ཐ་མལ་བ་ནས་བདེན་ལུགས་སུ་ཕྱོགས་པའི་རྒྱ་སྟག་དམར་ཡག

དབང་ཕྱུག་ཚེ་བརྟན་གྱིས་བརྩམས།(ལན་ཀྲོའུ།)རྡེའུ་དཀར་ནག་གིས་བསྒྱུར།(པེ་ཅིང་།)

微信图片_20171124110017.jpg

རྩོམ་པ་པོ། དབང་ཕྱུག་ཚེ་བརྟན།

微信图片_20171124105625.jpg

བསྒྱུར་བ་བོ། འཇམ་དཔལ།


རྒྱ་སྟག་ཅིག སྙན་ངག་ཅིག་གི་ཚིག་འབྲུ་དེད་ནས་འདི་གར་སླེབས་སོང

ཁོ་མོས་མཛེས་སྡུག་གི་སློག་པ་གྱོན་ཞིང ཡིད་ཆེས་ཀྱི་གོམ་པ་སྤོ

ཁྲག་ཞེན་གྱི་ལྕེ་སྒྲོ་རྐྱོང་བཞིན སྲོག་ཉེན་གྱི་མཇུག་མ་གཡུག་གིན་འདུག


རྒྱ་སྟག་ཅིག   མི་རྣམས་ཀྱི་མཐོང་ལམ་བརྒལ་ཏེ

ངའི་ཡིད་ཀྱི་མཚོ་མོར་ཞུགས  དེའང་ཁྱོད་ཚོས་མཐོང་བ་དང་ཕལ་ཆེར་གཅིག་ཏུ་སྣང་སྟེ

ངའི་སེམས་པར་སྟག་གི་བག་ཆགས་དང་དྲན་པ་ཡོངས་སུ་འདུས་ལ

གཟིག་དང་སེང་གེ ཡིད་འོང་གི་གཏམ་རྒྱུད་ལ་བསྲེས་པའི

ཁོ་མོའི་རྒྱུས་མེད་ཀྱི་འཚོ་བའི་ལོག་འགྲེལ་ཀྱང་ཡོད

ངའི་སེམས་ཁོང་གི་རྒྱ་སྟག

དེ་ནི་ངའི་སྒེར་རྟགས་སྦྱར་བའི་སྲོག་ཆགས་ཤིག

དེ་ནི་འདུ་ཤེས་ཁྲོད་འཕྲོ་བའི་ཐ་མལ་བའི་སྟག་ཅིག


སེམས་ཀྱི་ཟབ་སར་བརྟན་པར་གནས་པའི་གཏུམ་དྲག་གི་གཅན་གཟན་ཞིག 

ཁོ་མོར་ཀུན་གྱིས་ཡིད་སྨོན་འཆོར་བའི་བག་ཡོད་ཞི་དུལ་ལྡན་ཏེ

འཚོ་ཚིས་ཀྱིས་ལོངས་དུས   ལུས་པོ་མཛེས་ཤིང་གོམ་སྟབས་ཡང་ལ

ཕྲུ་གུའི་ཚེ་སྲོག་སྲུང་བར   འཇིགས་ཉེན་གྱི་གདོང་དུ་ལངས་ཕོད་པས

ང་ཚོའི་བྱིས་དུས་ཀྱི་དྲན་ངོས་སུ ཁོ་མོའི་བརྩེ་བའི་སྣང་བརྙན་ནི་བྱི་ལ་ཆེན་པོ་ཞིག་དང་འདྲ


བྱི་ལ་འདི ང་ཚོའི་འཇིག་རྟེན་གྱི་མཐའ་འཁོབ་ཏུ་འཚོ་ཞིང་གཞེས

གདོད་མའི་ནགས་ཚལ ལུང་ཁུགས་ཀྱི་གྲོང་ཚོ ཡང་ན་སྲོག་ཆགས་གླིང རྟ་རྩེད་ཚོགས་པ

ཁོ་མོའི་ལྷན་སྐྱེས་ཀྱི་ངའོ་ཡི་ཁེངས་པར་ཡང  ལས་དབང་ལ་བསྟུན་པའི་འཇམ་མཉེན་མངའ

མི་གཞན་གྱིས་ལྟ་སྐོར་དང མེ་རྩེད་དུ་བཀོལ་ནའང   ད་དུང་གཅན་གཟན་གཡུང་མཁན་གྱིས་ཟས་ཁམ་གང་སྩོལ་བར་རེ་བ་ལས

