ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ་དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་བྱ་བར་དབྱེ་ཞིབ་དང་ཞིབ་འཇུག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་བཞི་བའི་ཚེས་ཉེར་ལྔ་ཉིན་གྲོས་ཚོགས་བསྡུས་ཏེ། དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་བྱ་བར་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་དང་། ཀྲུང་དབྱང་སྲིད་ཁྲིམས་ལས་ཁུངས་ལ་སྐོར་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ་ལ་གྲོས་ཞབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཚོགས་ཐོག་ནས་བལྟས་ན། ད་ལོར་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་འོག ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་ཏང་ཀྲུང་དབྱང་གི་འཐབ་ཇུས་དང་བཀོད་སྒྲིག་ལྟར། རང་འགུལ་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བ་དང་མཐུན་པར་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་གཙོ་ཡིན་པ་རྒྱུན་འཁྱོངས་བྱས་ནས། སྒྲིག་གཞི་ལེགས་སྒྲིག་དང་སྒུལ་ནུས་གསར་རྙིང་སྤོར་སྒྱུར་བྱེད་པར་སྐུལ་འདེད་བཏང་སྟེ། ཉེན་ཁ་ནུས་ཡོད་སྒོས་སྔོན་འགོག་དང་ཚོད་འཛིན་བྱས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་བར་མ་ཟད། ཕྱོགས་སོ་སོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་རིམ་བཞིན་ངོས་འཛིན་ཟབ་མོ་དང་རང་རྟོགས་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་སྒྱུར་བ་དང་། དཔལ་འབྱོར་བརྟན་འཇགས་དང་བདེ་བླག་སྒོས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པར་དོན་སྙིང་གལ་ཆེན་ལྡན་པར་སྙམ།

ཚོགས་ཐོག་ནས་བསྟན་དོན། བྱས་རྗེས་ཁས་ལེན་གང་ལེགས་བྱས་པའི་དུས་མཉམ་དུ་ང་ཚོས་དེང་སྐབས་དཔལ་འབྱོར་འཕེལ་ཕྱོགས་བཟང་ལ་དུས་འཁོར་རང་བཞིན་ལྡན་པར་མཐོང་དགོས་པས། དཔལ་འབྱོར་སྒྲིག་གཞི་ལེགས་སྒྲིག་བྱེད་པར་ལས་འགན་ལྗིད་ལ་ལམ་ཐག་རིང་ཞིང་། འགྲན་རྩོད་སྣ་མང་གནས་ཡོད་པས། ངེས་པར་དུ་རྒྱུན་རྣམ་གསར་བར་བརྟེན་ནས་དཔལ་འབྱོར་གནས་བབ་ལ་བརྡར་ཤ་གཅོད་པ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་སྒྲིག་གཞིའི་འཐབ་ཇུས་རང་བཞིན་གྱི་ལེགས་སྒྲིག་ལ་བློ་བརྟན་འགྱུར་མེད་སྒོས་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་སྐོར་གྱི་འཐབ་ཇུས་དང་བཀོད་སྒྲིག་ལྟར། བརྟན་འཇགས་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་ཀྱི་རྒྱུ་སྤུས་དང་ཕན་འབྲས་མཐོར་འདེགས་སུ་གཏོང་རྒྱུ་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ནས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་ཧུར་ཐག་སྒོས་སྐུལ་འདེད་གཏོང་བ་དང་། བརྟན་འཇགས་སྒོས་ཐོན་ཚད་འཕར་སྣོན་བྱེད་པ་དང་། