ཀྲུང་གོ་བོད་ཀྱི་དྲ་བ།

ཇོ་མོ་གླང་མ། ཉི་མའི་སྲས་ཀྱི་ཐུ་བོ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལྷ་མོ་སྐྱིད་ཀྱིས་བསྒྱུར།

 

ཡུལ་གྱིས་བསྐལ་བས་ཆོད་པའི་མཚོ་ངོགས་ནས།

ང་ནི་ཁྱེད་ཀྱི་ཕྱོགས་ལ་གོམ་ཁ་བསྒྱུར།

ལྷད་མེད་ཀྱི་དད་ལྡན་པ་ཞིག་ནང་བཞིན།

ཡིད་ཆེས་རུམ་གང་ཁྱེར་ནས།

ང་ནི་ཁྱེད་ཀྱི་ཉེ་སར་བཅར།

 

ཇོ་མོ་གླང་མ།

མཚོ་ལས་འཁྲུངས་པའི་ལྷ་མོ།

ཁྱེད་ནི་ས་སྒང་འདིའི་ཆེས་མཐོ་སར་འགྲེང་བ་ནི།

སྙན་གྲགས་ཤིག་གི་ཆེད་དུ་མ་ཡིན་ཏེ།

ཉི་མ་དང་ཁ་ཐག་ཉེ་སར་འདུག་འདོད་པ་ཙམ་མོ། །

 

ཁ་མདོག་དབེན་པའི་བསྐྱར་ཟློས་ཀྱི་ལོ་ཟླ་གྲངས་མེད་ཅིག་གིས།

ཁྱེད་ལ་དུངས་པའི་བརྩེ་ཞེན་དེ།

གློད་མ་ཐུབ།

ཁེར་རྐྱང་དང་གྲང་རེག་ལ་འཐབ་པའི་སྟོན་དཔྱིད་གང་མང་ཞིག་གིས།

ཁྱེད་ལ་མོས་པའི་དགའ་བ་དེ།

མནན་མ་ཐུབ།

སེམས་ཁོང་གི་དད་མོས་དེའི་ཆེད་དུ།

སྨུག་སྤྲིན་གྱིས་བཏུམས་ཀྱང་།

གྲང་རེག་གིས་གདུང་ཡང་།

སྐྱེས་སྟོབས་ཀྱི་ངར་ཤུགས་ནི་ནམ་ཡང་ཉམས་མ་མྱོང་།

 

དཀར་བོ་དུང་ལ་འགྲན་པའི་དགུན་གཞུང་གི་ཁ་བས།

ཁྱེད་ཀྱི་མེ་དཔུང་དང་མཉམ་པའི་ངར་ཤུགས་དེ་གསོད་ཀྱང་སྲིད་མོད།

ཉི་མ་དང་ཁ་ཐག་ཆེས་ཉེ་ས་འདིར།

ཁྱེད་ཀྱིས་བཟོད་ཐབས་མེད་པའི་གྲང་རེག་ལ་གདོང་གཏད་དགོས།

 

ཇོ་མོ་གླང་མ།

ཁྱེད་ནི་རྡོ་རྗེ་ལྟ་བུའི་འགྱུར་མེད་ཀྱི་ཉི་མའི་རྗེས་འཇུག་པ་ཞིག

ཁྱེད་ཀྱིས་གདོད་མ་ནས་མཚན་དང་རྙེད་པའི་གྲགས་པ་ཞིག་ལ་དམིགས་ཀྱིན་མེད་དེ།

ཁྱེད་ཀྱི་དཔའ་བོ་ལྟ་བུའི་ཨུ་ཚུགས་ཀྱིས།

ཁྱེད་ལ་འགྲན་བྲལ་གྱི་གཟི་དཔལ་བསྩལ།

 