ཁོ་མོའི་ཟློས་གར་ལྟ་བུའི་ལས་དབང་མཐོང་ཐུབ

སྟག་གིས་ལྟོགས་སྐོམ་དང་འཚོ་གནས་ལ་གཞིགས་ནས་གཞན་གྱི་ཚེ་སྲོག་ཁྱུར་མིད་གཏོང་ལ 

རྟ་རྩེད་ཚོགས་པའི་འགྲོ་ལུགས་བསྲུངས་ནས  ལས་དབང་གཞན་ལ་བསྟུན་པའང་ཡོད

སྟག   རི་ལ་འགོ་དུས མི་རྣམས་ལ་རེ་བ་དང་དབང་ཤུགས་སྩོལ་ངེས

སྟག  གཞོང་ལ་འབབ་དུས ཐང་རྒོད་དུ་ཁྱིའི་རིགས་དང་འཆམ་མཐུན་སྒོས་འཚོ་གནས་བྱ་ཐུབ

རྒྱ་སྟག་འདི མཚམས་ལ་ལར་སྟོབས་ཤུགས་དང་འཇིགས་ཉེན་ལྡན་པའི་རླུང་བུ་ཞིག

མཚམས་ལ་ལར་འཇིག་རྟེན་ལས་འདས་པའི་སྐྱེས་ཆེན་གྱི་བཅིབས་པ་ཡིན་ཏེ

ཁྱོད་ཀྱིས ཁོ་མོར་གཟིགས་ཆོག  ཕྱིར་དྲན་བྱ་ཆོག  ཞིབ་འཇུག་བྱ་ཆོག

ཁྱོད་ཀྱིས རང་ཉིད་ཀྱང་རྒྱ་སྟག་ཅིག་ཏུ་བསམ་ཚོད་བྱ་ཆོག

སྙིང་རུས་ཀྱིས་དབུལ་དུས སྟག་པགས་གྱོན་དང་ཁམས་གསུམ་དབང་དུ་བསྡུས་འདྲ

བྱམས་བརྩེ་ལ་སྨོན་སྒང སྟག་པགས་ཕུད་ནས་རིགས་དྲུག་མ་རུ་སྒོམ་ཆོག

ཁྱོད་ཀྱིས རང་ཉིད་ཀྱི་ཆེད་དུ་གཤོག་པ་བསྣམས་ཏེ ཕུགས་བསམ་དང་རེ་སྨོན་སྤུར་ཆོག

ཁྱོད་ཀྱིས གཅེས་ཕྲུག་ལ་བརྩེ་ཕྱིར་དྲག་ཤུལ་སྟག་མོ་ཞིག་གི་ངང་ཚུལ་བཟུང་ཡང་ཆོག

 
འདི་ནི་རྒྱ་སྟག་ཅིག་གི་རྐུབ་སྟེ  ངའི་སྨྱུག་ཁམས་ཀྱིས་རེག་ཐུབ་སོང

སྒལ་པར་བསྟུན་ནས དལ་ལྷོད་ལྷོད་ངང་ཁོ་མོའི་དབུགས་དང་སེམས་ཁམས་མྱངས

ཁོ་མོ་འདིར་སླེབས་པའི་ལས་འབྲས་དང

ཁོ་མོ་ནམ་ཞིག་གང་དུ་འགྲོ་བར་བློས་བསླང་བྱེད་ཆོག

རྒྱ་སྟག་ཅིག་གནས་པ་ན དོན་དངོས་སུ་ཕན་འབྲས་ག་ཚོད་གསོག་ཐུབ་བམ

རྒྱ་སྟག་ཅིག་སྐྱེས་པ་ན ཉམ་ཆུང་གི་སྲོག་ཆགས་ག་ཚོད་ལ་གནོད་པ་ཐེབས་སམ

རྒྱ་སྟག་འདི་ཡི་གེར་འགོད་དུས་ཡིག་འབྲུ་གཅིག

ཡིན་ནའང ཡིད་ངོས་སུ་པར་རིས་དང་ཐེ་ཚོམ་གྲངས་མེད་འཕྱོ

མི་རེ་རེས་ཁོ་མོར་ལྟ་དུས  སེམས་ཚོར་སྣ་ཚོགས་པ་ཞིག

