་ཏེ“བདེན་དཔང་ཡི་གེ་འདི་ནི་པེ་ཅིན་གྲོང་ཁྱེར་གྱི་མི་དམངས་སྨན་ཁང་ནས་ཐོན་པའི་དཔང་ཡིག་ཅིག་རེད། འདིའི་ནང་དུ་གནོད་འཚེ་ཕོག་མཁན་བུ་མོ་འདིའི་གསང་ལམ་དུ་གྱོད་པའི་ཁུ་བའི་ཐིག་ལེ་ཆགས་ཡོད་པ་ར་སྤྲོད་བྱས་འདུག”ཟེར་བཞིན་དཔང་ཡིག་དེ་ཁྲིམས་དཔོན་དང་བསམ་འགྲུབ་ལ་བསྟན། དེར་མཐུད་ནས་འདྲ་པར་འགའ་བསྟན་ནས“འདི་ནི་གྱོད་པའི་གནོད་འཚེ་ཕོག་མཁན་ལ་བཙན་གཡེམ་བྱེད་ཆེད་གཅར་རྡུང་བྱས་ཏེ་བཟོས་པའི་རྨ་ཁ་རེད”ཅེས་དངོས་སུ་ཡུལ་དངོས་ནས་མཐོང་བ་ལྟ་བུའི་གདངས་ཀྱིས་དེ་ལྟར་བཤད་དེ་ཁ་ལ་སྐྲང་འབུར་བྱུང་བའི་འདྲ་པར་འགའ་དང་མོའི་ཁྲག་གིས་སྦགས་པའི་ལྭ་བ་གྱོན་ཏེ་ལངས་པའི་འདྲ་སོགས་ཚོགས་རའི་མི་ཡོངས་ལ་བསྟན་པ་ན། མི་ཚོགས་ནི་སྦྲང་མའི་ཚོགས་ཀྱིས་མེ་ཏོག་ལ་ལྡིང་སྐོར་བྱེད་པ་ལྟར་ཕན་ཚུན་ལ་ལབ་གླེང་སྣ་ཚོགས་བྱེད་ཅིང་། བུ་མོ་དེར་གདུང་སེམས་སྐྱེས་པ་དང་བསམ་འགྲུབ་ལ་རང་གི་ཕ་གསོད་ཀྱི་དགྲ་བོ་ཡིན་པ་ལྟ་བུའི་སྡང་སེམས་ཤིག་ཀྱང་སྐྱེས་ཀྱིན་འདུག ཁྲིམས་རའི་གོང་ན་རྔམ་བརྗིད་དང་བཅས་ཏེ་བསྡད་ཡོད་པའི་ཁྲིམས་དཔོན་དེས་ཤིང་གི་ཁྲིམས་ཐོ་དེ་ཤིང་གི་གཞི་གདན་ཐོག་ལ་ཤུགས་ཀྱིས་ལན་འགའ་བརྡུངས་ནས་ཚོགས་ར་ཡོངས་སླར་ཡང་ལྷིང་འཇགས་སེར་བཏང་བ་ན། བསམ་འགྲུབ་ཀྱི་ཁྲིམས་རྩོད་པ་དེས“གྱོད་པའི་རང་ཉེས་ངོས་ལེན་གྱི་ཞུ་ཚིག་ལྟར་ན། གནོད་འཚེ་ཕོག་མཁན་གྱི་བུ་མོ་དེ་བསམ་འགྲུབ་དང་ལུས་འབྲེལ་བྱུང་བར་རང་འཐད་ཡིན་པར་མ་ཟད། དོན་དག་འགྲུབ་རྗེས་གྱོད་པའི་ལག་ནས་སྒོར་མོ་སྟོང་བཞི་བསླུ་ཆེད་གྱོད་པར་འཇིགས་སྐུལ་བྱས་པ་དང་། མཐར་གྱོད་པས་རང་གི་ཞེ་སྡང་གནོན་མ་ཐུབ་པར་བུ་མོ་དེར་འགྲམ་ལྕག་གཉིས་གསུམ་ཞིག་གཞུས་པ་རེད།”ཅེས་བཤད་པ་དང་། མི་ཚོགས་སླར་ཡང་གཡོ་འགུལ་ཆེན་པོ་ཐེབས་ཏེ་འུར་ཟིང་ངེར་གྱུར་ཞིང་། ཉན་མཁན་གང་མང་ཞིག་ནི་ཁ་གདངས་ཤིང་མིག་བགྲད་དེ་ལུས་པ་དང་། བསམ་འགྲུབ་ཀྱི་ཨ་མ་ནི་ལོགས་ཤིག་ཏུ་ལག་པ་གཉིས་ཀྱིས་ངོ་གདོང་བཀབ་སྟེ་སྐད་དམའ་མོས་ངུ་ཤུམ་བྱེད་བཞིན་ཡོད་ལ། བསམ་འགྲུབ་ཀྱི་ཨ་ཕ་ཡང་སྐྱོ་ཉམས་ཤིག་གིས་ཁེངས་ཏེ་ལག་གཡས་པས་ཕྲེང་བ་བགྲང་བཞིན་ངག་ནས་ཅི་ཞིག་ཟློ་བ་ལྟར་ཁ་ཤ་འགུལ་ཙམ་བྱེད་བཞིན་མཆིས།

“ཁྲིམས་རའི་ཞིབ་གཅོད་འཚོག་མཚམས་འཇོག་རྒྱུ་ཡིན།དེ་རིང་ཕྱི་དྲོའི་ཆུ་ཚོད་གཉིས་ཐོག་མུ་མཐུད་ནས་འཚོག་རྒྱུ་ཡིན”ཞེས་ཁྲིམས་དཔོན་གྱིས་དེ་ལྟར་བཤད་མ་ཐག་སླར་ཡང་ཤིང་གི་ཐོ་བ་དེ་ཤིང་གི་གཞི་གདན་ཐོག་ཏུ་རྡེབ་ནས་ཐྲོག་སྒྲ་དང་བཅས་ཏེ་ཚོགས་གྲོལ།