ལམ་ཁ་རིང་མོར་རྒྱ་ལྕང་གསེབ་ཞོར་དུ་ཡོང་བའི་བུ་མོ་དེ་ནང་བཞིན།

ཁོ་མོ་ནི་ཕོ་ཉམས་ཀྱིས་ཕྱུག་པའི་སྟག་ཤར་དེ་ལ་དགའ་བའི་བརྩེ་དུང་ཁོ་ནས།

ལང་ཚོ་དང་མི་ཚེ་མཐོ་སྒང་འདི་རུ་ཟད་དུ་བཅུག་པ་ཡིན་ཡང་སྲིད།

ཁོ་མོས་རྒྱང་རིང་ཞིག་ལ་བསམ་བློའང་བཏང་མེད་སྲིད།

འོན་ཏེ།

སྐབས་དང་སྐབས་རེར།

མི་རྣམས་ཀྱིས་ཁོ་མོ་པོ་ཏ་ལ་དང་ར་མོ་ཆེ་རུ།

ལྷ་རུ་བཀུར་ཡོད།

 

རི་བོ་སྟེ།

མཐོ་ཚད་ངེས་ཅན་ཞིག་ལས་བརྒལ་ཚེ།

དེ་ནི་རི་བོ་རྐྱང་རྐྱང་ཞིག་མ་ཡིན།

 

མི་སྟེ།

རྟོགས་པ་ངེས་ཅན་ཞིག་ལ་ཐོན་ཚེ།

དེ་ནི་མི་ཁོ་ན་ཞིག་ཀྱང་མ་ཡིན།

 

ཉི་མའི་ལག་ཟུང་གིས་ཁྱེད་ཀྱི་མགོ་བོར་བྱིལ་བྱིལ་བྱེད་དུས།

ཇོ་མོ་གླང་མ།

ཁྱེད་ནི་མགོ་སྤྲས་ཀྱིས་བརྒྱན་པའི་གནས་འགྲོ་བུ་མོ་དེ་ཡིན།

ཁྱེད་ཀྱི་ལྟ་བས་མི་མངོན་པའི་མཛེས་སྡུག་དེ་ཡིས།

ཚེ་སྲོག་གི་རང་མདངས་མངོན་བཞིན་མཆིས།

ཁྱེད་ཀྱི་མཛེས་པ་ཡིས།

ཕྱོགས་བཞིའི་མཁའ་དབུགས་ཀྱང་དྭངས་གཙང་དུ་བསྒྱུར།

ཁྱེད་ཀྱི་རང་མདངས་ཕོག་པའི་ས་གཞི་དེ་ལ།

ལྷ་ཡི་བྱིན་རླབས་དང་གཟི་བྱིན་མངའ་འདུག

 

རླུང་ཁར་ལྷབ་ལྷུབ་ཏུ་སྐྱོད་བཞིན་པའི་དར་ལྕོག་དེ་ཡིས།

ཅི་ཞིག་ལ་གསོལ་འདེབས་བྱེད་བཞིན་འདུག

 

ལམ་འགྲམ་གྱི་མ་ཎི་རྡོ་སྤུང་དེ་ཡིས།

ཅི་ཞིག་གི་ལྐོག་བརྡ་སྟོན་བཞིན་འདུག

 

ཉིན་ཞག་མཚམས་མེད་དུ་འཁོར་བཞིན་པའི་མ་ཎི་འཁོར་ལོ་དེ་ཡིས།

ཅི་ཞིག་ལ་སྨོན་ལམ་རྒྱག་བཞིན་འདུག

 

རང་ཉིད་ཀྱི་ལུས་པོ་ཚད་དུ་བཟུང་ནས།

ལེ་བར་ཁྲི་ཁྲག་གི་ལམ་དུ་རྒྱང་ཕྱག་འཕེན་བཞིན་པ་དེ་དག་ཀྱང་།

ཡང་སྙིང་གང་ཞིག་ལ་བསྐྱོད་དགོས།

 

དགུང་སྔོན་ནི་ཇི་འདྲའི་མཐོ་ཞིང་།

ཇི་འདྲའི་ཉེ་ཨང་།

 

