འོས་འགན་སློབ་གསོའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ།

—— སློབ་གསོ་པུས་མང་ཚོགས་ཀྱིས་དོ་ཁུར་ཆེ་བའི་གནད་དོན་ལ་ལན་བརྒྱབ་པ།    

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སློབ་གསོ་སློབ་ཁྲིད་ཀྱི་སྒྱུར་བཅོས་ཟབ་ཏུ་བཏང་ནས་འོས་འགན་སློབ་གསོའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་རེད། ཟླ7ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ཐད་གསར་འགོད་པའི་དྲི་བར་ལན་བརྒྱབ་པ་རེད།

ངལ་རྩོལ་སློབ་གསོའི་ཞན་ཆ་གསབ་པ།

《བསམ་འཆར》ནང་བཏོན་དོན། བཟང་པོ་ལྔ་ལྡན་གྱི་སློབ་མ་གསོ་སྐྱོང་མཐའ་འཁྱོངས་བྱས་ཏེ་བྱང་ཚད་སློབ་གསོ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་དགོས། ངལ་རྩོལ་སློབ་གསོ་མི་འདང་བའི་ཆ་རྣམས་ཇི་ལྟར་གསབ་དགོས་སམ།

“ང་ཚོས་ངེས་པར་དུ་ངལ་རྩོལ་སློབ་གསོ་ནི་དེང་སྐབས་སློབ་གསོའི་ཁོངས་གཏོགས་ཀྱི་ཞན་ཆ་ཡིན་པ་མ་ཟད། ཞན་ཆ་ཆེ་ཤོས་ཀྱང་ཡིན་པ་ཤེས་པར་བྱས་ནས། ཤུགས་སྣོན་རྒྱག་དགོས”ཅེས་སློབ་གསོ་པུའི་པུའུ་ཀྲང་གཞོན་པ་ཀྲེང་ཧྥུའུ་ཀྲིས་བཤད་པ་དང་། ཁོང་གིས་ཞན་ཆ་འདི་གསབ་པར་བྱེད་ཐབས་ཞིབ་ཕྲ་ཁག་བཞི་ཡོད་པ་སྟེ། གཅིག་ནས་ཕྱོགས་ཡོངས་ནས་གསོ་སྐྱོང་བྱེད་པའི་སློབ་གསོའི་མ་ལག་ནང་ངལ་རྩོལ་སློབ་གསོ་བཅུག་སྟེ་ངལ་རྩོལ་སློབ་གསོའི་གནས་བབ་མཐོ་རུ་གཏོང་དགོས། གཉིས་ནས་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ངལ་རྩོལ་སློབ་གསོར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་བཟོས་ཏེ། རྩེ་རིམ་ཁོངས་གཏོགས་ལ་ཇུས་འགོད་བྱེད་དགོས་པ་མ་ཟད། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ངལ་རྩོལ་སློབ་གསོའི་རྩ་གནད་བཟོས་ཏེ་ནང་དོན་དང་ལག་བསྟར་གྱི་བླང་བྱ་ཞིབ་ཕྲ་གསལ་པོ་བཟོ་དགོས། གསུམ་ནས་ངལ་རྩོལ་སློབ་གསོ་གཏོང་སྟངས་གསར་གཏོད་བྱས་ནས་དུས་རབས་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་འཚམ་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་སློབ་གསོའི་ཐོན་ཁུངས་ཀྱི་ཁྱད་ཆོས་དང་ལོ་ན་མི་འདྲ་བའི་སློབ་མའི་ཁྱད་ཆོས་ལ་དམིགས་དགོས་ལ། ཁྱིམ་ལས་དང་། སློབ་གྲྭའི་ངལ་རྩོལ། སྤྱི་ཚོགས་ཀྱི་ངལ་རྩོལ་བཅས་ལ་སྤྱི་འདོམས་ཡག་པོ་བྱས་ནས་སྤེལ་སྟངས་ལ་གཅིག་དཔེ་བརྒྱ་འགེབས་བྱེད་མི་རུང་། བཞི་ནས་ཆ་རྐྱེན་ལ་འགན་ལེན་ཤུགས་ཆེན་བྱས་ནས་གྲོང་གསེབ་ཁུལ་དུ་དེ་མཚུངས་ཀྱི་ཞིང་ས་དང་། ནགས་རི། རྩྭ་ར་བཅས་སུ་ཞིང་ལས་ཉམས་ལེན་གྱི་ལག་ལེན་རྟེན་གཞི་བཀོད་སྒྲིག་བྱེད་དགོས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དུའང་སློབ་མ་ཞིང་ལས་ཐོན་སྐྱེད་དང་། བཟོ་ལས་ཉམས་ལེན། ཚོང་ལས་དང་ཞབས་ཞུའི་ལས་རིགས་ཀྱི་ལག་ལེན་བྱེད་སྒོར་ཞུགས་པའི་འགན་ལེན་བྱེད་དགོས།

