ཀྲུང་གོའི་གནའ་བོའི་ཨང་ཀིའི་ཆ་སྦྱོར་བདམས་བསྒྱུར།
བསམ་གྲུབ་ཀྱིས་བསྒྱུར།
གཅིག འཇིམ་སྐུ་ལ་སྦྱར་བའི་ཟུར་ཟའི་ཆ་སྦྱོར།
གསུང་ནི་གཅིག་ཀྱང་འབྱོན་མི་ནུས། །
སྤྱན་གཉིས་པོ་ལ་འོད་མི་གསལ། །
བཞེས་གསུམ་ཁ་ལ་ཡེ་མི་གསོལ། །
ཕྱག་ཞབས་བཞི་ལ་ནུས་པ་མེད། །
འབྲུ་རིགས་སྣ་ལྔ་སྩོལ་རྒྱུ་མེད། །
གཉེན་ཉེ་དྲུག་ཙམ་ཁས་མི་ལེན། །
བུ་ག་བདུན་ནས་དབུགས་མི་ཐོན། །
བརྒྱད་བཀག་རྫིག་ཉམས་དཔག་ཏུ་མེད། །
བསྐལ་པ་དགུ་བརྒྱར་སྐུ་བཞུགས་ཀྱང་། །
སྙིང་པོ་བཅུ་ཆའི་གཅིག་ཙམ་མེད། །
གཉིས། ཆ་སྦྱོར་འདི་ནི་ཐང་སུང་མཁས་མཆོག་བརྒྱད་ཀྱི་ཡ་གྱལ་སུའུ་ཏོང་ཕའོ(苏东坡,1037-1101ཞུ་བ་ཐེངས་ཤིག་ལ་པེ་ཅིང་དུ་རྒྱུགས་ལེན་དུ་ཕྱིན་དུས་བརྩམས་པར་གྲགས།
1.
ཁེར་སྐྱོད་གྲུ་ཆུང་གཅིག་ལ། །
རྩོམ་མཁན་གཉིས་འདུག་གསུམ་འདུག །
ཁྱེམ་བཞི་གཡོར་ལྔ་བརྟེན་ནས། །
གྲམ་དྲུག་ཀྱོག་བདུན་བརྒྱུད་དེ། །
བརྒྱད་ཡོམ་དགུ་གསིག་བྱས་ཀྱང་། །
སླེབས་པ་འཕྱིས་འདི་ཅི(བཅུ)བྱ། །
2.
ལོ་བཅུའི་དགུན་འཁྱགས་དཀའ་བས་སྐྱེལ། །
འཆད་ཉན་གླིང་དགུ་གླིང་བརྒྱད་འགྲིམས། །
བསྟན་བཅོས་ལྔ་དང་གཞུང་བཞི་བཀླགས། །
སྣང་བདུན་འདོད་དྲུག་རིང་དུ་སྤངས། །
སྔར་ཡང་ཐེངས་གསུམ་རེབ་གཉིས་སྤྲད། །
དེ་རིང་ཡིན་གཅིག་འཕྲོད་ཐུབ་དགོས། །
གསུམ། ཆ་སྦྱོར་འདི་ནི་ཀྲུང་གོའི་ཧན་ནུབ་མའི་ཤེས་ཡོན་པ་དང་མཛངས་མ་སྐད་གྲགས་ཅན་ཀྲའོ་ཝུན་ཅུན(卓文君,175-121)གྱིས་ཁྱོ་གར་བསྐུར་བའི་འཕྲིན་ལན་དུ་བརྩམས་པར་གྲགས།
དང་པོ་སོ་སོར་བྲལ་ཉིན་ནས། །
ཡུལ་ལུང་གཉིས་ནས་ཕན་ཚུན་དྲན། །
ཟླ་ངོ་གསུམ་བཞིས་འཕྲད་ཟེར་མོད། །
ལོ་ནི་ལྔ་དང་དྲུག་ཀྱང་འདས། །
བདུན་སྐུད་པི་ཝང་དཀྲོལ་འདོད་མེད། །
བྲིས་པའི་ཡིག་བརྒྱད་སྤྲིངས་ཐབས་མེད། །
དགུ་བསྒྲིགས་ཨ་ལོང(རྩེད་ཆས་ཤིག)བར་ནས་ཆད། །
ལེ་དབར་བཅུ་ཡི་ལྡིང་ཁང་ནས། །
རེ་བའི་མིག་ཟུང་རྒྱང་ལ་གཏད། །
དྲན་ཚུལ་མ་འདྲི་ཐེངས་བརྒྱར་དྲན། །
གླེང་ནས་ཉི་མ་སྟོང་ཕྲག་སོང་། །
སྡུག་གཏམ་ཁྲི་དེ་ཁྱོ་གར་བརྗོད། །
རྒྱ་བོད་ལོ་ཙཱ་བ་བསམ་གྲུབ།