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། སྒྲིག་གཞི་ལེགས་སྒྲིག་བྱེད་པ། དམངས་ཚིས་ལ་ཕན་བདེ་སྐྲུན་པ། ཉེན་ཁ་སྔོན་འགོག་བྱེད་པ་བཅས་ཐད་ཀྱི་བྱ་བ་ཁྱོན་ཡོངས་ནས་བཟང་བོར་བསྒྲུབ་ཏེ། དཔལ་འབྱོར་འཁོར་རྒྱུག་ཁྲོད་ཀྱི་འགལ་བ་དང་གནད་དོན་གཙོ་བོ་དུས་ཐོག་སྒོས་ཐག་གཅོད་བྱས་ནས། དཔལ་འབྱོར་བརྟན་འཇགས་དང་བདེ་བླག་སྒོས་འཕེལ་རྒྱས་སུ་གཏོང་བར་ཁག་ཐེག་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་ཁག་ཐེག རྒྱུད་རིམ་རང་བཞིན་གྱི་དངུལ་ལོར་ཉེན་ཁ་མི་འབྱུང་བར་ཁག་ཐེག་བཅས་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐོར་ཞིབ་བྱ་བ་དེ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ། རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ་དང་། ཏང་ནང་གི་ལྟ་སྐུལ་དང་མང་ཚོགས་ཀྱི་ལྟ་སྐུལ་གཉིས་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། སྐོར་ཞིབ་ལམ་ལུགས་ལ་སྟོབས་ཤུགས་གསར་བ་བསྣན། ཀྲུང་དབྱང་སྲིད་ཁྲིམས་ལས་ཁུངས་ཀྱི་ཏང་རྩ་འཛུགས་ལ་སྐོར་ཞིབ་བྱས་ཏེ། སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་བཅས་ལ་སྐུལ་འདེད་བཏང་བར་མ་ཟད། ཆབ་སྲིད་ཁ་ཕྱོགས་ཀྱི་ནུས་པ་འདོན་སྤེལ་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྲིད་ཁྲིམས་བྱ་བ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། སྲིད་ཁྲིམས་ལས་ཁུངས་ནི་མི་དམངས་དམངས་གཙོ་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་སྲིད་དབང་ལས་ཁུངས་གལ་ཆེན་ཞིག་ཡིན། སྲིད་ཁྲིམས་དཔུང་སྡེ་ནི་ཁྲིམས་སྐྱོང་ཀྲུང་གོ་དང་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་སྟོབས་ཤུགས་གཙོ་བོ་ཡིན། སྲིད་ཁྲིམས་ལས་ཁུངས་དང་སྲིད་འཛིན་དཔུང་སྡེ་ཡིས་འདུ་ཤེས་བཞི་བརྟན་པོར་བཅངས་པ་དང་། བློ་མཐུན་ཞི་ཅིན་ཕིང་གཙོ་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོབ་བྱས་ནས། ལངས་ཕྱོགས་གསལ་བོའི་སྒོ་ནས་ཆབ་སྲིད་སྐྱོང་བ་དང་།ཏང་ལ་བློ་དཀར་བདང་རྒྱལ་ཁབ་ལ་བློ་དཀར་བ། མི་དམངས་ལ་བློ་དཀར་བ། ཁྲིམས་ལུགས་ལ་བློ་དཀར་བ་བཅས་ཀྱི་ཆབ་སྲིད་ངོ་བོ་དུས་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས། སྲིད་ཁྲིམས་ལས་ཁུངས་ཀྱི་ཏང་འཛུགས་བྱ་བར་གཙིགས་འཛིན་བྱས་ནས། བསམ་བློའི་ཆབ་སྲིད་བྱ་བ་གོ་གནས་གལ་ཆེན་དུ་བཞག་སྟེ། ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་བྱེད་པ་དང་། མགོ་ཁྲོད་ཚན་ཁག་འདེམ་བསྐོ་བཟང་བོ་བྱེད་པ། དཔུང་སྡེ་ལ་དོ་དམ་ནན་མོ་བྱས་ནས། ཆབ་སྲིད་དང་བྱེད་སྒོ། འགན་འཁྲི། སྒྲིག་ཁྲིམས། ཀུན་སྤྱོད་བཅས་བཟང་བའི་སྲིད་ཁྲིམས་ལས་བྱེད་པའི་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་དགོས་ཟེར།

ཚོགས་ཐོག་ནས་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།