སློབ་མའི་སློབ་སྦྱོང་གི་ཁུར་པོ་ཡང་དུ་གཏོང་བ།

ཁུར་པོ་ཡང་དུ་གཏོང་བ་ནི་སྤྱི་ཚོགས་ལས་རིགས་ཁག་གིས་དོ་ཁུར་བྱེད་པའི་བརྗོད་གཞི་ཞིག་རེད། འོན་ཀྱང་ཁྱིམ་བདག་ཁག་གཅིག་གིས་ཁུར་པོ་ག་ཚོད་ཀྱིས་ཡང་དུ་བཏང་རུང་དེ་རྩིས་ཀྱི་ལྕི་རུ་འགྲོ་བ་དང་སློབ་གསེང་གི་གསོ་སྦྱོང་འཛིན་གྲྭ་གཉེར་མཁན་ཡང་མང་པོ་འདུག་ཅེས་བསམ་འཆར་འདོན་གྱི་ཡོད། ད་ཐེངས《བསམ་འཆར》ནང་སླར་ཡང་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གླེང་ཡོད་པས། དེ་སྔོན་དང་མི་འདྲ་བའི་ཆ་གང་ཡོད་དམ།

“སློབ་མའི་སློབ་ཚན་གྱི་ཁུར་པོ་ཡང་དུ་གཏོང་བར་ཐུན་མོང་གི་ངོས་འཛིན་གཉིས་ཡོད་པ་སྟེ། གཅིག་ནི་སློབ་མས་སློབ་སྦྱོང་བྱེད་པར་ཁུར་པོ་ངེས་ཅན་ཞིག་ཡོད་ངེས་རེད། དེ་ནི་གཞི་རྩའི་སློབ་གསོའི་སློབ་ཁྲིད་ཀྱི་ཆུ་ཚད་དང་གཞི་རྩའི་སློབ་གསོའི་སྤུས་ཚད་འགན་ལེན་བྱ་ཆེད་རེད། གཉིས་ནི་ཁུར་པོ་ལྕི་དྲགས་རྒྱུ་མེད། ཕྲུ་གུའི་ཐེག་ཚད་ལས་བརྒལ་རྒྱུ་མེད་ལ། ཕྲུ་གུའི་ལུས་སེམས་བདེ་ཐང་ལ་མི་གནོད་པ་བྱེད་དགོས། ལྕི་དྲགས་པའི་སློབ་ཚན་གྱི་ཁུར་པོ་ངེས་པར་དུ་འཕྲི་དགོས། དེ་ནི་དགོས་ངེས་ཤིག་རེད”ཅེས་ཀྲེང་ཧྥུའུ་ཀྲིས་བཤད།

དགེ་རྒན་གྱི་སློབ་གསོའི་ཆད་གཅོད་བསླབ་འདོམས་དབང་ཆར་དབྱེ་ཞིབ་བྱེད་པ།

《བསམ་འཆར》ནང་། དགེ་རྒན་གྱི་སློབ་གསོའི་ཆད་གཅོད་བསླབ་འདོམས་དབང་ཆའི་སྐོར་གྱི་གནད་དོན་ཐོག་མར་བཏོན་ཡོད། གནད་དོན་འདི་དམིགས་བསལ་དུ་འདོན་དོན་གང་ཡིན། དགེ་རྒན་གྱི་ཆད་གཅོད་བསླབ་འདོམས་དབང་ཆའི་ལམ་སྲོལ་ཞིབ་ཕྲ་གཏན་འཁེལ་ཇི་འདྲ་བྱེད་དགོས་སམ།