ཇོ་མོ་གླང་མ།

ཁྱེད་ཀྱིས་སྐྱེས་འགྲོ་མཐའ་དག་གནས་གང་ཞིག་ཏུ་འཁྲིད་འདོད།

ཁྱེད་ཀྱི་མདུན་དུ།

རང་བྱུང་གི་ངེས་སྲོལ་ཡོད་ཚད།

ཇི་འདྲའི་སྟབས་བདེ་ཞིག་དང་།

དོན་དམ་ཞིག

ཡང་དག་ཅིག་རེད་ཨང་།

 

ཇོ་མོ་གླང་མ།

ཁྱེད་ཀྱིས་རང་ཉིད་ཀྱི་ངོ་མཚར་བསྐྲུན་པའི་མི་ཚད།

ཚེ་སྲོག་ལའང་བཀག་གནས་ཤིག་བཟོས་འདུག

ད་དུང་བློ་སྤོབས་ལྡན་པའི་མི་རིགས་ཤིག་ཀྱང་བསྐྱངས་ཏེ།

ཁོ་ཚོ་ནི་ཁྱེད་དང་འདྲ་བར་ཉི་མ་ལ་དགའ་ཞིང་།

ཁྱེད་དང་འདྲ་བར་བྱིས་བློའི་ཨུ་ཚིགས་ཀྱིས་ཁེངས།

ཁྱེད་དང་འདྲ་བར་ངོ་མཚར་དང་མཚར་སྡུག་གིས་ཀྱང་བཀླུབས་འདུག

མི་དང་རང་བྱུང་ཁོར་ཡུག་ནི།

ས་སྒང་འདིའི་སྒལ་གཞུང་།

འབག་བཙོག་དང་ཁ་ཐག་གྱེས་པའི་གནས་མཆོག་འདིར།

འཆམ་མཐུན་མཉམ་གནས་སུ་འཚོ་ཆོག

 

ཇོ་མོ་གླང་མ།

ཁྱེད་ལས་མངོན་པ་ནི།

མི་ཡུལ་འདིའི་ཆེས་མཐོ་བའི་སྙན་གྲགས་ཙམ་ག་ལ་ཡིན་ཏེ།

ཚེ་སྲོག་གི་མཐར་ཐུག་ཀྱི་རྟོགས་པ་ཞིག་ཅི་ལ་མིན།

 

ཁྱེད་དང་ཉེ་དུས།

བྱང་ཕྱོགས་ཤམ་བྷ་ལའང་རྒྱང་ཐག་མི་རིང་།

 

ལེ་བར་ཁྲི་ཁྲག་བརྒལ་ནས་ཁྱེད་ཕྱོགས་སུ་འཁོར་པའི་མི་བུ་ཚོགས་དང་།

ཁྱོད་ཀྱི་མཐོ་ཚད་ཀྱིས་རང་ཉིད་ཚད་གཞལ་བར་འདོད་པའི་སྐྱེ་བོ་དེ་དག

ག་ཚོད་ཅིག་གིས་ཐོག་མའི་སྤོབས་པ་དེའི་གོམས་ཁ་བསྒྱུར་ཏེ།

ལག་སྟོང་ངང་ཕྱིར་ལོག་གནང་ཡོད།

ཡང་མི་བུ་ག་ཚོད་ཅིག་ངེས་པ་དོན་གྱི་ཁྱེད་ཀྱི་རྩེ་མོ་རུ་འགོས་ཐུབ་ཡོད།

 

ཉི་འོད་ཀྱི་བྱབས་འཁྲུས་ལ་རོལ་བའི་ཇོ་མོ་གླང་མ།

འོད་ཟེར་ལམ་ལམ་འཕྲོ་བའི་གསེར་གྱི་མེ་ལོང་ཞིག་སྟེ།

ཁྱེད་ཀྱི་མདུན་དུ།

བརྟུལ་ཕོད་ཅན་དེ་ཇེ་མཛངས་དང་།

ཇག་ཚོགས་དེ་དག་ཕྱིར་བསྣུར།

སྡར་མ། ད་དུང་སྙིང་མེད་ཀྱི་ཚོགས་དེའི་རང་གཟུགས་ལྷང་ངེར་མངོན་ཡོང་།

བླ་སྲོག་གི་ཟབ་སར་སྦས་པའི་མི་མངོན་པའི་གནས་དེ་དག་ཀྱང་དམར་རྗེན་དུ་བཏོན།

 