དགའ་བ་དང་གཅེས་སྤྲས་ཡོད་ལ འཇིགས་སྐྲག་དང་སུན་སྣང་ཡང་ཡོད

ནམ་རྒྱུན་གྱི་འཚོ་བའི་གྲུ་ཟུར་ནས་ཁོ་མོ་གླེང་ངེས་ཏེ

ང་ཚོའི་ཐ་མལ་བའི་སེམས་ཁམས་དང་གླེང་གཞི་ལ་ཤུགས་རྐྱེན་གཏོང་ཆོག

དེ་ནི་བཞེད་སྟངས་ཤིག་དང ཡང་ན་རྒྱང་ཐག་རིང་བའི་གཏམ་རྒྱུད་ཅིག་ཀྱང་ཡིན་སྲིད

ཡིན་ནའང ཁོ་མོའི་ཟིལ་ཤུགས་ལྡན་པའི་སྐད་སྒྲས་སྟོང་གསུམ་སྐད་ཅིག་ལ་འགེངས

རྒྱ་སྟག་ཅིག  འཇིག་རྟེན་གཞན་ཞིག་ཏུ་འཚོ་ཞིང་གནས

ཚོར་མེད་ངང་ངའི་སྙན་ངག་གི་ཞིང་ཁམས་སུ་སླེབས་སོང་།

རབ་བེ་རིབ་བེའི་ངང་ངའི་བྱིས་དུས་དང་འཚར་ལོངས་ཀྱི་ལོ་ཟླར་འཁོར་ཡོང

ནམ་ཡང་རྒྱང་རིང་ས་ཞིག་ནས་ང་དང་རིམ་གྱིས་འཕྲད

ང་རང་ཁོ་མོར་བཀུར་ཞིང་སྐྲག  ནམ་རྒྱུན་སེམས་སུ་ཁོ་མོར་གསོལ་འདེབས་ཞུ

ཁོ་མོར་ད་དུང་མཚན་དང་ལས་དབང་གཞན་ཞིག་ཡོད་པ་ངས་ཤེས་ཡོད

གཟིགས་མོ་བ་ཕལ་བ་ཞིག་གིས ཁོ་མོའི་འགྲུལ་བཞུད་ཀྱི་ལམ་ཁ་བསྒྱུར་བར་དཀའ

དེ་ལས་ལེགས ཡང་ན་དེ་ལས་སྡུག

ཁོ་མོ་ནི་སྤྲིན་དཀར་མཐོངས་ནས་གཡོལ་བའི་གྲིབ་གཟུགས་ཤིག་ཡིན་ཡང་སྲིད

རླུང་བུ་ལྡང་བ་ན མེད་པར་འགྲོ་ངེས་ལ

གལ་ཏེ་ཁོ་མོ་མ་དྲན་པར་བྲིས་ཚེ ཁོ་མོ་དེ་རུ་གནས་ངེས

 
ངས་འདུ་ཤེས་ཀྱི་སྟག་ཅིག་བཟུང་ནས་ཁོ་མོའི་དོན་སྙིང་ལ་འཚོལ་ཞིབ་བྱེད་དུས

ཁོ་མོ་ང་ཡི་ཕྱོགས་སུ་བརྒྱུགས་ཡོང

ཁོ་མོས་སྡེར་མོ་བསླངས་ཏེ་ངའི་ཨུ་ཚུགས་དང་ཤེས་མེད་ལ་བློས་བསླངས་བྱེད

སེམས་སྡུག་དང་སྙིང་རྗེ་རུམ་གང་ཁྱེར་ནས་ཕྱིར་མིག་བལྟ་སྲིད

མཛེས་ཤིང་སྡུག་པའི་རྒྱ་སྟག་གི་རི་མོ་ཡོད་ཚད་མེད་བརླག་ཏུ་ཕྱིན་ཏེ

སྟོང་བའི་དབྱིངས་སུ་བཞུར


                           2017/06/28


རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།