ཁྲང་ཝན་ཆོན་གྱིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས་ཞིན་ཅང་གི་སྤྱི་ཚོགས་བརྟན་འཇགས་དང་ཡུན་སྐྱོང་བདེ་འགོད་ཡོང་བར་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོབ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལུགས་རྙིང་ལོ་སར་གྱི་སྔོན་ཏག་ཏག་ལ། རྒྱལ་སྲིད་ཨུ་ཡོན་ཞོར་དུ་རྒྱལ་སྲུང་པུའུ་ཀྲང་གི་འགན་ཁུར་མཁན་ཁྲང་ཝན་ཆོན་གྱིས་ཞིན་ཅང་གི་མཐའ་སྲུང་བྱ་བར་རྟོག་ཞིབ་བྱས། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཞིན་ཅང་བཅོས་སྐྱོང་བྱ་བའི་སྐོར་གྱི་བྱེད་ཕྱོགས་འཐབ་ཇུས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། ཁྱོན་ཡོངས་བཞིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ལས་འགན་ཁག་ཁུར་བྱེད་ཕོད་པ། མཐའ་སྲུང་བྱ་བར་ཤུགས་སྣོན་པ་བཅས་བྱས་ནས། ཞིན་ཅང་གི་སྤྱི་ཚོགས་བརྟན་འཇགས་དང་ཡུན་སྐྱོང་བདེ་འགོད་ཡོང་བར་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོབ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཁྲང་ཝན་ཆོན་གྱིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཞིན་ཅང་གི་བྱ་བར་ཧ་ཅང་མཐོང་ཆེན་བྱས་པར་མ་ཟད། འཐབ་ཇུས་དང་ཁྱོན་ཡོངས་ཀྱི་ཕྱོགས་ནས་ཞིན་ཅང་གི་སྤྱི་ཚོགས་བརྟན་འཇགས་དང་ཡུན་སྐྱོང་བདེ་འགོད་ཡོང་བར་སྲུང་སྐྱོབ་བྱེད་པའི་སྤྱིའི་དམིགས་འབེན་གཏན་འཁེལ་བྱས། མཐའ་སྲུང་འཛུགས་སྐྲུན་དང་མཐའ་མཚམས་ལ་དོ་དམ་ཚོད་འཛིན་བྱེད་པར་ཤུགས་སྣོན་པ་ནི་དམིགས་འབེན་དེ་མངོན་འགྱུར་བྱེད་པའི་བྱ་བ་གཙོ་བོ་ཡིན། ཏང་ཀྲུང་དབྱང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཐབ་ཇུས་དམིགས་ཡུལ་ལ་གོ་བ་ཟབ་མོ་བླངས་ཏེ། བསམ་བློའི་ངོས་འཛིན་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ཐད་གནས་པའི་རྙོག་འཛིང་དང་ཛ་དྲག་ཆེ་བའི་གནས་བབ་ལ་ངོས་འཛིན་གང་ལེགས་བྱས་ནས། རང་རྟོགས་སྒོས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། མཐའ་སྲུང་དང་བརྟན་འཇགས་བྱ་བའི་དགོས་གཏུག་བསམ་པ་དང་འགན་འཁྲིའི་བསམ་པ་དངོས་སུ་ཇེ་དྲག་ཏུ་གཏོང་དགོས་པར་མ་ཟད། རྩ་ལག་མཉམ་བཅོས་དང་རྨང་གཞི་ཇེ་བརྟན་དུ་གཏོང་བ། བརྟན་འཇགས་བྱ་བ་བཟང་བོར་སྒྲུབ་པ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་རྨང་གཞི་བཟང་བོར་བཏིང་སྟེ་ཡུན་རིང་ལ་ཁེ་ཕན་སྐྲུན་པའི་བྱ་བ་དམ་འཛིན་བྱས་ཏེ། ཞིན་ཅང་བཅོས་སྐྱོང་དང་ཞིན་ཅང་བརྟན་འཇགས་ཡོང་བར་བྱེད་པའི་བྱ་བའི་དངོས་པོའི་རྨང་གཞི་དང་བསམ་བློའི་རྨང་གཞི། མང་ཚོགས་རྨང་གཞི་བཅས་ཇེ་བརྟན་དུ་གཏོང་དགོས་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།