ཡུལ་དུས་ཀྱི་རང་དབང་།

ཉེ་ལམ་བདག་གིས་རྩོམ་ཡིག་ཅིག་མཐོང་བ་ལས་རྐང་གྲུག་ལུས་རྩལ་བྱུང་འཕེལ་ལ་སྒུལ་ཤུགས་གཙོ་བོ་གཉིས་ཐོན་ཡོད་དེ། གཅིག་ནི་ལྕགས་ལམ་དང་ཅིག་ཤོས་ནི་སྒྲོན་འོད་ཡིན། བལྟས་ཚོད་དུ་འབྲེལ་བ་ཆེར་ཡོད་པར་མི་སྣང་།

གལ་ཏེ་ལྕགས་ལམ་མེད་ན་ས་ཆ་གང་དུའང་ལྟད་མོ་བ་གྱ་ནོམ་པ་ཞིག་བསྡུ་མི་ཐུབ། ལྟད་མོ་བ་མང་དུ་མ་འདུས་ན་རྐང་གྲུག་གི་ཐོན་ལས་ཀྱང་འཕེལ་ཐབས་མེད།

འོད་གསལ་གྱི་སྒྲོན་འོད་ཡོད་ན་མཚན་མོར་འགྲན་སྡུར་སྤེལ་ཐུབ་པའི་གློག་འོད་འགྲན་ར་ཡོད། གལ་སྲིད་རྐང་གྲུག་འགྲན་སྡུར་ཉིན་དཀར་ཁོ་ན་མ་གཏོགས་འགྲན་མི་ཐུབ་ཚེ་ལས་ཚོགས་སུ་ཞུགས་མཁན་དག་གིས་འགྲན་སྡུར་ལ་བལྟ་མི་ཐུབ་པའམ་གཟའ་མཇུག་ཁོ་ནར་འགྲན་སྡུར་སྤེལ་རྒྱུར་ཐུག་ཡོད།

དེ་ལས་ཀྱང་གལ་འགངས་ཆེ་བ་ནི་གལ་སྲིད་གློག་འོད་འགྲན་ར་མེད་ན་བརྙན་འཕྲིན་ཁང་གིས་དགོང་དྲོའི་དུས་བཟང་དུ་བརྒྱུད་གཏོང་མི་ཐུབ་པས། རྐང་གྲུག་ཀྱང་ཀུན་གྱི་རོལ་རྩེད་རྣམ་གྲངས་གལ་ཆེན་དུ་མི་འགྱུར་བ་དང་གཞི་རྒྱ་ཆེ་བའི་བརྡ་ཁྱབ་བཟོས་ཏེ་ཡོང་འབབ་བསྡུ་མི་ཐུབ།

 དེ་ལས་མཐོང་ཐུབ་པ་ནི་ལྕགས་ལམ་གྱིས་ཡུལ་ལ་རང་དབང་བསྐྱེད་པ་དང་སྒྲོན་འོད་ཀྱིས་དུས་ལ་རང་དབང་སྤྲོད་ཐུབ། དོན་གྱིས་བྱ་དངོས་གསར་བ་ཡོད་དོ་ཅོག་འབྱུང་བར་ངེད་ཅག་གིས་རྒྱུ་རྐྱེན་འདི་གཉིས་ཀར་དེད་ཆོག

 སྔར་མེད་པའི་ཡུལ་དུས་ཀྱི་རང་དབང་ལྡན་ཚེ་ད་གཟོད་འདི་འདྲའི་བྱ་དངོས་གསར་བ་ཞིག་འབྱུང་བའི་གོ་སྐབས་ལྡན་ནོ། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།