ཀྲུང་གོ་བོད་ཀྱི་དྲ་བ།

འབྲོག་ཐང་ནས་རྙེད་པའི་སྙན་ངག (ཚན་པ་ལྔ།)

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ​(མཚོ་ལྷོ)གངས་ཁ་བ།   སྤེལ་དུས། : 2019-07-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཡབ་ཡུམ་ཟུང་ལ་མཇལ་རྗེས།

ཨ་ཕའི་རྒས་གཉེར་གྱི་རི་མོ་རེ་རེས། ང་ལ་ལོ་ཟླ་རླུང་གིས་ཟོས་པའི་སྒྲུང་རིང་ཞིག་གི་སྒྱུ་རྩལ་འཆད་ཀྱིན་འདུག ཁོང་གི་སྒམ་བརླིང་དང་ཨུ་ཚུགས་ཀྱིས། ང་ལ་འཇིག་རྟེན་གྱི་གྲུ་ག་གཞན་ཞིག་སྟོན་གྱིན་འདུག རྣག་ཁྲག་དང་སེར་གས་ཁེངས་པའི་ཨ་མའི་ཕྱག་ཟུང་གིས། རྡོ་ལ་བརྐོས་པའི་འཇིག་རྟེན་གྱི་བསླབ་བྱ་ལེགས་ཤོས་དེ་གནང་གིན་འདུག བྱམས་བརྩེས་ཁེངས་པའི་སྤྱན་ཟུང་དང་དལ་ལྷོད་མེད་པའི་བརྩོན་འགྲུས་ཀྱིས། ང་ལ་འཇིག་རྟེན་གྱི་ཆེས་དྭངས་ཤོས་དང་ཟབ་ཤོས་དེ་གནང་གིན་འདུག

ལམ་བར་དུ་དཔྱིད་ཆར་བབས་པ།

བོབས་ཤིག བོབས་ཤིག སྟོབས་ཀྱིས་བོབས་ཤིག དྲག་ཏུ་བོབས་ཤིག གཞན་གྱི་མདུན་དུ་ཆག་ལ་ཉེ་བའི་ངའི་སྒལ་ཚིགས་འདི་ཁྲུས་ཤིག ཁ་ཡག་དང་གཞན་སྐྱོན་ལབ་པར་མཁས་པའི་ངའི་ཁ་འདི་ཁྲུས་ཤིག གོ་གནས་དང་སྙན་གྲགས་ཁོ་ནར་མཐོང་བའི་ངའི་མིག་འདི་ཁྲུས་ཤིག དངུལ་ལོར་དང་སྙན་པ་ཁོ་ན་གཉེར་བའི་ངའི་རྣ་གཤོག་འདི་ཁྲུས་ཤིག གཙང་མ་མིན་པའི་ངའི་ལག་པ་དང་བརྟན་པོ་མིན་པའི་ངའི་རྐང་པ་འདི་ཁྲུས་ཤིག མགོ་ནས་མཇུག་བར། ཕྱི་ནས་ནང་བར། མི་གཙང་པ་དང་ལྗན་ལྗིན་དག་ཁྲུས་ཤིག མི་མཛེས་པ་དང་མི་སྙན་པ་དག་ཁྲུས་ཤིག ཁྲུས་ཤིག ཡང་དང་བསྐྱར་དུ་ཁྲུས་ཤིག

བཙས་མ་ཐག་པའི་བེའུ་ཞིག་དང་ཕྲད་པ།

དཔྱིད་ཀ་ནི་རེ་བ་མཚོན་བྱེད་དུ་ངོས་བཟུང་ན

ཁྱོད་ནི་དཔྱིད་ཀར་བཞད་པའི་ལྗང་མྱུག་ཉག་གཅིག་རེད

ཤན་པའི་རལ་གྲི་མ་ཕྱར་གོང་ལ

ཁྱོད་ཉིད་གནམ་ལྡིང་ས་ལྡིང་བགྱི་རོགས

བདག་པོས་རྡང་ལ་མ་བཏགས་གོང་ལ

ཁྱོད་ཀྱིས་ངུར་སྐད་ལན་གསུམ་རྒྱག་རོགས

རང་བྱུང་ཁམས་སྔས་སུ་བྱས་ནས་ཁྱོད་ཀྱིས་རྨི་ལམ་ཐེངས་ཤིག་རྨི་རོགས

ཞིམ་མངར་ནུ་ཞོར་རོལ་བཞིན་ཁྱོད་ཀྱིས་ངལ་གསོ་ཐེངས་ཤིག་གནང་རོགས

ལམ་བར་དུ་བཞུར་བའི་ཆུ་སྒྲར་མཉན་རྗེས།

རོལ་དབྱངས་ཤིག་དཀྲོལ་འདྲའི་ཁྱོད་ཀྱི་དབྱངས་རྟས

ངའི་ངལ་དུབ་ཀྱི་རྡུལ་སྨུག་དྭངས་སོང

འོ་མ་ཞིག་བཏུང་འདྲའི་ཁྱོད་ཀྱི་རོ་བྲོས

ངའི་ལྟོགས་སྐོམ་གྱི་འཆིང་ཞགས་ལྷོད་སོང

རྟ་མཆོག་ཅིག་འདྲོགས་འདྲའི་བཞུར་རྒྱུན་གྱིས

ངའི་ཉེན་འཚུབ་ཀྱི་མདའ་ཁེབས་སྒུལ་སོང

མངར་བ། བསིལ་བ། འཇམ་པ། ཡང་བ། དྭངས་པ། གཙང་བ། མགྲིན་པར་མི་གནོད་པ། ལྟོ་བར་ཕན་པ་སྟེ། ཁྱོད་ནི་འཇིག་རྟེན་དྭངས་རྩེ་ཀུན་གྱི་ཡང་རྩེ་རེད། མྱུར་བ། མཛེས་པ། སྙན་པ། མཚར་བ། ལེགས་པ་སྟེ། ཁྱོད་ནི་འཇིག་རྟེན་སྙན་མོ་ཀུན་གྱི་ཉིང་བཅུད་རེད།

རེས་འཁོར་ནང་དུ་བྲིས།

རྒྱུས་མེད་ཀྱི་ངོ་གདོང་རེ་རེ་ནི

ཐ་སྙད་གང་གིས་ཀྱང་མཚོན་མི་ཐུབ་པའི་ལྐོག་གྱུར་གྱི་གསང་བ་ཞིག

རེས་འཁོར་ནི་འདྲོགས་རྒྱུ་མེད་པའི་རྟ་རྒན་ཞིག་དང་འདྲ་བར། མི་རྣམས་ཀྱི་དམིགས་འབེན་གྱི་ཕྱོགས་སུ་ཕྱིར་བལྟས་མེད་པར་རྒྱུག

ལམ་འགྲམ་གྱི་བྱ་དངོས་དག་ལ་གྱེས་བརྡ་ཞིག་ཀྱང་གཏོང་ཁོམ་མ་བྱུང་བར་མདུན་དུ་རྒྱུག

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།