ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ལ་ཁ་པར་བཏང་།

ཐི་ལང་ཕུའུ་ཡིས་ཞི་ཅིན་ཕིང་དང་ཀྲུང་གོ་མི་དམངས་ལ་ལོ་སར་གྱི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས། ཐི་ལང་ཕུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་ཧ་ཅང་གལ་ཆེ་བས་འཛམ་གླིང་ཡོངས་ཀྱིས་ཡིད་འཇོག་ཆེན་པོ་བྱེད་ཀྱིན་ཡོད། བདག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་འབྲེལ་བ་དམ་པོ་ལྡན་པར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། རྒྱལ་ཁབ་གཉིས་ཀྱི་བྱ་བའི་ཚོགས་པས་ཧུར་ཐག་སྒོས་བདག་དང་ཀྲུའུ་ཞི་ཅིན་ཕིང་གཉིས་ཀྱིས་ཨ་ཀེན་ཐིན་ནས་ཐུག་འཕྲད་བྱས་ཏེ་བཏོན་པའི་ཐུན་མོང་གི་ལྟ་ཚུལ་གལ་ཆེན་དངོས་འབེབས་བྱེད་བཞིན་ཡོད་པར་ཧ་ཅང་དགའ་སྤྲོ་སྐྱེས་ཡོད། འབྲེལ་ཡོད་གྲོས་མོལ་ཕྱོགས་ནས་གྲུབ་འབྲས་བཟང་བོ་ཐོབ་ཀྱིན་ཡོད་ལ་ང་ཚོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ལ་ཕན་པའི་གྲུབ་འབྲས་ཐོབ་པར་རེ་སྒུག་བྱས་ཡོད་ཟེར།

ཞི་ཅིན་ཕིང་གིས་ཐི་ལང་ཕུའུ་དང་ཨ་མེ་རི་ཁའི་མི་དམངས་ལ་ལོ་སར་གྱི་སྨོན་འདུན་ཞུས། ཞི་ཅིན་ཕིང་གིས་གསུངས་རྒྱུར། བདག་དང་ཙུང་ཐུང་གཉིས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་བར་གཟེངས་བསྟོད་བྱེད་ཀྱིན་ཡོད། དེང་སྐབས་ང་ཚོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་དུས་སྐབས་གལ་ཆེན་དུ་གནས་ཡོད། ཟླ་འདིའི་ཟླ་སྟོད་ལ་བདག་དང་ཙུང་ཐུང་གཉིས་ཀྱིས་ཨ་ཀེན་ཐིན་ནས་ཐུག་འཕྲད་བྱས་ཏེ་ཐུན་མོང་གི་ལྟ་ཚུལ་གང་མང་བཏོན། ཉེ་ལམ་རྒྱལ་ཁབ་གཉིས་ཀྱི་བྱ་བའི་ཚོགས་པས་ཧུར་ཐག་སྒོས་བྱ་བ་སྣ་ཚོགས་དངོས་འབེབས་བྱེད་ཀྱིན་ཡོད་ལ། ཕྱོགས་གཉིས་ཀྱི་ཚོགས་པས་ཕན་ཚུན་ལ་འབྲེལ་འདྲིས་དམ་པོ་བྱེད་པ་དང་ནན་ཏན་སྒོས་བྱ་བ་སྒྲུབ་ནས། སྔ་མོ་ནས་གཉིས་ཕན་མཉམ་རྒྱལ་དང་འཛམ་གླིང་ཡོངས་ལ་ཕན་པའི་གྲོས་མཐུན་འགོད་པར་བརྩོན་ལེན་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། སང་ལོ་ནི་ཀྲུང་གོ་དང་ཨ་མེ་རི་ཁའི་བར་འབྲེལ་བ་བཙུགས་ནས་ལོ་བཞི་བཅུ་ལོན་པའི་ལོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་ཨ་མེ་རི་ཁ་ཕྱོགས་ཀྱིས་མཉམ་ལས་དང་འཛུགས་སྐྲུན་རང་བཞིན་གྱི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་འདོད་པར་གཟེངས་བསྟོད་བྱེད་པར་མ་ཟད། ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་ལོ་བཞི་བཅུའི་རིང་གི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་ཀྱི་ཉམས་མྱོང་སྤྱི་སྡོམ་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་དང་ཁྲིམས་སྐྱོང་། དུག་འགོག  ས་གནས་དང་མི་གཞུང་སོགས་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་ཞིང་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ནས་འབྲེལ་འདྲིས་དང་མཐུན་སྦྱོར་དམ་པོ་བྱེད་པ་དང་། མཐུན་སྦྱོར་དང་མཉམ་ལས། བརྟན་འཇགས་བཅས་དགོངས་གཞི་ཡིན་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།