ཇོ་མོ་གླང་མ།

ཁྱེད་ནི་བསྐལ་བ་ནས་བསྐལ་བའི་བར་ངའི་སེམས་ཁོང་དུ་ནམ་ཡང་འགོས་མི་ཐུབ་པའི་བླ་རི་དེ་ཡིན།

བཀུར་བསྟི་དང་དད་ཞེན་ལས།

ངས་ནི་འོས་འཚམ་གྱི་ཐ་སྙདཅིག་ཅི་ནས་ཀྱང་ཡིད་ལ་འཁོར་མ་བྱུང་།

 

ཁྱེད་ཀྱི་མདུན་དུ།

ང་ནི་ནམ་ཡང་ལམ་དུ་བགྲོད་པའི་དད་ལྡན་པ་ཞིག་བྱ་འདོད།

འོན་ཏེ།

དད་མོས་ལ་འཇིགས་པ་མེད་ཚེ།

མཐའ་མའི་གནས་དེ་ནི་ཅི་ཕྱིར་གལ་ཆེན་ཞིག་ཏུ་འཛིན་དགོས།

 


    《ཇོ་མོ་གླང་མ། ཉི་མའི་སྲས་ཀྱི་ཐུ་བོ》ཞེས་པ་འདི་ནི་དེང་རབས་རྒྱ་ནག་སྐྱེས་མའི་སྙན་ངག་པ་མཱེའུ་ཡེ (宓月)ཡིས་བྲིས་པའི་སྙན་རྩོམ་ཞིག་ཡིན་ལ། སྙན་རྩོམ་འདི་ལ་ཙུང་ལིས་བིན་ཅ་པོད(温家宝)གཙོ་བྱས་མི་བུ་གང་མང་ཞིག་གིས་བསྔགས་བརྗོད་ཀྱི་མེ་ཏོག་མང་དུ་གཏོར་འདུག ཁོ་མོའི་གསར་རྩོམ་ལ་ཐུན་མིན་གྱི་ཁྱད་ཆོས་ཤིག་འདུག་སྟེ། ཁྱོད་ཀྱིས་སྙན་རྩོམ་འདི་ཐོག་མར་ཀློག་དུས། དེ་ནི་སྐྱེས་མ་ཞིག་གིས་བྲིས་པའི་ཚོར་བ་འབྱུང་མི་སྲིད་དེ། དེ་ལ་སྤོབས་པའི་དཔངས་མཐོ་ཞིང་། སྟག་ཤར་གྱི་བརྗིད་ཉམས་ཀྱིས་ཁེངས་འདུག འོན་ཏེ། ཞིབ་ཏུ་ཡང་ཡང་གྱེར་ཚེ། སྙན་རྩོམ་འདི་རུ་ད་དུང་བབ་ཆགས་དང་ཞིབ་ཕྲའི་ཚོར་འདུ། བག་ལྷོད་པའི་ཉམས་ཤིག་ཀྱང་མགོ་སྔ་བར་གསུམ་དུ་ཁྱབ་ཡོད་དེ། སྨན་ཤར་གྱི་མཛེས་པ་ཞིག་ཀྱང་མངོན་པར་ཤར་ཡོད། གལ་ཏེ་ཁྱོད་ཀྱིས་སྙན་རྩོམ་འདི་ལ་ཐེངས་གཅིག་མཇལ་ཚེ། ཁྱོད་རང་ཡང་དེ་ལ་དགའ་བའི་ཀློག་པ་པོ་ཞིག་ཏུ་འགྱུར་ངེས།།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།