དྲོས་ཇ་འཐུང་རྗེས་མི་རྣམས་ཕྱི་དྲོར་ཅི་ལྟ་བུའི་བཅད་ཁྲ་ཞིག་འགོད་པར་སྤྲོ་བས་བརྟས་ནས་འཚང་ཁ་ཤིག་ཤིག་གིས་ཁྲིམས་རར་འཚོགས་ནས་འདུག་ས་བཟུང་སྟེ་བསྒུགས་འདུག དུས་ཚོད་གཅིག་ཙམ་འགོར་རྗེས་ཁྲིམས་དཔོན་དང་ཞིབ་དཔྱོད་པ། ཁྲིམས་རྩོད་པ། དེ་མ་ཟད་གནོད་འཚེ་ཕོག་མཁན་གྱི་བུ་མོ་དེ་དང་གྱོད་པ་བསམ་འགྲུབ་བཅས་སྔར་བཞིན་རང་གི་འདུག་སྟེགས་སུ་བསྡད་དེ་མཐའ་མཇུག་གི་བཅད་ཁྲ་ལ་བསྒུགས།

སླར་ཡང་ཐྲོག་སྒྲ་དང་བཅས་ཏེ་ཚོགས་ར་ཡོངས་ནི་ཁུ་སིམ་མེར་གྱུར་ཞིང་། ཁྲིམས་དཔོན་གྱིས་སྐད་མཐོན་པོས“ཁྲིམས་རའི་ཞིབ་གཅོད་ད་ལྟ་མུ་མཐུད་ནས་འཚོག་རྒྱུ་ཡིན”ཞེས་བཤད་པ་དང་། ཁྲིམས་རའི་ཕྱོགས་ཡོངས་ལ་ལྟ་ཙམ་བྱས་ཏེ་ཡུད་ཙམ་འགོར་རྗེས་མདུན་ཅོག་ཐོག་གི་སྐད་སྦུག་གི་གློག་སྒོ་ཕྱེས་ཏེ“གྱོད་པས་གནོད་འཚེ་ཕོག་མཁན་གྱི་འདོད་བློ་དང་འགལ་ཏེ་དྲག་ཤུགས་དང་བཙན་སྐུལ་གྱི་བྱེད་ཐབས་སྤྱད་ནས་གནོད་འཚེ་ཕོག་མཁན་ལ་བཙན་གཡེམ་བྱས་པའི་དོན་དག་དེ་བདེན་པ་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་དོན་ཚན་ཉིས་རྒྱ་སོ་དྲུག་པའི་དོན་ཚན་དང་པོ་དང་། དོན་ཚན་རེ་བདུན་པའི་གཏན་འབེབས་ལྟར་ཁྲིམས་བཅད་བྱས་པ་གཤམ་ལྟར།

“གྱོད་པ་བསམ་འགྲུབ་ཀྱིས་གཞན་ལ་བཙན་གཡེམ་གྱི་བྱས་ཉེས་བསགས་པར་ལོ་བཞིར་དུས་བཀག་བཙོན་འཇུག་བྱེད་པའི་ཁྲིམས་ཆད་བཅད་པ་ཡིན།”ཞེས་འདྲི་གཅོད་བྱས་འབྲས་ཁྱབ་བསྒྲགས་བྱས་པ་ན། མི་ཚོགས་ཀྱི་གསེང་ནས་བསམ་འགྲུབ་ཀྱི་ཨ་མས“ངའི་ཞི་ལི……”ཞེས་འབོད་བཞིན་དྲན་མེད་དུ་བརྒྱལ་ཞིང་། བསམ་འགྲུབ་ཀྱིས་ཁ་ཕྱིར་འཁོར་ནས“ཨ་མ། ཨ་མ།”ཟེར་བཞིན་གཡས་གཡོན་གྱི་དམག་མི་གཉིས་ཀས་འཇུ་འཐེན་བྱས་པ་ལས་ཤུགས་གང་ཡོད་བཏོན་ཏེ་ཐར་ཞིང་བྱ་འཕུར་བ་ལྟར་ཨ་མའི་གམ་དུ་བརྒྱུགས་ནས་ལུས་པོར་དཀྲུག་དཀྲུག་ལན་འགའ་བྱས་པ་དང་ངུ་ཤུམ་བྱས་ཏེ་ཅུང་ཙམ་འགོར་རྗེས་དམག་མི་དེ་གཉིས་ཀྱིས་སླར་ཡང་ཁོ་རང་འདྲུད་མ་འཐེན་གྱིས་ཁྲིད་སོང་ལ། བུ་མོ་དེ་ནི་ཅི་མི་སྙམ་པའི་ཉམས་ཤིག་བཏོན་ནས་མི་ཚོགས་ལས་ཕྱིར་བུད་ཅིང་། བསམ་འགྲུབ་ཀྱི་ཨ་ཕས་དྲན་པ་བརྒྱལ་བའི་ཆུང་མ་ཁུར་ཏེ་ཁྲིམས་རའི་སྒོར་བུད་ཅིང་། ཕྱོགས་གང་ལ་འགྲོ་དགོས་པའང་མ་ཤེས་པར་ཕར་འགྲོ་ཚུར་འོང་ལ་བྲེལ་བའི་མི་ཚོགས་ལ་མིག་རིག་རིག་ཏུ་ལྟ་བཞིན་ལུས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།