ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོའི་སྨན་པའི་དུས་ཆེན་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོའི་ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན་ནི་ཀྲུང་གོའི་སྨན་པའི་དུས་ཆེན་ཐེངས་གཉིས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་དེར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས། སྨན་པ་ནི་བྱམས་བརྩེའི་བདག་ཉིད་ཡིན་པ་ཇི་བཞིན་དུ། རྒྱ་ཆེའི་སྨན་བཅོས་མི་སྣ་ནི་མི་དམངས་ཀྱི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱེད་མཁན་ཡིན་ཞིང་། ཁྱད་དུ་འཕགས་པའི་ལག་རྩལ་དང་སྤུས་ཀ་ལེགས་པའི་ཞབས་ཞུ་ལ་བརྟེན་ནས་མི་དམངས་བདེ་ཐང་གི་ཆེད་དུ་བདེ་སྐྱིད་བསྐྲུན་ནས། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གལ་ཆེན་འཇོག་བཞིན་ཡོད། ཀྲུང་གོའི་སྨན་པའི་དུས་ཆེན་སླེབས་པའི་སྐབས་འདིར། རྒྱལ་ཡོངས་ཀྱི་སྨན་བཅོས་ལས་དོན་པ་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་དང་ལྷག་བསམ་རྣམ་དག་གིས་སྨོན་འདུན་ཞུས་པ་ཡིན། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ཏེ། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་གྱི་བཅོས་སྒྱུར་ཧུར་ཐག་གིས་སྤེལ་བ་དང་། རྒྱ་ཆེའི་སྨན་བཅོས་ལས་དོན་པ་རྣམས་ལ་གཙོ་ཤུགས་བཟང་པོ་འདོན་དུ་འཇུག་པ། སྨན་བཅོས་ལས་དོན་པར་སྔར་ལས་སེམས་ཁུར་གཅེས་སྐྱོང་བྱེད་པ། སྐྱེད་སྲིང་བཀོལ་སྤྱོད་དང་གླ་ཕོགས་རྟིང་སྐུལ་སོགས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྔོན་ཐོན་དཔེ་ལེགས་དྲིལ་སྒྲོག་རྒྱ་ཆེར་བྱེད་པ། སྨན་པ་དང་ནད་པའི་བར་དུ་འཆམ་མཐུན་གྱི་འབྲེལ་བ་འཛུགས་པ། སྤྱི་ཚོགས་ཡོངས་ཀྱིས་སྨན་པར་བརྩི་བཀུར་མཐོང་ཆེན་བྱེད་པར་ཁྲིད་སྟོན་བཅས་བྱེད་དགོས། རྒྱ་ཆེའི་སྨན་བཅོས་ལས་དོན་པས་ཚེ་སྲོག་ལ་གུས་བཀུར་དང་སྲོག་སྐྱོབ་རྨས་གསོ། བློས་གཏོང་ཕོད་པ། བྱམས་བརྩེ་ཆེན་པོ་བཅས་ཀྱི་སྙིང་སྟོབས་སྔར་ལས་དར་སྤེལ་བྱས་ཏེ། སྨན་བཅོས་ཀྱི་ཀུན་སྤྱོད་དང་ལག་རྩལ་གོང་འཕེལ་དུ་བཏང་སྟེ། སྐྲན་ནད་སོགས་ནད་རིགས་ལྕི་མོའི་དཀའ་གནད་ཧུར་ཐག་གིས་སེལ་བ་དང་། ཞབས་ཞུའི་སྤུས་ཀ་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ནས། བདེ་ཐང་ཀྲུང་གོའི་འགུལ་སྐྱོད་སྤེལ་བ་དང་། མི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་དང་འགན་སྲུང་སྔར་ལས་བཟང་པོ་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་ཟེར།

ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོའི་སྨན་པའི་དུས་ཆེན་གྱི་སྔོན་ཐོན་དཔེ་ལེགས་སྙན་ཞུའི་ཚོགས་འདུ་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་སྙན་ཞུའི་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་གནང་། ཁོ་མོས་རྒྱལ་ཡོངས་ཀྱི་སྨན་བཅོས་མི་སྣར་དུས་ཆེན་གྱི་འཚམས་འདྲི་ཞུས་པར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲོད་བསྟེན་བདེ་ཐང་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ཟབ་མོ་བྱེད་པ་དང་། ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། མི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱེད་མཁན་དང་། བདེ་ཐང་ཀྲུང་གོ་ལ་སྐུལ་འདེད་གཏོང་མཁན། སྨན་པའི་བྱམས་སེམས་ལག་ལེན་བྱེད་མཁན་བཅས་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་བླངས་ནས། མི་དམངས་མང་ཚོགས་ཀྱི་བདེ་ཐང་གི་བདེ་སྐྱིད་བསྟུད་མར་མཐོར་འདེགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།