གནད་དོན་འདིའི་ཐད་སློབ་གསོ་པུའི་རྨང་གཞིའི་སློབ་གསོ་སིའི་སི་ཀྲང་ལུའེ་ཡུས་ཀང་གིས་ངོ་སྤྲོད་བྱས་དོན། དགེ་རྒན་གྱི་སློབ་གསོའི་ཆད་གཅོད་བསླབ་འདོམས་དབང་ཆའི་གནད་དོན་སྐོར་ལ་གཅིག་ནས་རྩ་དོན་གསལ་པོ་བཟོ་དགོས་ཤིང་། སློབ་གསོའི་ཆད་གཅོད་བསླབ་འདོམས་ཀྱི་དམིགས་ཡུལ་གཙོ་བོ་སློབ་གསོར་ཐུག་པ་དང་། སློབ་མར་གཅེས་སྐྱོང་དང་སྲུང་སྐྱོང་ལ་གཞི་ཚུགས་ནས་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་བའི་བསམ་བློའི་འཁྱེར་སོ་དང་བསྟུན་ནས་སློབ་གསོའི་ཆད་གཅོད་བསླབ་འདོམས་བྱེད་དགོས། གཉིས་ནས་ལག་བསྟར་ཞིབ་སྲོལ་ཞིབ་ཕྲ་ཞིབ་འཇུག་དང་གཏན་འབེབས་བྱས་ནས་དགེ་རྒན་གྱི་སློབ་གསོའི་ཆད་གཅོད་བསླབ་འདོམས་དབང་ཆ་ལག་ལེན་བསྟར་བའི་ཁྱབ་ཁོངས་དང་། ཚད་གཞི། རྣམ་པ་བཅས་གཏན་འཁེལ་གསལ་པོ་བྱས་ནས། སློབ་གསོའི་ཆད་གཅོད་བསླབ་འདོམས་དབང་ཆ་ཚད་ལྡན་ལག་ལེན་བསྟར་དགོས། གསུམ་ནས《དགེ་རྒན་གྱི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གང་མགྱོགས་བཟོ་བཅོས་བརྒྱབ་ནས་བཅའ་ཁྲིམས་ཀྱི་གཏན་འབེབས་ལ་བརྟེན་ནས་དགེ་རྒན་གྱི་སློབ་གསོའི་ཆད་གཅོད་བསླབ་འདོམས་ཀྱི་དབང་ཆ་སྔར་བས་ཁ་གསལ་དུ་བཏང་སྟེ། དགེ་རྒན་གྱིས་དོ་དམ་བྱེད་ཕོད་པ་དང་དོ་དམ་བྱེད་མཁས་པ། དགེ་རྒན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་མི་ཕོག་པ། དགེ་རྒན་ལ་གུས་བཀུར་དང་དགེ་རྒན་གྱི་ལ་རྒྱ་སྲུང་དགོས།

“ཁྱིམ་བདག་གི་སྦྱོང་ཚན”གྱི་སྣང་ཚུལ་མཐའ་གཅིག་ཏུ་སེལ་བ།

སློབ་མའི་སྦྱོང་ཚན“ཁྱིམ་བདག་གི་སྦྱོང་ཚན”དུ་མི་འགྱུར་བ་བྱ་ཆེད། 《བསམ་འཆར》ནང་གི་གནད་དོན་འདིར་དྲ་ཐོག་ཏུ་དོ་ཁུར་བྱེད་མཁན་མང་པོ་ཡོད། དེར་བརྟེན་སློབ་གསོའི་སྡེ་ཚན་ལ་དོན་འཁྱོལ་བྱེད་ཐབས་གང་འདྲ་ཡོད་དམ།

“ཁྱིམ་བདག་ལ་སྦྱོང་ཚན་བཀོད་སྒྲིག་བྱེད་པའི་གནད་དོན་ངེས་པར་དུ་བཅོས་སྐྱོང་བྱེད་དགོས” ཀྲེང་ཧྥུའུ་ཀྲིས་གཅིག་ནས་སློབ་མར་ཁྱིམ་སྦྱོང་སྐུར་བའི་དམིགས་ཡུལ་འགྲུབ་ཐབས་བྱེད་དགོས་ཤིང་། སློབ་མར་སྦྱོང་ཚན་སྐུར་དོན་ནི་བསྐྱར་སྦྱོང་བྱས་ནས་གོ་བ་གསར་པ་ལོན་ཆེད་རེད། གཉིས་ནས་སྟོན་ཕྱོགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ཤིང་། ངེས་པར་དུ་ཆུང་དུས་ནས་རང་གི་ལས་ཀ་རང་གིས་སྒྲུབ་དགོས་པའི་གོམས་གཤིས་འཇགས་པར་བྱེད་དགོས་ཞེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།